༄།།མཆོག་སྤྲུལ་རིག་འཛིན་༧དཔལ་ལྡན་དབང་ཕྱུག་ལ་ཞབས་བརྟན་དུ་སྨོན་པ་འཁོར་འདས་རྒྱལ་བའི་རྒྱལ་རྔ་རིན་པོ་ཆེ།།
ན་མོ་གུ་རུ་བུདྡྷ་ཛྙཱ་ན་པདྨ་ཀ་ར་ཡེ།།
ཀ་དག་ངོ་བོ་ཀུན་བཟང་ཆོས་སྐུའི་དཔལ།།
ལྷུན་གྲུབ་རང་གསལ་བདེ་ཆེན་ལོངས་སྤྱོད་ལྡན།།
རོལ་པ་ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་གར།།
ཀུན་འདུས་པདྨ་ཀ་རས་དགེ་ལེགས་སྩོལ། །
མྱང་འདས་དགེ་ལེགས་བྱེ་བའི་དཔལ༵་དང་ལྡན༵།།
འཁོར་བའི་ཕུན་ཚོགས་རིག་པའི་མངའ་དབང༵་ཕྱུག༵།
བསྟན་སྲིད་ཡིད་བཞིན་ནོར་བུའི་ཕྲིན་ལས་ཅན།།
མཆོག་སྤྲུལ་དམ་པའི་སྐུ་ཚེ་བརྟན་གྱུར་ཅིག།
འཁོར་བའི་ཚན་རྩལ་མཁས་པའི་འབུམ་རམས་པ།།
དམ་ཆོས་དེ་ཉིད་རྟོགས་པའི་སྤྲུལ་པའི་སྐུ།།
ལུང་རྟོགས་བསྟན་པའི་ཁྱབ་བདག་འགྲོ་བའི་མགོན།།
འཁོར་འདས་དམ་ཆོས་འཁོར་ལོ་བསྐོར་གྱུར་ཅིག།
ཚེ་རབས་ཀུན་ཏུ་པདྨས་རྗེས་སུ་བཟུང་།།
ཡི་དམ་རྡོ་རྗེ་ཕུར་བའི་དངོས་གྲུབ་ཐོབ།།
མཁའ་འགྲོའི་བདེ་ཆེན་དབང་ཕྱུག་ཧེ་རུ་ཀ།
ཆོས་སྐྱོང་ཐུགས་དམ་དམ་པར་ཞབས་བརྟན་ཤོག།
རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །
རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་མཐུས། །
བདག་གི་ལྷག་བསམ་སྨོན་པའི་དོན་དམ་ཀུན།།
གེགས་མེད་བདེ་བླག་ཡིད་བཞིན་འགྲུབ་གྱུར་ཅིག །
ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་ཡར་ཚེས་བརྒྱད་ལ་དད་གུས་དམ་ཚིག་འགྱུར་བ་མེད་པའི་མཆོག་སྤྲུལ་དམ་པའི་ལེགས་རྩོམ་དེ་དབྱིན་ཡུལ་ནས་ལེགས་མཐར་ཕྱིན་པར་གྲུབ་པའི་དགའ་རྟགས་སུ་སྨོན་ཚིག་དྲང་སྲོང་བདེན་ཚིགས་སུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པའི་ཡིད་མཚོ་ལས་བྱུང་བ་བཞིན་ལེགས་སྐྱེས་སུ་དབྱིན་ཡུལ་ཨེ་ཝཾ་ཛྙཱ་ན་གུ་རུ་ལྷ་ཁང་ནས་སྤེལ་བར་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།། །།