February 2020

འཇའ་ལུས་སུ་སྨོན་པ་ཀུན་བཟང་རྒྱལ་བའི་ལམ་མཆོག།
ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
ཀ་དག་ཆོས་དབྱིངས་སྤྲོས་བྲལ་ངང་ཉིད་ལས།།
འོད་གསལ་མཐའ་ཡས་ཞིང་ཁམས་རབ་འབྱམས་ཤར།།
ཟུང་འཇུག་ཡེ་ཤེས་འཇའ་ལུས་འཕོ་ཆེན་བཤེགས།།
བརྒྱུད་གསུམ་རིག་འཛིན་བླ་མས་དགེ་ལེགས་སྩོལ།།
ཀུན་བཟང་རྒྱལ་བ་རིགས་ལྔ་བདེ་བར་གཤེགས།།
རྡོ་རྗེ་འཆང་ཆེན་དཔལ་ལྡན་རྡོ་རྗེ་སེམས།།
དགའ་རབ་རྡོ་རྗེ་རིག་འཛིན་ཤྲཱིཿསེངྷ་ལ།།
གསོལ་བ་འདེབས་སོ་འཇའ་ལུས་ལྷུན་གྲུབ་ཤོག།
གསང་ཆེན་ཡེ་ཤེས་རོལ་པའི་ཀློང་ཡངས་ནས།།
སྣང་སྲིད་ཟིལ་གནོན་གུ་རུ་བདེ་ཆེན་དཔལ།།
དགོངས་བརྡ་སྙན་བརྒྱུད་གཏེར་ཆེན་བླ་མ་ལ།།
གསོལ་བ་འདེབས་སོ་འཇའ་ལུས་ལྷུན་གྲུབ་སྩོལ།།
པདྨའི་ཟབ་གཏེར་བདག་པོ་དྲག་སྔགས་གླིང་།།
བཀའ་བབས་ཆོས་བདག་བླ་མ་ལོ་མ་དང་།།
རྩ་གསུམ་བཀའ་གཏེར་དམ་ཅན་སྲུང་མ་ལ།།
གསོལ་བ་འདེབས་སོ་འཇའ་ལུས་ལྷུན་གྲུབ་ཤོག།
གསང་སྒྲུབ་རང་རིག་བླ་མའི་རྣལ་འབྱོར་ལས།།
ཐེག་རྩེའི་ཨ་ཏིའི་ཚོམ་བུའི་དཀྱིལ་འཁོར་ཤར།།
རྒྱལ་ཀུན་སྤྱི་གཟུགས་པདྨ་རྒྱལ་པོ་ལ།།
གསོལ་བ་འདེབས་སོ་འཇའ་ལུས་ལྷུན་གྲུབ་ཤོག།
ལས་ཉོན་འཁྲུལ་རྟོག་ཀ་དག་དབྱིངས་སུ་དག།
འོད་གསལ་ལྷུན་གྲུབ་ཡེ་ཤེས་ཡོན་ཏན་རྫོགས
སྣང་བཞི་མཐར་ཕྱིན་གདོད་མའི་རྒྱལ་སར་སྨིན།།
འགྲོ་ཀུན་ཕྱམ་གཅིག་ཀུན་བཟང་ཀློང་གྲོལ་ཤོག།
ཅེས་པ་འདི་ཡང་རབ་གནས་ལྕགས་བྱིའི་རྒྱལ་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོ་སྟེ་ཀུན་མཁྱེན་ཀློང་ཆེན་པའི་འདས་མཆོད་སྐབས་སུ་འོད་གསལ་མཐའ་ཡས་དང་འོད་གསལ་ཆོས་སྒྲོན་གྱིས་སྨོན་ལམ་དགོས་པར་ཡང་ཡང་སྐུལ་ངོར་ཨེ་ཝཾ་མཎྡ་ར་ཝའི་ཕོ་བྲང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་བྲིས་པར་དགེའོ།།
ཤྲཱིཿསརྦ་མངྒ་ལཾ་བི་ཛ་ཡནྟུ།།

Leave a Reply

Your email address will not be published.