December 2019

མགུར་དབྱངས།
སྤྱན་གཟིགས་དངོས་བྱོན་མ་ཎི་བླ་མ་པདྨ་སིདྡྷི་འམ་མགོ་ལོག་བླ་མ་པདྨ་སིདྡྷིའི་དུང་བདུན་མར་གྲགས་པའི་མ་ཎི་མགུར་སྟངས་འདི་ཉིད། རྫ་གང་ཤར་བླ་མ་བརྒྱུད་ནས་སྨྱོ་ཤུལ་ཀུན་མཁྱེན་ངག་དབང་དཔལ་བཟང་གི་དངོས་སློབ། ར་ལི་བླ་མ་ཨོ་རྒྱན་རིག་འཛིན་ལ་གནང་། དེས་སྤྲུ་ཐུབ་བཟང་ལ་ཞལ་ནས་སྙན་དུ་བརྒྱུད་ནས་མ་ཎི་བླ་མའི་གསུང་སྲོལ་ཇི་བཞིན་པར་གནང་བ་དེ་ཉིད་སྤྲུལ་ཁོང་གིས་གསུངས་པར་མཛད་པ་འདི་ཉིད(མགུར)[འགྱུར་།དང་ཕན་ཡོན་ཤིན་ཏུ་ཆེ་བ་ཞིག་ཡིན་པར་གསུང་རྒྱུན་འདུག ་མགུར་སྟངས་འདི་ཉིད་འདི་ནས་སློབ་འདོད་ཡོད་པ་ཀུན་ལ་འབུལ། དགེའོ ༢༠༡༩་༥་༥་ལ་རིབོང་ཁེར་ལྡོམ་ནས་འཕུལ།

༄༅། ། འཕགས་མཆོག་མ་ཎི་བླ་མའི་ངོ་སྤྲོད་མདོར་བསྡུས།།
ངུར་སྨྲིག་རྒྱལ་མཚན་འཆང་བ་འགྲོ་བའི་མགོན་པོ་མ་ཎི་བླ་མ་པདྨ་སིདྡྷི་ཞེས་མཚན་ཐོས་ཙམ་གྱིས་ངན་སོང་གི་རྒུད་པ་སེལ་བ་གང་ནི་པད་མའི་རྒྱལ་ཚབ་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་བཅུ་གསུམ་གྱིས་འཕགས་མཆོག་ཕྱག་ན་པད་མོའི་རྣམ་རོལ་ཏུ་རྒྱ་ཆེར་ལུང་གིས་བསྟན་ཅིང་ཞལ་མཇལ་གསུང་ཐོས་བྱུང་ཚད་བདེ་ལྡན་པད་མོ་བཀོད་པའི་ཞིང་དུ་འདྲེན་པར་བསྔགས་པ་ལྟར་ཡབ་ཨ་དབེས་རབ་བརྟན་དང་། ཡུམ་བཟའ་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་ཚེས་ས་ཡོས་སྤྱི་ལོ་༡༨༧༩ལོར་ངོ་མཚར་བའི་ལྟས་སྣ་ཚོགས་དང་བཅས་ཏེ་མགོ་ལོག་སྨར་ཁོག་ཏུ་སྐུ་འཁྲུངས། གསུང་ཐོག་མར་འབྱོན་ཚེ། འདི་སྐད་དུ། ཕ་ནི་ཀླུ་པོའི་རབ་བརྟན་ཡིན། ། མ་ནི་མ་བཟའ་གཡུ་སྒྲོན་ཡིན། ། ང་ནི་པདྨ་སིདྡྷི་ཡིན། ། ཨོཾ་མ་ཎི་པདྨེ་ཧཱུྃ༔ཞེས་ལན་དུ་མར་གསུངས་པ་ཀུན་གྱིས་ཐོས། སྐུ་ན་ཤིན་ཏུ་ཆུང་ངུའི་དུས་ནས་ཐེག་ཆེན་གྱི་རིགས་སད་དེ་གཞན་ཕན་གྱི་སྤྱོད་པ་ཁོ་ན་མཛད། དགུང་ལོ་བཅུ་གཉིས་པར་སྐྱབས་མགོན་གླིང་སྤྲུལ་པདྨ་ལུང་རྟོགས་རྒྱ་མཚོའི་ཞལ་ལ་བཏུད་དེ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་། མདོ་སྔགས་ཀྱི་གཞུང་དང་དབང་ལུང་མན་ངག་མང་པོ་གསན། གྱི་ལུང་བྲག་ཤར་དགོན་གྱི་བླ་མ་གྲགས་ལྡན་ལས་ཆོས་བཀའ་དུ་མ་གསན། རྫོགས་ཆེན་དགོན་དུ་ཕེབས་ནས་སྙིང་ཐིག་གོང་འོག་གི་ཆོས་བཀའ་རྣམས་ཚང་བར་གསན། དགུང་གྲངས་ཉི་ཤུ་བར་སྐྱབས་མགོན་གླིང་སྤྲུལ་པདྨ་ལུང་རྟོགས་རྒྱ་མཚོ་ལས་བསྙེན་པར་རྫོགས་ཤིང་མཚན་ལ་ཐུབ་བསྟན་ཞི་བའི་བློ་གྲོས་སུ་གསོལ། གྱི་ལུང་བྲག་ཤར་དགོན་གྱི་དགོན་བདག་གི་ཐུགས་འགན་བཞེས། ཀེ་ལི་ཆུང་ཞེས་པའི་མཚམས་ཁང་དུ་ལོ་དུ་མར་སྐུ་མཚམས་སུ་བཞུགས། གཅིག་ཆོག་སྐྱབས་ཀྱི་རྒྱལ་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྒོམ་སྒྲུབ་ལ་བརྟེན་ནས་གསུང་མཆོག་རིག་སྔགས་ཀྱི་རྒྱལ་པོ་ཡི་གེ་དྲུག་མའི་བཟླས་པ་ཐུགས་དམ་དུ་མཛད་ཅིང་དགུང་གྲངས་ང་ལྔའི་བར་མ་ཎི་དུང་ཕྱིར་བཅུ་ཞལ་ནས་ཐོན། འཕགས་པའི་དགྱེས་ཞལ་ལན་བཞིར་མཇལ་ཞིང་གསུང་གི་དབུགས་དབྱུང་ཐོབ། དེའི་ཕྱིར་རང་གཞན་ཀུན་ལ་དགེ་བསྐུལ་དང་གཏན་གྱི་འདུན་མ་ཡི་དམ་ཐུགས་རྗེ་ཆེན་པོ་ལས་ལྷག་པའི་འདྲེན་པའི་དེད་དཔོན་མ་མཆིས་པར་དགོངས་ཏེ་སྐུ་ཚེ་དེར་ལྷ་མཆོག་དེ་ཉིད་ཀྱི་ལྷ་སྔགས་ཏིང་འཛིན་ཁོ་ནས་འགྲོ་དོན་མཛད་དེ་གདུལ་བྱ་འཛམ་གླིང་གི་སུམ་ཆ་དང་འགྲོ་བ་དུང་ཕྱིར་བདུན་ཐར་ལམ་དུ་དྲངས་ཏེ་དགུང་གྲངས་དོན་བརྒྱད་པ་སྤྱི་ལོ༡༩༥༦ལོར་གཟུགས་སྐུ་རགས་པའི་བཀོད་པ་བསྡུས་ཏེ་ཐུགས་དགོངས་ཞི་བ་ཆེན་པོའི་དབྱིངས་སུ་བདེ་བར་གཤེགས་སོ།། རྗེ་བཙུན་བླ་མ་དམ་པ་གང་གི་གསུང་ཆོས་དག་ལས་སྤྱན་རས་གཟིགས་ཀྱི་མ་ཎིའི་བསྐུལ་ཆོག་འཕགས་པའི་ཞལ་གཟིགས་མ་ཞེས་བྱ་བ་མདོ་སྨད་ཀྱི་བྱིས་པ་ལོ་བརྒྱད་ཡན་གྱི་སྐྱ་སེར་ཀུན་གྱི་ངག་འདོན་དུ་གྲགས་ན་ཡང་ད་ལྟ་རྒྱུན་ཉམས་པས་ཤེས་མཁན་ཉུང་བ་དང་། སྔར་དུས་སུ་ཁོང་གི་གསུང་རྒྱུན་འཁྲུལ་མེད་ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་གཅོད་ནུས་པའི་བྱིན་རླབས་ཀྱི་ཚན་ཁ་མངའ་བའི་མ་ཎིའི་པད་དབྱངས་ཀྱི་ཆོས་སྒྲ་ཆུ་བོའི་རྒྱུན་བཞིན་རྒྱུན་ཆད་པ་མེད་ཀྱང་དེང་སང་དགུན་དུས་ཀྱི་ཁུ་བྱུག་གི་སྐད་ལྟར་སོང་བ་ནི་སེམས་ཤིན་ཏུ་ཕངས་པའི་གནས་སོ། ། དེས་ན་སྐབས་འདིར་བསྟན་འགྲོ་ལ་གཅིག་ཏུ་ཕན་པའི་ལྷག་བསམ་ཅན་ཡན་བླ་མ་མཆོག་གིས་ཡོན་སྦྱར་གསུང་བསྐུལ་གནང་བ་ལ་བརྟེན་ནས་མ་ཎི་པད་དབྱངས་སྒྲ་བརྙན་འོད་འཁོར་དུ་བསྐྲུན་པའི་མཚམས་སྦྱོར་ཙམ་དུ་རྗེས་སུ་ཡི་རང་བཅས་ཐུབ་ནོར་ནས་༢༠༠༧་༢་༢༤ཉིན་བྲིས་པས་འབྲེལ་ཐོག་སེམས་ཅན་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་རེག་པར་གྱུར་ཅིག། ༎