April 2020

ཐུགས་རྗེ་ཆེན་པོའི་ཡེ་གེ་དྲུག་པའི་
གསོལ་འདེབས་བྱིན་རླབས་མྱུར་
འགྱོགས་ཞེས་བྱ་བ་
བཞུགས།

ན་མོ་གུ་རུ་ལོ་ཀི་ཤཱ་ར་ཡ། །
ཇོ་བོ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །

ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
མགོན་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །མ་འགྲོ་དྲུག་དོན་དུ་བྱང་སེམས་བསྐྱེད། །
བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

དབྱིངས་ཏིང་འཛིན་གསལ་བའི་ཆོ་འཕྲུལ་ལས། ། དཔལ་ཀུན་ཏུ་བཟང་པོ་མཆོད་པའི་སྤྲིན། །
ཡུལ་མཁའ་ཁྱབ་རྒྱུན་མི་ཆད་པར་འབྱུང་། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་། ། གནས་ཡུལ་ཀུན་རི་བོ་པོ་ཏ་ལའི། །
ཞིང་གཞལ་ཡས་ཁང་བཅས་གསལ་ལ་རྫོགས། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

དེ་དབུས་སུ་རང་ཉིད་སྤྱན་རས་གཟིགས། ། སྐུ་དཀར་གསལ་འོད་ཟེར་འབུམ་ཕྲག་འཕྲོ། །
མཚན་དཔེ་བྱེད་ཞི་འཛུམ་སྒེགཔའི་ཉམས། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཞལ་ཆོས་སྐུ་ཐིག་ལེ་གཅིག་ཏུ་འཁྱིལ། ། སྤྱན་ཐབས་ཤེས་སྙིང་རྗེས་ཟུམ་བུརགཟིགས། །
ཕྱག་ཚད་མེད་བཞི་ལྡན་འཇམ་ཞིངམཉེན། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

རྩ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། ། གཡས་འོག་མས་ཤེལ་གྱི་ཕྲེང་བ་དང་། །
གཡོན་འོག་མས་པདྨ་དཀར་པོ་བསྣམས། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྐྲ་མཐོན་མཐིང་ཐོར་ཚུགས་སྤྱི་བོར་བཅིངས། ། ལྷག་མ་རྣམས་ལྕང་ལོའི་ཚུལ་དུ་འཕྱང་། །
སྤྱི་གཙུག་ཏུ་ནོར་བུ་འབར་བས་མཚན། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

དར་སྣ་ཚོགས་ཅོད་པན་ན་འཟས་བཀླུབས། ། རྒྱན་རིན་ཆེན་དུ་མས་ཀུན་ནས་མཛེས། །
རི་དྭགས་ཀྱི་པགས་པས་ནུ་གཡོན་བཀབ། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྐུ་བ་སྤུའི་ཁུང་བུ་རེ་རེ་བཞིན། ། ཇི་སྙེད་ཀྱི་ཞིང་ཁམས་རབ་འབྱམས་རྫོགས། །
དེ་སྙེདཀྱི་སངས་རྒྱས་བྱང་སེམས་བཞུགས། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

གསུང་ཕྱི་ནང་སྣོད་བཅུད་སྒྲ་སྐད་ཀུན། ། སྔགས་ཡི་གེ་དྲུག་ཏུ་བྱིན་བརླབས་པས། །
མཐོང་ཐོས་དང་དྲན་རེག་གྲོལ་བར་མཛོད། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཐུགས་སྟོང་ཉིད་ངང་ལས་མ་གཡོས་བཞིན། ། གདངས་དམིགས་མེད་སྙིང་རྗེ་ཆེན་པོ་ཡིས། །
མ་འགྲོ་དྲུག་ཀུན་ལ་བུ་ལྟར་དགོངས། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

གདན་པད་དཀར་ཟླ་བ་རྒྱས་པའི་སྟེང་། ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །
ཕྱོགས་ཀུན་ཏུ་འོད་ཀྱི་སྣང་བས་ཁྱབ། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་པོ། ཧཱུཾ་མཐིང་གའི་ཡི་གེ་གསལ་ལ་འཚེར། །
དོན་རྡོ་རྗེ་གསུམ་གྱི་ངོ་བོར་རྫོགས། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཐུགས་དྭངས་མའི་སྲོག་ལས་འོད་ཟེར་འཕྲོས། ། ཡེ་ཤེས་ཀྱི་སེམས་དཔའ་ཆར་ལྟར་བབས། །
དམ་ཚིག་གི་ཕྱག་རྒྱར་དབྱེར་མེད་ཐིམ། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

སླར་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། ། དབང་བསྐུར་ཞིང་སྒྲིབ་དག་ཡོན་ཏན་རྫོགས། །
དཔལ་སྣང་བ་མཐའ་ཡས་དབུ་ལ་བརྒྱན། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྤྱིར་འགྲོ་དྲུག་ཀུན་ལ་བུར་ལྟར་བརྩེ། ། སྒོས་གངས་ཅན་འགྲོ་ལ་ལྷག་པར་དགོངས།
མགོན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

རྒྱུ་དངོས་སུ་བཤམས་པས་མཚོན་བྱས་ཏེ། ། རྐྱེན་ཏིང་ངེ་འཛིན་གྱིས་རྣམ་སྤྲུལ་པའི། །
ཟག་མེད་ཀྱི་མཆོད་སྤྲིན་རྒྱ་མཚོ་འབུལ། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཐབས་ཤེས་རབ་མཆོག་ལ་མངའ་བརྙེས་ཤིང་། །དཔལ་ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ། །
མགོན་སྤྱན་རས་གཟིགས་ལ་གུས་པས་བསྟོད། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཐུགས་པད་དཀར་འདབ་དྲུག་ལྟེ་བ་ཧྲཱི། ། འདབ་མ་རྣམས་ཡི་གེ་དྲུག་པས་མཚན། །
སྔགས་རང་སྒྲ་སྒྲོགས་ཤིང་འོད་ཟེར་འབར། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྔགས་བཟླས་པའི་རྐྱེན་གྱིས་བསྐུལ་བ་ལས། ། ཧྲཱིཿཡིག་གི་འོད་ཀྱིས་འཕགས་པ་མཆོད། །
བྱིན་རླབས་ཀུན་ཚུར་འདུས་བདག་ལ་ཐིམ། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཨོཾ་དཀར་པོ་ལྷ་ཡི་ཡུལ་དུ་འཕྲོས། ། རྒྱུད་ང་རྒྱལ་འཕོ་ལྟུང་སྡུག་བསྔལ་སྦྱངས། །
དོན་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

མ་ལྗང་གུ་ལྷ་མིན་ཡུལ་དུ་འཕྲོས། ། རྒྱུད་ཕྲག་དོག་འཐབ་རྩོད་སྡུག་བསྔལ་སྦྱངས། །
དོན་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཎི་སེར་པོ་མི་ཡི་ཡུལ་དུ་འཕྲོས། ། རྒྱུད་ཐེ་ཚོམ་བྲེལ་ཕོངས་སྡུག་བསྔལ་སྦྱངས། །
དོན་རང་བྱུང་ཡེ་ཤེས་མངོན་དུ་གྱུར། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

པད་མཐིང་ག་དུད་འགྲོའི་ཡུལ་དུ་འཕྲོས། ། རྒྱུད་གཏི་མུག་བླུན་རྨོངས་སྡུག་བསྔལ་སྦྱངས། །
དོན་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

མེ་དམར་པོ་ཡི་དྭགས་ཡུལ་དུ་འཕྲོས། ། རྒྱུད་འདོད་ཆགས་བཀྲེས་སྐོམ་སྡུག་བསྔལ་སྦྱངས། །
དོན་སོར་རྟོགས་ཡེ་ཤེས་མངོན་ཏུ་གྱུར། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཧཱུཾ་མཐིང་ནག་དམྱལ་བའི་ཡུལ་དུ་འཕྲོས། ། རྒྱུད་ཞེ་སྡང་ཚ་གྲང་སྡུག་བསྔལ་སྦྱངས། །
དོན་མེ་ལོང་ཡེ་ཤེས་མངོན་ཏུ་གྱུར། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཁམས་གསུམ་གྱི་གཟུགས་སྣང་སྤྱན་རས་གཟིགས། ། སྒྲ་གྲགས་ཀུན་སྔགས་ཀྱི་རང་སྒྲ་འུར། །
དྲན་རྟོག་གི་གཟུང་འཛིན་འོད་གསལ་ངང་། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། ། བདག་གསོལ་འདེབས་བུ་ལ་བརྩེ་བས་དགོངས།།
རྒྱུད་བྱིན་གྱིས་བརླབས་པར་མཛད་དུ་གསོལ། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྣང་གྲགས་ཀུན་འོད་གསལ་དབྱིངས་སུ་ཐིམ། ། གཞི་མ་བཅོས་གཉུག་མ་ཕྱག་རྒྱ་ཆེ། །
ལམ་བྱར་མེད་འཕགས་པའི་རང་ཞལ་བལྟ། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

མཁའ་ཁྱབ་ཀྱི་སྟོང་ཉིད་ནམ་མཁའི་ངང་། ། སླར་འཕགས་པའི་སྐུ་རུ་ལམ་གྱིས་ལྡང་། །
བྱམས་སྙིང་རྗེས་འགྲོ་བའི་དོན་ལ་སྤྱོད། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

བདག་བསྒོམ་བཟླས་འདི་ཡིས་མཚོན་བྱས་ཏེ། ། དུས་གསུམ་དུ་བསགས་པའི་དགེ་བའི་མཐུས། །
མ་འགྲོ་དྲུག་འཁོར་བ་དོང་སྤྲུག་ཤོག ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

ནམ་ཚེ་འདིའི་སྣང་བ་འཕོས་མ་ཐག། ། ནུབ་བདེ་ཅན་ཞིང་དུ་སྐྱེས་ནས་ཀྱང་། །
བྱང་ཆུབ་ཀྱི་གོ་འཕང་མྱུར་ཐོབ་ཤོག། ། ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྐྱབས་དཀོན་མཆོག་གསུམ་གྱི་ངོ་བོ་དང་། ། མགོན་སྤྱན་རས་གཟིགས་དབང་བྱིན་རླབས་ཀྱིས།།
ཕྱོགས་དུས་ཀུན་བཀྲ་ཤིས་བདེ་ལེགས་ཤོག། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
དགེའོ།།

རྨོག་སྤྲུལ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ།

དཔལ་རྒྱལ་བ་ཀཿཐོག་པའི་ཆོས་རྒྱུད་འཛིན་པ་མགོ་ལོག་ཕྱོགས་ཀྱི་དད་ལྡན་དགོན་ པ་རྣམས་ལ་རང་གིས་རེ་བ་ཞུ་རྒྱུ།

ཚེེ་ཕྱི་མར་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་ཆེད་བཀའ་བསྟན་དང་བླ་མའི་གསུང་འབུམ། གཏེར་ཆོས་སོགས་མང་པོ་ཡོད་པ་རེད། དེ་ལ་བསྟེན་ནས་འཇའ་ལུས་པ་མང་པོ་བྱུང་བ་རེད། དེ་སྐབས་ཆོས་དང་འཇིག་རྟེན་གཉིས་མེ་ཆུ་བཞིན་དུ་འཛིན་ནས་ཆོས་བསྒྲུབ་པ་རེད། འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་སྤངས་བ་རེད།
དཔེར་ན་བདེ་བ་ཅན་ལ་འགྲོ་དགོས་ན་མ་ཎི་དུང་གཅིག་བཏོན་དགོས་པ་རེད། དེ་ཡང་དཀོན་མཆོག་གསུམ་ལ་ཡིད་ཆེས་དང་དད་པ་ཕྱིར་མི་ལྡོག་པ་ཞིག་དགོས་པ་རེད། དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས་འཇིག་རྟེན་ཆོས་བརྒྱད་དང་བྲལ་བ་ཞིག་དགོས།
དེ་ལྟར་བྱེད་ན་བདེ་སྨོན་ནང་དུ་གསུངས་པ་ལྟར་བདེ་བ་ཅན་དུ་འགྲོ་བར་ཐེ་མི་ཚོམ། མགོན་པོ་འོད་དཔག་མེད་ཀྱི་གསུང་ཐོས་པ་དང་། ཐེ་ཚོམ་མེད་ན་ཞལ་མཇལ་ཞེས་པ་ལྟར་ལགས། ཐེ་ཚོམ་ཡོད་ན་དཔེར་ན་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། ཁབ་རྩེ་གཉིས་ཀྱིས་བཟོ་མི་གྲུབ་ཞེས་པ་ལྟར། ད་ལྟའི་སྐབས་ན་མི་འགའ་རེ་ཐེ་ཚོམ་དང་ང་རྒྱལ། ཕྲག་དོག་ཆེ་བ་སོགས་ཀྱིས་ང་བླ་མ་ཡིན་བསམ་མཁན་དང་། མཁན་པོ་ང་མཁས་བསམ་མཁན། སྤྲུལ་སྐུ་ང་ཆེ་བསམ་མཁན་མི་ངན་ང་ལྟ་བུ་ལ་མཚོན་ན་ཚེ་ཕྱི་མ་དཀའ་མོ་རེད།
བཛྲ་ས་ཏྭ་ཧཱུྃ། བཛྲ་ས་ཏྭ་ཧཱུྃ། བཛྲ་ས་ཏྭ་ཧཱུྃ། ད་ལྟའི་ཟེར་རྒྱུ་ནི་ཆོས་དང་འཇིག་རྟེན་གཉིས་ལ་མཁས་པ་བླ་མ་ཡག་པོ་རེད་ཅེས་བཤད་འདུག །བླ་མ་མིང་གྲགས་ཡོད་པ་ཁ་ཤས་ནས་ཀྱང་ཁ་ནས་ཆོས་བཤད། དོན་དུ་འཇིག་རྟེན་སྒྲུབ། དགོན་པ་བཟང་ངན་ལྷ་ཁང་ཆེན་པོ་དང་གྲྭ་ཁང་ཆེན་པོ་བཞེངས། རླངས་འཁོར་རིན་གོང་ཆེན་པོ་མེད་ན་མི་མང་ནས་ཀྱང་བླ་མར་མི་བརྩི། ཕྱག་དབང་མི་ཞུ། བླ་མས་ཀྱང་འཛམ་གླིང་ན་ང་ཆེ་བསམ་འདུག
གནའ་སྔ་མོའི་གཏམ་དཔེ་ཞིག་ལ་གྲྭ་པས་བླ་མ་ལ། བླ་མ་ཁྱེད་ཀྱིས་དགེ་བའི་ཕན་ཡོན་བཤད་སྐབས་བླ་མ་ཁྱོད་མ་ཟད་གྲྭ་པ་ང་ཡང་བདེ་བ་ཅན་དུ་འགྲོ་ས་རེད། སྡིག་པའི་ཉེས་དམིགས་བཤད་སྐབས་གྲྭ་པ་ང་མ་ཟད་བླ་མ་ཁྱེད་ཀྱང་དམྱལ་བར་འགྲོ་ས་རེད་ཅེས་ཞུས་པར་བཤད་པའི་སྐད་ཆ་དེ་ནི་ལས་རྒྱུ་འབྲས་ཅུང་ཙམ་གོ་བ་ལོན་པས་རེད། དེ་ལ་ལན་ཕོག་དཀའ་མོ་རེད།
དེ་ལ་ཞི་བ་ལྷས་གསུང་རྒྱུར། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །ཅེས་པ་ལྟར། ད་ལྟའི་དུས་སྐབས་ལ་ངན་སོང་དུ་འགྲོ་མཁན་མང་པོ་རེད། ང་ཡང་སྐྲག་འདུག །
ང་ཕོ་ལོ་དགུ་བཅུ་གོ་གཉིས་ལ་སླེབས་ཡོད་པས་དེ་ནི་ཁྱོད་ཚོ་ལ་ཁ་ཆེམས་ཡིན། ད་ཕྱིན་ཆད་དལ་འབྱོར་མི་ལུས་རིན་ཆེན་འདི་ཐོབ་དཀའ་མོ་རེད། འཆི་བ་མི་རྟག་ལས་རྒྱུ་འབྲས་སོགས་ལ་ཐུགས་བསམ་ཡང་ཡང་གཏོང་རོགས།
སྟོད་མངའ་རིའི་གྲུབ་མཆོག་ཚུལ་ཁྲིམས་བཟང་པོས་སྤྱན་རས་གཟིགས་དང་མ་ཎི་ལ་ཡིད་ཆེས་མཛད་ནས་དགུང་ལོ་བརྒྱ་དང་སུམ་ཅུར་བཞུགས་པ་དང་སྤྱན་རས་གཟིགས་ཞལ་མཇལ་ཏེ་མ་ཎི་གསོལ་འདེབས་འདི་སྐུ་དངོས་ནས་གསུངས་པར་བརྟེན་ཁྱེད་ཚོས་མ་ཎི་གསོལ་འདེབས་འདི་ཉིན་རེར་ཚར་རེ་མ་ཆད་པར་འདོན་ཐུབ་ན་བདེ་བ་ཅན་ལ་སྐྱེ་བ་གདོན་མི་ཟའོ་ཞེས་གསུངས་འདུག །
རང་གིས་ཀྱང་འཆི་རྒྱུ་ལ་ཉེ་སྐབས་ཚར་རེ་འདོན་བཞིན་པ་ཡིན། ཁྱེད་རྣམ་པ་ནས་ཀྱང་མ་འཆུག །འདི་ཚར་རེ་འདོན་སྐབས་སྐར་མ་བཅུ་ཙམ་ལས་མི་འགོར། འཇིག་རྟེན་བྱ་བ་གང་ལ་ཡང་མི་གནོད་པས་ཉིན་རེ་ཚར་རེ་འདོན་རྒྱུའི་བཀའ་དྲིན་ཡང་ཡང་ཞུ།
འདི་ནི་ད་ལྟའི་དུས་ཚོད་དང་བསྟུན་ནས་སྤྱན་རས་གཟིགས་ཀྱི་ཐབས་ཤེས་ཡག་ཤོས་དང་བཀའ་དྲིན་ཆེ་ཤོས་ཞིག་རེད། དེར་བརྟེན་ཚང་མ་ནས་ལུང་འདོན་རྒྱུ་དང་དྲིལ་བསྒྲགས་བཟོ་རྒྱུ་མ་འཆུག །མ་ཎི་གསོལ་འདེབས་ཀྱི་ཡི་གེ་དགོས་ན་ང་ལ་གསུང་རོགས། ཇི་ཙམ་དགོས་རུང་ངས་ཞབས་ཕྱི་སྒྲུབ་ཆོག །

རྨོག་རྩའི་མིང་ཐོབ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ནས་བྲིས།

Leave a Reply

Your email address will not be published. Required fields are marked *