November 2019

༄༅།།ཀུན་བཟང་ཌཱ་ཀི་དགྱེས་པའི་གླུ་དབྱངས་དྲི་ཟའི་སྒྲ་སྙན།
ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
ཀ་དག་པདྨའི་སྒྱུ་འཕྲུལ་དཀྱིལ་འཁོར་གྱི་དབུས་ན།།
ལྷུན་གྲུབ་རྡོ་རྗེའི་འོད་གསལ་ཡེ་ཤེས་ཀྱི་རྒྱལ་པོ།།
དབྱེར་མེད་ཧེ་རུ་ཀ་དཔལ་སྟོན་འཁོར་གྱི་ཚོགས་དང།།
རིག་འཛིན་དཔའ་བོ་མཁའ་འགྲོ་ཚོགས་གྲལ་ལ་ཕེབས་ཤོག།
ལྟ་བ་སྟོང་ཉིད་དབྱིངས་ཀྱི་དགའ་མ་ལ་འགྲོགས་ནས།།
སྒོམ་པ་སྣང་སྲིད་ཐབས་ཀྱི་དགའ་བཞི་ལ་རྩེན་པས།།
སྤྱོད་པ་ཟུང་འཇུག་མཉམ་སྦྱོར་མཁའ་གསང་གི་དབུས་ནས།།
འབྲས་བུ་སངས་རྒྱས་ཡེ་ཤེས་མཆོག་སྤྲུལ་ཅིག་སྐྱེད་ཡ།།
འདིར་ཚོགས་རྡོ་རྗེའི་མཆེད་ལྕམ་གྱི་རིག་འཛིན་ནི་ཕོ་མོ།།
བསྐྱེད་རྫོགས་རྫོགས་ཆེན་བསྒོམ་པའི་གསེང་ལམ་ཀུན་རྟོགས་ཏེ།།
ནམ་ཡང་འབྲལ་མེད་བདེ་ཆེན་ཕྱག་རྒྱ་ཡི་ངང་ནས།།
དཀྱིལ་འཁོར་གཅིག་ཏུ་མངོན་སངས་རྒྱས་པར་རང་སྨོན་ནོ།།
ཨེ་མ་ཧོ་ཤྲཱིཿམ་ཧཱ་སུ་ཁ་ཨ་ལ་ལ་ཧོ།
ཅེས་ལ་འདི་ཡང་རབ་རྒྱན་ས་ཁྱིའི་ལྷ་བབ་ཟླ་བའི་མཁའ་འགྲོའི་དུས་ཆེན་ལ་གང་ཤར་ལྷ་སྣང་དག་པ་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་པདྨ་མཁའ་འགྲོའི་གླིང་དུ་བགྱིས་པར་དགེའོ།།