November 2019

དྲིལ་འཇམ་དྲིལ་བུ་མཚན་ཉིད་པ་ཡིན་མིན་ལ་དཔྱད་པ་རྒྱུད་ལུང་སྤྲིན་དཀར་འཁྱིལ་བའི་སྡིངས་ཆ།

དད་གསུམ་མེ་ཏོག་དཀར་པོའི་བ་གམ་རྩེར། །
བྱིན་རླབས་བདུད་རྩི་དཀར་པོའི་ཟེགས་མ་འབུམ། །
གནོངས་ཤོག་བརྒྱུད་གསུམ་བླ་མའི་ཚོགས་དག་ཀྱེ། །
མི་ཟད་ལུང་རིགས་ཚིག་གི་དགེ་ལེགས་སྩོལ། །

ཅི་ལྟར་བསམ་ན་རང་རེའི་ཡུལ་ཁམས་ལ་མོད་པའི་དྲིལ་འཇམ་མམ་རྒྱ་འོ་མའི་དུང་མཚོ་ཞེས་གྲགས་པ་དེ་ཁུངས་མེད་མ་དག་རྒྱུན་འབྱམས་སུ་ལུས་པ་ཞིག་ཏུ་སེམས། སྤྱིར་རྡོར་དྲིལ་ནི་གསང་བ་སྔགས་ཀྱི་ཐུན་མིན་གྱི་ཕྱག་མཚན་ཞིག་ཡིན་ལ། དེའི་ཕྱིར་རྡོར་དྲིལ་གྱི་རྒྱུ་དང་། ཚད། དབྱིབས། དབྱེ་བ། མཚོན་དོན། འཆང་ལུགས་རྣམས་ནི་རྡོར་དྲིལ་བཤད་བྱར་བྱས་པའི་གསང་བ་སྔགས་ཀྱི་རྒྱུད་སྡེ་རྣམས་དང་དེ་དག་གི་དགོངས་འགྲེལ་དག་ལ་ཁུངས་གཏུགས་དགོས་ པ་སྨོས་ཅི་དགོས། དེས་ན་དེ་དག་ནས་བཤད་པའི་དྲིལ་བུའི་དབྱེ་བ་དག་ཐོག་མར་ངེས་དགོས་ལ། ཞི་རྒྱས་དབང་དྲག་སོགས་དབྱེ་གཞི་ཐ་དད་པ་འགའ་རེ་གཞན་དུ་གསུངས་ཀྱང་། འདིར་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་དྲིལ་བུ་དང་། དཔའ་བོའི་དྲིལ་བུ་དང་། རིགས་སོ་སོའི་དྲིལ་བུ་སྟེ་དབྱེ་གཞི་གསུམ་གྱིས་དྲིལ་བུ་ཐམས་ཅད་བསྡུས་པར་ངེས་ཏེ། གྲུབ་བརྒྱའི་གཙུག་རྒྱན་རིག་འཛིན་འཇིགས་མེད་གླིང་པས་མཛད་པའི་དགོངས་འདུས་རྣམ་བཤད་ལས། དྲིལ་བུའི་རིགས་ལ་རྣམ་པ་གསུམ་སྟེ་ཞེས་གོང་གི་དབྱེ་བ་གསུམ་ལས་དྲིལ་འཇམ་དེ་དྲིལ་བུ་མཚན་ཉིད་པ་ཡིན་ན་དབྱེ་བ་གསུམ་དུ་མི་འདུ་བས་ལོགས་སུ་དབྱེ་གཞིར་བཤད་དགོས་པ་ལ་མ་བཤད་པས་དྲིལ་བུ་མཚན་ཉིད་པ་མ་ཡིན་སྙམ་པའི་དོགས་པ་འདི་བྱུང་བ་ཡིན་ནོ།། གཞན་དུ་དྲིལ་འཇམ་ནི་རྡོ་རྗེ་སེམས་དཔའི་ཡེ་ཤེས་དང་དཔའ་བོ་དང་དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨ་དང་ལས་ཀྱི་རིགས་རེ་རེའི་དྲིལ་བུ་མ་ཡིན་པ་རིགས་དེ་དག་གི་དྲིལ་བུའི་ངོ་བོ་བཤད་པའི་ལུང་དག་མཇལ་བའི་སྐབས་སུ་ཤེས་སླ། དྲིལ་བུ་མཚན་ཉིད་པ་རྣམས་ལ་དྲིལ་ཁོག་དང་དྲིལ་རྩེ་དག་ལ་མཚོན་བྱ་མཚོན་བྱེད་ཀྱི་རི་མོ་རྣམ་པ་སྣ་ཚོགས་ཡོད་དགོས་པ་དྲིལ་བུའི་མཚོན་དོན་བཤད་པའི་རྒྱུད་སྡེ་རྣམས་སུ་གསལ།
དེས་ན་ཤེས་རབ་སྟོང་པ་ཉིད་མཚོན་པའི་དྲིལ་བུའི་རྒྱུ་དབྱིབས་དྲིལ་ངོས་ཀྱི་རི་མོ་ལ་སོགས་པ་བཤད་པའི་བཀའ་གཏེར་དག་ལས་ད་ལྟ་རང་རེ་ཕལ་མོ་ཆེས་སྤྱད་པའི་དྲིལ་འཇམ་འདི་ལྟ་བུ་བཤད་པ་ད་སྔོན་མཇལ་མ་མྱོང་། ཕྱིའི་སུ་འང་མཇལ་རྒྱུ་མེད་པ་འདྲ། མཇལ་མྱོང་བའི་དྲིལ་བཤད་དག་ལས་དྲིལ་བུ་ལ་པད་འདབ་བརྒྱད་ལ་ལྷ་མོ་བརྒྱད་ཀྱི་ས་བོན་དང་དྲྭ་བ་དྲྭ་ཕྱེད་ལ་རིགས་སོ་སོའི་ཕྱག་མཚན་སོགས་དང་ཡང་ན་རྡོ་རྗེའི་ཕྲེང་བ་དང་མུ་ཏིག་གི་ཕྲེང་བ་ལྟ་བུའི་རི་མོ་སོགས་ཡོད་པའི་རི་མོ་ཅན་གྱི་དྲིལ་བུ་དག་ལས་དྲིལ་འཇམ་འདི་ལྟ་བུ་བཤད་པ་མེད། ད་ནི་མཐོང་དཀའ་བའི་རྒྱུད་དང་རྒྱུད་འགྲེལ་དག་གི་རྡོ་རྗེའི་ཚིག་གིས་དྲིལ་བུ་རི་མོ་ཅན་དུ་བསྔགས་ཤིང་དྲིིལ་འཇམ་མ་བསྟན་པའི་ལུང་གི་ཕྲེང་བ་གཞུང་བཟང་རྣམས་སུ་དྲངས་པ་དག་འདིར་གཟིགས་པ་པོ་དག་གིས་ཀློག་བདེའི་ཆེད་དུ་དཀྱུས་གཅིག་ལ་དགོད་པར་སྤྲོ།
༼༡ དང་པོ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་དྲིལ་བུའི་ངོ་བོ་གསུང་པ་དག་གིས་དྲིལ་འཇམ་དེ་མ་ཡིན་པར་བསྟན་པ་ནི། རྒྱུད་སམ་བུ་ཊ་ལས། ཡི་གེ་བརྒྱད་ཀྱི་ས་བོན་ནི། །ཕྱོགས་ནི་བརྒྱད་དུ་རྣམ་པར་བཀོད། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །བྱང་དུ་ཡང་ནི་གོས་དཀར་མོ། ནུབ་དུ་མཱ་མ་ཀཱི་ཞེས་བྱ། །ལྷོ་རུ་སངས་རྒྱས་སྤྱན་མ་ཉིད། །ཅེས་དང་མཚམས་བཞིར་རྒྱུད་སམ་བུ་ཊ་ལས། གསེར་དང་སྦྲང་རྩི་གཟི་བརྗིད་མ། ། རྡོ་རྗེ་ཕྲེང་བ་བཞི་པའོ། ། ཞེས་དང་། པདྨ་མཁའ་འགྲོའི་རྒྱུད་ལས། རྡོ་རྗེའི་སྐ་རགས་ཕྲེང་གཉིས་བྱ། །ཤེལ་སྒོང་དྲི་མ་མེད་པ་ལྟར། །དྲྭ་བ་དྲྭ་བ་ཕྱེད་པས་བརྒྱན། །ཆ་གསུམ་མཚན་ཉིད་ལྡན་པ་ལ། །རྡོ་རྗེ་ལ་སོགས་མཚན་མས་བརྒྱན། །ཞེས་དང་། འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་མཛད་པའི་རྡོར་དྲིལ་བཤད་པ་རྒྱུད་ལུང་དཔང་བཞག་ལས། །རྡོ་རྗེ་འཕྲེད་ཉལ་ཕྲེང་བ་དང་། །དེ་འོག་དྲྭ་བ་བརྒྱད་ནང་དུ། །ཕྱོགས་བཞིར་ཤར་ནས་རིམ་བཞིན་དུ། །འཁོར་ལོ་རིན་ཆེན་པདྨ་གྲི། །མཚམས་བཞིར་ཤར་ལྷོ་ནས་བརྩམས་ཏེ། །སྤྱན་དང་རྡོ་རྗེ་པདྨ་དང་། །ཨུཏྤལ་དང་བཅས་གཡས་སྐོར་བྱ། །ཞེས་དང་། དགོངས་འདུས་རྣམ་བཤད་ལས། དྲྭ་བ་བརྒྱད་ཀྱི་ནང་དུ་ཤར་དུ་འཁོར་ལོ། །ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲི། ཤར་ལྷོར་སྤྱན། སྲིན་པོར་རྡོ་རྗེ། རླུང་ལྷར་པདྨ། དབང་ལྡན་དུ་ཨུཏྤལ་སྟེ་མཚན་མ་བརྒྱད་དང་། ཞེས་དང་། ས་བོན་བརྒྱད་འགོད་ཚུལ་ཡང་དེ་ཉིད་ལས། ཤར་ནས་རིམ་པར་སྒྲོལ་མའི་ཏཱཾ། གོས་དཀར་མོའི་པཱཾ། མཱ་ཀའི་མཱཾ། སྤྱན་མའི་ལཱཾ་སྟེ་ཕྱོགས་བཞི་དང་། མཚམས་བཞི་ནི་ནོར་རྒྱུན་མའི་བཾ། ཙུན་དཱའི་ཙཱཾ། ཁྲོ་གཉེར་ཅན་གྱི་བྷྲཱིཾ། ཕྲེང་བ་མའི་མཱཾ་སྟེ། ཞེས་དང་། རིག་འཛིན་འཇའ་ཚོན་སྙིང་པོས་མཛད་པའི་རྣལ་འབྱོར་རོལ་བའི་དགའ་སྟོན་ལས། མུ་ཏིག་གི་ཕྲེང་བ་ལྟ་བུའི་སྐ་རགས་གཉིས་ཀྱི་བར་དུ་རྡོ་རྗེའི་ཕྲེང་བ་དང་། དེའི་འོག་ཏུ་ཙི་པར་བརྒྱད་ཀྱི་ཁ་ནས་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་ཀྱི་ནང་དུ། ཤར་དུ་འཁོར་ལོ། ལྷོ་རུ་རིན་པོ་ཆེ་སོགས་དགོངས་འདུས་རྣམ་བཤད་ལས་གསུངས་པ་ལྟར་གསུངས་པས་དྲིལ་འཇམ་དེ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་དྲིལ་བུ་མ་ཡིན་པ་དམན་བུ་བདག་གིས་ཀྱང་རྟོགས་སླ་ན་གཞན་དག་རྒྱུད་སྡེ་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་མཁྱེན་པ་སྨོས་ཅི་འཚལ།
༼༢ གཉིས་པ་དཔའ་བོའི་དྲིལ་བུ་ཞེས་རྨོངས་པ་དག་གིས་དྲིལ་འཇམ་ལ་ནོར་སོ་ཅན་དེའི་ངོ་བོ་ལུང་གིས་ཇི་ལྟར་བསྟན་ཚུལ་དག་གིས་དྲིལ་འཇམ་དེ་མ་ཡིན་པར་སྟོན་པ་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དེ་ནས་དཔའ་བོའི་དྲིལ་བུ་སྟེ། །རྡོ་རྗེ་ཕྲེང་བའི་སྐ་རགས་ལྡན། །དེ་བཞིན་དུ་ནི་ཤེས་རབ་དང་། བདུད་རྩི་ཡི་ནི་བུམ་པར་ལྡན། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། དྲྭ་བ་དྲྭ་ཕྱེད་སྤང་བར་བྱ། སོར་དགུ་རུ་ནི་དཔངས་ལ་སྟེ། །ཞེས་དང་། དགོངས་འདུས་རྣམ་བཤད་ལས། གཉིས་པ་དཔའ་བོའི་དྲིལ་བུ་ནི། ལྷ་མོ་བརྒྱད་ཀྱི་ས་བོན་པདྨ་ལ་སོགས་པ་དང་། དྲྭ་བ་དྲྭ་ཕྱེད་སྤངས་པའི་གཞན་སྔ་མ་ཇི་བཞིན་ལ། རྡོ་རྗེ་སྐ་རགས་ཙམ་དང་ལྡན་པ་ལ་བྱ་སྟེ་ཞེས་དང་། རྒྱུད་ལུང་དཔང་བཞག་ལས། གོང་དུ་དྲངས་བའི་ལུང་ཉིད་ལས། །དེ་ནས་དཔའ་བོའི་དྲིལ་བུ་སྟེ། །རྡོ་རྗེ་ཕྲེང་བའི་སྐ་རགས་ལྡན། །དེ་བཞིན་དུ་ནི་ཤེས་རབ་དང་། །བདུད་རྩི་ཡི་ནི་བུམ་པར་ལྡན། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། ། དྲྭ་བ་དྲྭ་ཕྱེད་སྤང་བར་བྱ། ། སོར་དགུ་རུ་ནི་དཔངས་ལ་སྟེ། །ཁ་ནི་སོར་ལྔའི་ཚད་དུ་བྱ། །དེ་ལས་ཅུང་ཟད་ལྷག་བྱ་མིན། །རྩེ་ལྔ་པའམ་རྩེ་དགུ་པ། །གསུངས་པ་འཇམ་དྲིལ་མིན་པའི་དོན། རྡོར་ཕྲེང་སྐ་རགས་སོགས་ཀྱིས་ཤེས། །ཞེས་དང་། སྔགས་ཆས་ཀྱི་རྣམ་བཤད་ལས། དེས་ན་དཔའ་བོའི་དྲིལ་བུ་ནི་རྡོར་ཕྲེང་དང་མུ་ཏིག་གི་སྐ་རགས་རྣམས་ཡོད་པས་དྲིལ་འཇམ་ཁོ་ན་མིན་པར་ཤེས་པས་འཇིགས་མེད་འཕྲིན་ལས་འོད་ཟེར་གྱི་གསུང་པ་དོན་ལ་གནས་སྙམ། ཞེས་སོགས་གསུངས། ཁོ་བོས་ཁུངས་ལྡན་ཡིད་རྟོན་ཐུབ་པའི་གཞུང་འདི་དག་མཇལ་བས་དྲིལ་འཇམ་མམ་རྒྱ་འོ་མའི་དུང་མཚོ་ཞེས་མིང་སྙན་མོ་ཅན། ལག་པར་འཛིན་བདེ་བའི་གསང་སྔགས་གྲོང་ཆོག་མཁན་གྱི་སྙིང་གི་ནོར་བུ་ལྟ་བུ་དེ་རྒྱུད་ནས་བཤད་པའི་དཔའ་བོའི་དྲིལ་བུར་འཛིན་པའི་ལོག་རྟོག་ངན་པ་བྱེ་མའི་ཁང་བུ་བཞིན་དུས་གཅིག་ལ་བསྙིལ་བར་བྱས།
༼༣ གསུམ་པ་ལ་རིགས་ལྔ་ཀའི་དྲིལ་བུ་ཡོད་པའི་སོ་སོའི་དྲིལ་བུའི་ངོ་བོ་དག་ལུང་གིས་ཇི་ལྟར་བསྟན་ཡོད་པ་དག་ཅུང་ཙམ་ཞུ་བར་འདོད། དེ་བཞིན་གཤེགས་པའི་རིགས་ཀྱི་དྲིལ་བུའི་ངོ་བོ་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ད་ནི་དེ་བཞིན་གཤེགས་པ་ཡི། དྲིལ་བུའི་མཚན་ཉིད་བཤད་པར་བྱ། །འཁར་བ་ལས་བྱུང་སྒྲ་སྙན་བྱེད། །ཁོག་སྟོང་དང་ནི་བུམ་པར་ལྡན། །རྡོ་རྗེ་རིན་ཆེན་པདྨ་དང་། རལ་གྲི་ལ་སོགས་མཚན་མ་ཅན། །དྲྭ་བ་དྲྭ་བ་ཕྱེད་པས་སྤྲས། །ཆུ་སྲིན་ལས་ནི་བྱུང་བ་ཡི། །ཡེ་ཤེས་ལྔ་ཡི་རྣམ་དག་པས། རྩེ་མོ་ལྔ་དང་བཅས་པ་སྟེ། །སྐ་རགས་གཉིས་གཉིས་དབུས་སུ་ནི། །འཁོར་ལོའི་ཕྲེང་བ་གཉིས་དང་ལྡན། །ཞེས་དང་། རྡོ་རྗེའི་རིགས་ཀྱི་དྲིལ་བུ་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། རྡོ་རྗེའི་རིགས་ལ་བ་གླང་གདོང་། །སྐ་རགས་རྡོ་རྗེའི་ཕྲེང་བས་བསྐོར། །བུམ་པའི་སྟེང་དུ་གནས་པ་ཡི། །ཁ་ཁྱེར་ཅུང་ཟད་གྲུ་བཞིར་བྱ། །ཞེས་དང་། རིན་ཆེན་རིགས་ཀྱི་དྲིལ་བུ་ཡང་དེ་ཉིད་ལས། རིན་པོ་ཆེ་ལ་རིན་པོ་ཆེ། །དེ་བཞིན་སྐ་རགས་ལྡན་པར་བྱ། །ཞེས་དང་པདྨའི་རིགས་ཀྱི་དྲིལ་བུ་ཡང་དེ་ཉིད་ལས། །པདྨ་ལ་ནི་པད་ཕྲེང་གཉིས། ཞེས་དང་། ལས་ཀྱི་རིགས་ཀྱི་དྲིལ་བུ་ནི་དེ་ཉིད་ལས། དོན་ཡོད་གྲུབ་པ་ཞེས་བྱ་བ། །སྐ་རགས་གཉིས་དབུས་རལ་གྲིས་བརྒྱན། ཞེས་སོགས་གསུངས་པས་རིགས་ལྔ་ཀའི་དྲིལ་བུ་དག་ནི་ས་བོན་བཀོད་པའི་པད་འདབ་འོག་གི་སྟོད་འདབ་གྱི་ཕྲེང་བའི་སྐ་རགས་གཉིས་ཀྱི་བར་དག་ལ། རིགས་རང་རང་གི་ཕྱག་མཚན་གྱི་ཕྲེང་བས་ལེགས་པར་བརྒྱན་པ་མངོན། དེས་ན་རིགས་དེ་རྣམས་ཀྱི་དྲིལ་བུ་ནི་དྲིལ་འཇམ་ལྟ་བུའི་དྲིལ་ཁོག་གི་སྟོད་སྨད་གཉིས་ལ་ཟོམ་དཀྲིས་འདྲ་བའི་འབུར་རིས་རྐྱང་པ་གཉིས་ཀྱི་རི་མོ་ལས་རི་མོ་གཞན་མེད་པ་ཞིག་ག་ལ་ལགས། ཞར་བྱུང་རྡོ་རྗེ་དང་དྲིལ་ལྕེའི་རྣམ་བཞག་ལུང་ལས་བྱུང་བ་དག་ཞུས་ན། དང་པོ་རྡོ་རྗེ་ནི། ཌཱཀྐི་ས་མུ་དྲ་ལས། རྩེ་དགུ་རྩེ་མོ་གཅིག་པ་དང་། །རྩེ་ལྔ་རྩེ་མོ་གསུམ་པ་ཅན། །དེ་ལྟར་ལ་སོགས་དྲིལ་བུ་ཆེ། །རྩེ་མོ་སྟོང་གི་བར་དུའོ། །ཞེས་དང་། མགོན་པོ་ནག་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། རྡོ་རྗེ་རྩེ་གཅིག་པ་དང་ནི། །རྩེ་གསུམ་ཉི་ཤུ་རྩ་ལྔའི་བར། ཞེས་དང་། རྟ་མཆོག་རོལ་བ་ལས། རྡོ་རྗེ་རྩེ་དགུ་རྩེ་ལྔ་གདེངས་པ་དང་། །རྩེ་གསུམ་རྩེ་གཅིག་འབར་བ་གསོར་ཞིང་རྡེག །ཅེས་དང་། གསང་འདུས་ལས། རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །འབར་བ་ལྔ་ཡིས་རྣམ་པར་བརྒྱན། ཞེས་དང་། སྒྱུ་འཕྲུལ་དྲ་བ་ལས། རྡོ་རྗེ་རྩེ་བཅུ་ཐབས་ཆེན་པོ། །ཐུགས་ཀར་བརྟན་པའི་ཚུལ་དུ་འབར། ། ཞེས་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གདུག་ལ་རྡོ་རྗེ་རྩེ་གསུམ་སྟེ། །དེ་བཞིན་རྩེ་མོ་གཅིག་པ་དང་། །ཀླུ་རྣམས་སྐྲག་པར་བྱེད་པའོ། །ཞེས་དང་། རྩ་གསུམ་ལས། རྡོ་རྗེ་འདི་ནི་ཐབས་མཆོག་ཡབ་ཀྱི་མཁའ། །ལྟེ་བ་ཟླུམ་པོ་སྤྲོས་བྲལ་ཆོས་ཀྱི་སྐུ། །ཡར་མར་རྩེ་མོ་རིགས་ལྔ་ཡབ་དང་ཡུམ། །བཅུ་དྲུག་འདབ་ལྡན་སེམས་དཔའ་སེམས་མའི་ཚུལ། །ཆུ་སྲིན་ཞལ་བརྒྱད་སྒོ་བ་སྒོ་མ་བརྒྱད། །རྡོ་རྗེའི་གདོང་དྲུག་བཅོམ་ལྡན་ཐུབ་པ་དྲུག །ཅེས་དང་སྔགས་འཆང་རྒྱན་མེ་དང་བདུད་འདུལ་ཕུར་པ་དང་རཏྣའི་ཕུར་པ་སོགས་ལས་རྩེ་གསུམ་རྩེ་ལྔ་རྩེ་དགུ་རྣམས་སུ་གསུངས། རིག་འཛིན་འཇིགས་མེད་གླིང་པས་དགོངས་འདུས་རྣམ་བཤད་ལས་རྩེ་མོ་གཅིག་པ་ནས་སྟོང་གི་བར་དུ་ཡོད་པར་སྒྲུབ། འོན་ཀྱང་ད་ལྟ་རང་རེ་བོད་ཡུལ་འདིར་མཐོང་རྒྱུ་ཡོད་པ་ནི་ཡེ་ཤེས་རྡོ་རྗེ་ཞེས་རྩེ་དགུ་པ་དང་། དམ་ཚིག་རྡོ་རྗེ་ཞེས་རྩེ་ལྔ་པར་གྲགས་པ་འདི་གཉིས་ལས་དངོས་སུ་འཛིན་རྒྱུ་མེད་པ་འདྲ་བས་དཔྱོད། དྲིལ་ལྕེའམ་དབྱུག་གུ་ནི། དགོངས་འདུས་རྣམ་བཤད་ལས། རིགས་དེ་དག་གང་ཡིན་ཡང་ནང་གི་ལྕེའམ་དབྱུག་གུ་ནི་ཟུར་བརྒྱད་པའི་རྣམ་པ་ཅན་དུ་བྱ་བར་བཤད། བཛྲ་དཱཀྐི་ལས། དབུས་ཀྱི་ཡེ་ཤེས་དབྱུག་གུ་ནི། །ཟུར་བརྒྱད་པ་ནི་མཛེས་པར་བྱ། །ཞེས་དང་། རྡོར་དྲིལ་བཤད་པ་རྒྱུད་ལུང་དཔང་བཞག་ལས། ཞེས་པས་དྲིལ་བུར་འཚམས་པའི་ལྕེ། །ཟུར་བརྒྱད་རྩེ་ཟླུམ་ཅུང་ཟད་འབུར། །རྒྱུ་ནི་ལྕགས་དག་པ་རུ་བཤད། །ཅེས་སོགས་གསུངས་པ་མདོ་བསྡུས་པ་ཙམ་བཀོད་པའོ། །
སླར་སྨྲས་པ།
ལྷག་བསམ་ས་འཛིན་དཀར་པོའི་ཉེ་རྒྱུ་ལས། །
རྡོར་དྲིལ་བཤད་པ་ཡན་ལག་བརྒྱད་ལྡན་འཁྱིལ། །
དྲི་མེད་རྒྱུད་ལུང་ཚིག་གི་རླབས་ཕྲེང་འཕྱོ། །
བློ་ལྡན་ངང་བའི་ཚོགས་དག་ཅི་དགར་རྩེན། །
ཞེས་པ་འདི་མངྒ་ས་ར་ནས།

Leave a Reply

Your email address will not be published.