༄༅༅།།རང་བཞིན་གཉུག་མའི་བསྟོད་དབྱངས་གེ་སར་སྙིང་པོ།།
ན་མོ་གུ་རུ་ཨོ་ཌི་ཡ་ན་བི་ཛ་ཡེ།།
ཀ་དག་གཉུག་མའི་སྟོང་ཆེན་ངང་ཉིད་ལས།།
ལྷུན་གྲུབ་ཡེ་ཤེས་འོད་གསལ་སྙིང་པོའི་གར།།
ཟུང་འཇུག་རིག་པ་སྒྱུ་འཕྲུལ་དྲྭ་བའི་སྐུ།།
འཛམ་གླིང་འཛིན་མའི་རྒྱན་ཏུ་མཛེས་གྱུར་ཅིག།
ཨོ་རྒྱན་པདྨ་ཀ་རའི་ཐུགས་རྗེའི་དཔལ།།
མཐུ་སྟོབས་ནུས་པའི་རྒྱལ་དབང་དགྱེས་པ་རྩལ།།
རྡོ་རྗེ་ཐེག་པའི་བཀའ་བབས་རིག་པ་འཛིན།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།
སྐུ་ཡི་གཟི་བརྗིད་མ་གཡོས་ངང་གིས་ཤར།།
གསུང་གི་དབྱངས་སྙན་མ་འགགས་རང་བྱུང་གྲགས།།
ཐུགས་ཀྱི་བྱང་སེམས་མ་བཅོས་ཡེ་ཤེས་མངའ།།
ཡོན་ཏན་ཕྲིན་ལས་ཀུན་ཁྱབ་ལྷུན་གྲུབ་ཤོག།
རིག་འཛིན་བརྒྱུད་པ་གཙང་མའི་བསྟན་པ་འཛིན།།
བཀའ་གཏེར་དག་སྣང་རྒྱུད་པའི་ལུགས་བཟང་སྐྱོང་།།
ཡང་གསང་རྫོགས་ཆེན་བསྟན་པ་སྤེལ་བའི་མགོན།།
ཨོ་རྒྱན་སྟོབས་རྒྱལ་སྐུ་ཚེ་བརྟན་གྱུར་ཅིག།
བསྟན་དང་འགྲོ་བའི་དོན་དུ་དཀའ་སྤྱད་མཛད།།
ཁྱད་པར་སྔ་འགྱུར་བཀའ་གཏེར་བསྟན་པའི་ཕྱིར།།
གསང་གསུམ་མི་ངལ་རྒྱལ་སྲས་སེམས་དཔའ་ཆེ།།
ཞི་དྲག་དབང་གི་བླ་མ་ཞབས་བརྟན་ཤོག།
སྙིགས་ལྔའི་མུན་པ་སེལ་མཛད་རིག་པ་འཛིན།།
དྲང་བདེན་སྨྲ་བའི་ལྗགས་རིང་མཚུངས་མེད་སྐྱོང་།།
ཀུན་བཟང་རྫོགས་པ་ཆེན་པོའི་བསྟན་པ་སྤེལ།།
མཁྱེན་བརྩེ་རྡོ་རྗེ་འཆང་གི་ཐུགས་སྲས་རྒྱལ།།
སྐྱིད་པའི་དུས་སུ་འགྱུར་མེད་བཤེས་གཉེན་མཆོག།
སྡུག་པའི་སྐབས་སུ་བསླུ་མེད་གྲོགས་ཀྱི་མཆོག།
གནའ་དེང་དགོངས་པའི་འཁྲུལ་མེད་སྤྲུལ་སྐུ་མཆོག།
མཆོག་གསུམ་ལྡན་པའི་བླ་མ་རིན་པོ་ཆེ།།
ཕྱི་ཡི་སྤྱོད་པ་ངེས་མེད་ང་རྒྱལ་བྲལ།།
ནང་གི་བསྙེན་བསྒྲུབ་མཛོད་ལ་མངའ་དབང་བསྒྱུར།།
གསང་བ་འགྲོ་དྲུག་འདྲེན་པའི་ཨོ་རྒྱན་པ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།
ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་དབང་ཕྱོགས་རྒྱལ་བ་དང་པོར་རྨི་ལམ་བཟང་པོས་སྐུལ་མ་དང་ངོས་ནས་སྤྲུལ་སྐུ་ཉིད་ཞལ་དངོས་སུ་མཇལ་མ་མྱོང་ན་ཡང་བདེན་པའི་ངག་དང་སེམས་སུ་འབྲེལ་བའི་གསང་བ་ཟབ་མོའི་རྟེན་འབྲེལ་ལ་བཅོས་བསྒྱུར་དབེན་པས་གང་ཤར་གཉུག་མའི་བསྟོད་དབྱངས་སུ་ཤྲཱིཿསྨྱོན་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝཾ་ཕྱག་ཆེན་ཕོ་བྲང་ནས་གསོལ་བར་འདེབས་པས་དམ་པ་གོང་མའི་བཞེད་དོན་ལྷུན་གྱིས་འགྲུབ་པའི་རྒྱུ་རུ་གྱུར་ཅིག་གུ།། །། ཤྲཱིཿསརྦ་བི་ཛ་ཡནྟུ།།