༧རྣལ་འབྱོར་མའི་རང་གཤིས་མེ་ལོང་དྲི་མེད་རབ་གསལ།།
ན་མོ་མ་ཧཱ་གུ་རུ་ཡོ་ག་ཏཱ་ར་ཡེ།།
མཁྱེན་པའི་ཡེ་ཤེས་ལྷ་ལམ་ཡངས་པར་ཁྱབ།།
བརྩེ་ཆེན་སྙིང་རྗེའི་འོད་སྣང་ཕྱོགས་ཀུན་གཏམས།།
ནུས་པས་རྨོངས་མུན་ཉེས་ཚོགས་ལེགས་བཅོམ་པའི།།
དཔལ་ལྡན་རྣལ་འབྱོར་བླ་མས་རྟག་སྐྱོང་མཛོད།།
རི་བོ་རྩེ་ལྔ་རྗེ་བཙུན་འཇམ་དབྱངས་མཇལ།།
གླང་ཆེན་འགྱིང་རིར་ཀུན་ཏུ་བཟང་པོར་འཁྱུད།།
བྱམས་མགོན་རི་བོར་ཚོགས་ཀྱི་འཁོར་ལོར་བསྐོར།།
མཁའ་འགྲོ་དམ་པ་ཁྱེད་དང་མི་འབྲལ་ཤོག།
ཤེས་རབ་རལ་གྲི་རྣོན་པོས་འཕྲུལ་ཐབས་ལས།།
གཉིས་འཛིན་རྟོག་པའི་འཆིང་ཐག་ཡོངས་སུ་བཅད།།
ཇི་ལྟ་ཇི་རྙེད་མཁྱེན་པའི་གཏེར་མཛོད་འཆང་།།
རྗེ་བཙུན་རྣལ་འབྱོར་བླ་མ་ཁྱེད་ལ་བསྟོད།།
ཨེ་ཝཾ་དྷཱིཿཡིག་དམར་སེར་གཞོན་ནུའི་དཔལ།།
བདེ་ཆེན་དབྱངས་ཅན་ལྷ་མོས་བརྩེ་དུང་གར།།
སངས་རྒྱས་ཡེ་ཤེས་དགྱེས་པའི་སྒྱུ་འཕྲུལ་ལས།།
གཟུངས་སྤོབས་རྡོ་རྗེའི་གོ་ཁྲབ་ཁྱོད་ལ་དབང་།།
བླ་མ་ཨོ་རྒྱན་ཆེན་པོས་རྟག་ཏུ་སྐྱོབས།།
ཡི་དམ་རྡོ་རྗེ་སེམས་དཔས་བརྟན་ཏུ་སྲུང་།།
མཁའ་འགྲོ་རྗེ་བཙུན་སྒྲོལ་མས་རྒྱུན་དུ་སྐྱོང་།།
ཆོས་སྐྱོང་གེ་སར་རྒྱལ་པོས་མགོན་དཔུང་མཛོད།།
སྐུ་ཕུང་འགྱུར་མེད་འཇའ་ལུས་འཕོ་ཆེན་བཞེངས།།
གསུང་ཆོས་འགགས་མེད་ཀུན་ཁྱབ་འགྲོ་ལ་གདལ།།
ཐུགས་རྗེ་མཚུངས་མེད་ཕན་བདེས་དངོས་གྲུབ་སྩོལ།།
ཡོན་ཏན་ཕྲིན་ལས་ཀུན་བཟང་ལྷུན་གྲུབ་ཤོག།
ཅེས་པ་འདི་རབ་གནས་ལྕགས་བྱི་རྒྱལ་ཟླའི་ཡར་ངོས་ཚེས་པ་བཅུ་ལ་སྙིང་ཕྲུག་རྣལ་འབྱོར་མས་ཨ་དཔལ་བསྟན་འགྲོ་ལ་སྨན་པའི་ཐུགས་སྨོན་གནང་རོགས་འཇིག་རྟེན་འདི་ན་སྡུག་བསྔལ་ཤིན་ཏུ་མང་། སྐྱབས་འཇུག་དང་བྱིན་རླབས་གསུང་ནས་བརྙན་མཐོང་ཀས་བཤུམ་པའི་ཚེ། ཨ་དཔལ་དྲན་ནས་འགྲོ་ལ་བྱམས་སེམས་ཅན་ལ་གང་ཤར་དུ་ཤྲཱིཿསྨྱོན་ཨེ་མ་ཧོས་ཨེ་ཝཾ་མནྡ་ར་ཝའི་ཕོ་བྲང་ནས་གསོལ་བར་འདེབས་པར་དགེའོ།། །།