December 2019

འཁོར་འདས་སྐྱིད་གླུ་རང་བྱུང་སེམས་ཀྱི་གླིང་བུའི་སྒྲ་དབྱངས།།
ཨེ་མ་ཧོ།།
སྐྱེ་བའི་ཕྲེང་བ་སྔ་འགྱུར་བསྟན་པར་མཇལ།།
གཞོན་པའི་ལང་ཚོ་བཤད་སྒྲུབ་སྣང་བ་བརྟས།།
རྒན་པོའི་ཐར་ལམ་རྫོགས་པ་ཆེན་པོས་གྲོལ།།
ད་ལྟ་འཆི་ཡང་སྐྱིད་པའི་གླུ་དབྱངས་ལེན།།
གཅེས་པའི་ཨ་མ་ཚེ་འདིར་བྱང་ཆུབ་ཐོབ།།
སྡང་བའི་དགྲ་ཀུན་མུན་ནག་འཁོར་བར་འཁྱམས།།
རང་སྣང་དག་པས་རྒྱལ་བའི་དཀྱིལ་འཁོར་མཛེས།།
ད་ནི་འཆི་ཡང་སྐྱིད་པའི་གླིང་བུ་ཁྲོལ།།
ཕ་མའི་དྲིན་ལན་མཇལ་བས་དགའ་ཡ་ལེ།།
ཕ་ཁྱིམ་སློབ་གླིང་བསྐྲུན་པས་སྐྱིད་སངས་སེ།།
ཕ་རོལ་ཕྱིན་པའི་དགའ་སྐྱིད་ཨ་ལ་ལ།།
ད་ནི་འཆི་གསོན་གང་བྱུང་སྐྱིད་པོ་ལགས།།
ནམ་མཁའི་ཁྱོན་ན་མཛེས་པའི་གསང་ཆེན་དཔལ།།
འོད་སྣང་འཛིན་མའི་ཀློང་དུ་དགྱེས་པའི་གར།།
རྡོ་རྗེ་ཐེག་པའི་བཀའ་གཏེར་བསྟན་པའི་དོན།།
འཛམ་གླིང་ཕྱོགས་ཀུན་གདལ་བའི་ངོ་མཚར་འབར།།
༡༽
དམ་ཆོས་ཟབ་རྒྱས་བརླིང་པའི་རྒྱ་མཚོའི་འཇིང་།།
ཐབས་ཤེས་ཆུ་འཛིན་དཀར་པོ་ཀློང་རིམ་འཕྱུར།།
ཞི་བདེའི་སྦྲང་ཆར་འཇོ་བས་ནོར་འཛིན་སྨིན།།
ཨེ་ཝཾ་པདྨ་དཀར་པོའི་སྣང་བ་སྐྱིད།།
༢༽
གྲགས་པའི་དབྱར་རྔ་སྙན་པའི་ཕྱོགས་སུ་འཛུམ།།
དགའ་མ་མདོངས་མཐའི་ཚོགས་ལ་རྟེན་པའི་འབྲེལ།།
བདེ་ཆེན་གར་གྱི་ཕྱག་རྒྱས་ས་གསུམ་ཁྱབ།།
ཨེ་ཝཾ་དཔལ་བེའུའི་རི་མོ་རྣམ་པར་བཀྲ།།
༣༽
ཆོས་དབྱིངས་མཐར་མཉམ་རྒྱལ་བའི་བློ་གྲོས་ཆེ།།
མཐའ་བྲལ་ཡེ་ཤེས་གཞལ་མེད་ཁང་བཟང་དུ།།
མ་ལུས་འགྲོ་ཁམས་འདྲེན་པའི་ཐུགས་དམ་ཅན།།
ཨེ་ཝཾ་འདོད་འབྱུང་བུམ་པ་བཟང་པོས་ཤིས།།
༤༽
མཁྱེན་བརྩེའི་སྤྱན་ཟུང་འཁོར་འདས་དུང་བས་གཟིགས།།
ཕན་བདེའི་གཤོག་ཟུང་ཀླུང་ཆེན་དབྱིངས་སུ་བསྐྱོད།།
གང་དགའ་བག་ཡངས་རོལ་མཁས་གསེར་མདོག་ཅན།།
ཨེ་ཝཾ་གསེར་ཉ་རིན་ཆེན་རྟག་ཏུ་བདེ།།
༥༽
མ་རིག་རྨོངས་པའི་གཉིད་ལས་སློང་བའི་དཔལ།།
ཐོས་གྲོལ་གཟུངས་སྔགས་པདྨོ་ཨུཥྞུཥས།།
སྐྱེ་རྒུའི་གདུང་བ་ཀུན་སེལ་སྙན་པ་ཅན།།
ཨེ་ཝཾ་ཆོས་དུང་དཀར་པོའི་བྱིན་རླབས་ལེགས།།
༦༽
འཆད་རྩོད་རྩོམ་པའི་དུས་བཟང་ཉི་ཟླའི་འགྲོས།།
ཐོས་བསམ་སྒོམ་པའི་མུ་འཁྱུད་ཡོངས་སུ་གཏམས།།
བསྙེན་སྒྲུབ་ཕྲིན་ལས་རྩིབ་སྟོང་དཀྱིལ་འཁོར་ཅན།།
ཨེ་ཝཾ་འཁོར་ལོ་རིན་ཆེན་ཕུན་སུམ་ཚོགས།།
༧༽
མ་ལུས་འགྲོ་ལ་ཕན་བདེ་ནམ་མཁའ་འབྱེད།།
བསྟན་པའི་རང་གཤིས་གཡོ་བ་ཀུན་ཏུ་བཟང་།།
ལས་ཉོན་ཚ་གདུང་བསལ་བའི་བ་དན་ཅན།།
ཨེ་ཝཾ་གདུགས་དཀར་རྩེ་མོ་དགུང་དང་མཉམས།།
༨༽
གསང་ཆེན་བསྟན་པའི་བཀའ་གཏེར་འཛིན་སྐྱོང་སྤེལ།།
སྐྱེ་དགུའི་བདེ་སྐྱིད་ལྷ་བཞིན་དགའ་སྟོན་རོལ།།
གསང་གསུམ་གཡུལ་ལས་རྒྱལ་བའི་དཔའ་བོ་ཆེ།།
ཨེ་ཝཾ་བསྟན་པའི་རྒྱལ་མཚན་ཕྱོགས་ཀུན་བསྒྲེངས།།
ཞེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་གཟའ་ཚེས་དགེ་བར་གཙང་བ་གྲུབ་ཆེན་རིག་མཆོག་རིན་པོ་ཆེས་དཀའ་མོལ་ལས་སྐྱིད་སྣང་དང་བཅས་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་དུ་བགྱིས་པར་དགེའོ།། །།