December 2019

༄༅༅།།སྐྱབས་རྗེ་དམ་པ་མཁན་སྤྲུལ་ཐུབ་བསྟན་ཚུལ་ཁྲིམས་ལ་འཁྲུངས་སྐར་བསུ་བའི་བཟང་དྲུག་སྨན་གྱི་མེ་ཏོག།
ན་མོ་མ་ཧཱ་གུ་རུ་བྷྱེ་ཥ་ཛ་ཡེ།།
ཐུབ་བསྟན་འདུལ་བའི་ཞིང་ས་རྣམ་པར་དག།།
ཚུལ་ཁྲིམས་དྲི་བཟང་ཡོན་ཏན་མ་ལུས་རྫོགས།།
ཞི་དུལ་སེམས་དཔས་འགྲོ་ཁམས་ཡོངས་སུ་སྨིན།།
རྗེ་བཙུན་བླ་མ་དམ་པའི་འཁྲུངས་སྐར་བསུ།།
དཔེ་འཁྱུད་འཆང་རྒྱ་མེད་པར་དམ་ཆོས་བསྟན།།
གནས་ཁང་ཟས་གོས་ལོངས་སྤྱོད་ཅི་དགོས་གནང་།།
ཉམས་ཐག་དུད་འགྲོའི་ཚེ་སྲོག་མི་འཇིགས་སྦྱིན།།
སྐྱབས་མཆོག་བླ་མ་དམ་པའི་འཁྲུངས་སྐར་བསུ།།
གཞན་གནོད་གཞི་བཅས་སྤོང་པའི་དགེ་སློང་ཆེ།།
གཞན་དོན་བྱམས་བརྩེའི་ཁྱབ་བདག་མ་ཎི་ཀ།
སྙིང་རྗེ་ཆེན་པོས་བདུད་དཔུང་འཇོམས་མཛད་པའི།།
དྲང་སྲོང་བླ་མ་དམ་པའི་འཁྲུངས་སྐར་བསུ།།
ཉིན་མཚན་མི་དལ་དམ་པའི་ཆོས་ལ་འབད།།
ལེ་ལོ་སྡིག་པའི་གྲོགས་དང་ཡོངས་སུ་བྲལ།།
བསྟན་དང་འགྲོ་ལ་ཕན་བདེའི་བརྩོན་འགྲུས་ཅན།།
དགེ་སྤྲོ་བླ་མ་དམ་པའི་འཁྲུངས་སྐར་བསུ།།
དྲན་ཤེས་ཞི་བའི་ཏིང་འཛིན་ལྷང་གིས་འཇགས།།
བག་ཡོད་བྱིང་རྒོད་རྨུག་པའི་སྒྲིབ་པ་སངས།།
བཞག་ཐབས་སྒོམ་པས་བསམ་གཏན་རྒྱས་པའི་དཔལ།།
ཞི་བདེའི་བླ་མ་དམ་པའི་འཁྲུངས་སྐར་བསུ།།
ཐོས་བསམ་མ་རིག་མུན་སེལ་ཉི་མ་ཤར།།
མ་གཡེང་གོམས་པའི་ཟླ་བ་གཞོན་ནུ་ཚེས།།
ལྟ་སྒོམ་སྤྱོད་འབྲས་ཤེས་རབ་ཕུལ་བྱུང་བ།།
ཀུན་བཟང་བླ་མ་དམ་པའི་འཁྲུངས་སྐར་བསུ།།
ཨེ་ཝཾ་ཆོས་སྨན་འཛམ་གླིང་རྒྱན་དུ་བཀྲ།
འོད་གསལ་མཐའ་ཡས་འཁོར་འདས་དཔལ་དུ་ཤིས།།
བདེ་ལེགས་ཕུན་ཚོགས་བསྐྲུན་པའི་བཀའ་དྲིན་ཅན།།
གངས་ལྗོངས་བསྟན་པའི་སྒྲོན་མེའི་འཁྲུངས་སྐར་བསུ།།
སྐུ་ཚེ་བརྟན་པ་བསྐལ་བའི་མཐར་ཐུག་བཞུགས།།
གསུང་ཆོས་འཁོར་ལོ་རྟེན་འབྲེལ་དགེ་ལེགས་བརྟས།།
ཐུགས་རྗེ་མཚུངས་མེད་བདག་ཅག་འགྲོ་བའི་མགོན།།
མཁན་སྤྲུལ་དམ་པའི་བཞེད་དོན་ལྷུན་གྲུབ་ཤོག།
ཅེས་པ་འདི་ཡང་རབ་གནས་ས་ཕག་ཐ་སྐར་ཟླ་བ་ཉ་ཡོངས་སུ་གང་བའི་དུས་སུ་ཨེ་ཝཾ་སློབ་གླིང་ལ་བཀའ་དྲིན་མཚུངས་མེད། སྟོན་པ་ཟླ་མེད། རྒྱལ་བའི་རྒྱལ་ཚབ། རྒྱལ་བ་ཞེ་ཆེན་པའི་མཁན་སྤྲུལ་དམ་པ་ཐུབ་བསྟན་ཚུལ་ཁྲིམས་རིན་པོ་ཆེའི་འཁྲུངས་སྐར་བསུ་བའི་དགའ་སྟོན་དང་འབྲེལ། གསང་གསུམ་བརྟན་པའི་སྨོན་ལམ་བཅས་དབྱིན་ཡུལ་ཨེ་ཝཾ་ཀུན་བཟང་རི་ཁྲོད་ནས་ཆོས་སྨྲ་བ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་སྙིང་ནས་གསོལ་བར་བཏབས་པར་དགེའོ།། །། སརྦ་ལོ་ཀ་པ་ལ་སིདྡྷི་ཕ་ལ་ཧཱུཾ།།

Leave a Reply

Your email address will not be published.