April 2020

རིག་འཛིན་བརྒྱད་ཀྱི་གསོལ་འདེབས་ཨེ་ཝྃ་ཀུན་གསལ།།
ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
ཀ་དག་ཆོས་སྐུའི་ངོ་བོ་ཀུན་ཏུ་བཟང་།།
ལྷུན་གྲུབ་ལོངས་སྐུའི་རང་བཞིན་རྡོ་རྗེ་སེམས།།
སྣ་ཚོགས་སྤྲུལ་སྐུའི་ཐུགས་རྗེ་པདྨ་འབྱུང་།།
རིག་འཛིན་དྲག་སྔགས་གླིང་པར་གསོལ་བ་འདེབས།།
ཨེ་ཝྃ་ཡེ་ཤེས་གྲུབ་པ་མཐར་ཕྱིན་ཤོག།
ཤར་ཕྱོགས་དུར་ཁྲོད་བསིལ་བ་ཚལ་གྱི་གནས།།
ཡང་དག་ཐུགས་ཀྱི་གཏེར་ལ་དབང་འབྱོར་ནས།།
གཉུག་སེམས་ཞི་བདེ་རྡོ་རྗེས་གྲུབ་བརྙེས་པ།།
རིག་འཛིན་ཧཱུྃ་ཆེན་ཀཱ་རར་གསོལ་བ་འདེབས།།
ཨེ་ཝྃ་ཡེ་ཤེས་གྲུབ་པ་མཐར་ཕྱིན་ཤོག།
ནུབ་ཕྱོགས་དུར་ཁྲོད་ཀུ་ལ་རྫོགས་པའི་གནས།།
འཇམ་དཔལ་སྐུ་ཡི་གཏེར་ལ་དབང་འབྱོར་ནས།།
ཀུན་བྱེད་ཡིད་བཞིན་ནོར་བུའི་གྲུབ་བརྙེས་པ།།
རིག་འཛིན་འཇམ་དཔལ་བཤེས་གཉེན་གསོལ་བ་འདེབས།།
ཨེ་ཝྃ་ཡེ་ཤེས་གྲུབ་པ་མཐར་ཕྱིན་ཤོག།
ནུབ་ཕྱོགས་དུར་ཁྲོད་པདྨ་བརྩེགས་པའི་གནས།།
པདྨ་གསུང་གི་གཏེར་ལ་དབང་འབྱོར་ནས།།
སྣང་སྲིད་དབང་དུ་བསྡུད་པའི་གྲུབ་བརྙེས་པ།།
རིག་འཛིན་ཀླུ་སྒྲུབ་སྙིང་པོར་གསོལ་བ་འདེབས།།
ཨེ་ཝྃ་ཡེ་ཤེས་གྲུབ་པ་མཐར་ཕྱིན་ཤོག།
བྱང་ཕྱོགས་དུར་ཁྲོད་ལངྐ་བརྩེགས་པའི་གནས།།
ཕུར་པ་འཕྲིན་ལས་གཏེར་ལ་དབང་འབྱོར་ནས།།
ཁམས་གསུམ་ཡོངས་སུ་སྒྲོལ་བའི་གྲུབ་བརྙེས་པ།།
རིག་འཛིན་པྲ་བྷ་ཧསྟིར་གསོལ་བ་འདེབས།།
ཨེ་ཝྃ་ཡེ་ཤེས་གྲུབ་པ་མཐར་ཕྱིན་ཤོག།
ཤར་ལྷོར་དུར་ཁྲོད་ལྷུན་གྲུབ་བརྩེགས་པའི་གནས།།
རྦོད་གཏོང་མ་མོའི་གཏེར་ལ་དབང་འབྱོར་ནས།།
བདེ་ཆེན་ལང་ཚོ་རྒྱས་པའི་གྲུབ་བརྙེས་པ།།
རིག་འཛིན་དྷ་ན་སངཀྲྀར་གསོལ་བ་འདེབས།།
ཨེ་ཝྃ་ཡེ་ཤེས་གྲུབ་པ་མཐར་ཕྱིན་ཤོག།
ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ་བའི་གནས།།
ཡོན་ཏན་བདུད་རྩིའི་གཏེར་ལ་དབང་འབྱོར་ནས།།
འཕོ་ཆེན་འཇའ་ལུས་མཆོག་གི་གྲུབ་བརྙེས་པ།།
རིག་འཛིན་བི་མ་མི་ཏྲར་གསོལ་བ་འདེབས།།
ཨེ་ཝྃ་ཡེ་ཤེས་གྲུབ་པ་མཐར་ཕྱིན་ཤོག།
ནུབ་བྱང་དུར་ཁྲོད་ཧེ་ཆེན་བརྡལ་བའི་གནས།།
འཇིག་རྟེན་མཆོད་བསྟོད་གཏེར་ལ་དབང་འབྱོར་ནས།།
བདུད་སྡེའི་གཡུལ་ལས་རྒྱལ་བའི་གྲུབ་བརྙེས་པ།།
རིག་འཛིན་རམ་བུ་གུ་ཧྱར་གསོལ་བ་འདེབས།།
ཨེ་ཝྃ་ཡེ་ཤེས་གྲུབ་པ་མཐར་ཕྱིན་ཤོག།
བྱང་ཤར་དུར་ཁྲོད་འཇིག་རྟེན་བརྩེགས་པའི་གནས།།
དྲག་སྔགས་དམོད་པའི་གཏེར་ལ་དབང་འབྱོར་ནས།།
ཕས་རྒོལ་མ་ལུས་འཇོམས་པའི་གྲུབ་བརྙེས་པ།།
རིག་འཛིན་ཤིནྟིྃ་གརྦྷར་གསོལ་བ་འདེབས།།
ཨེ་ཝྃ་ཡེ་ཤེས་གྲུབ་པ་མཐར་ཕྱིན་ཤོག།
འོག་མིན་དུར་ཁྲོད་མེ་རི་འབར་བའི་གནས།།
ཆོས་ཀུན་སྒྲུབ་རྒྱུད་གཏེར་ལ་དབང་འབྱོར་ནས།།
གདོད་མའི་ཀུན་བཟང་སངས་རྒྱས་གྲུབ་བརྙེས་པ།།
རིག་འཛིན་པདྨ་ཀ་རར་གསོལ་བ་འདེབས།།
ཨེ་ཝྃ་ཡེ་ཤེས་གྲུབ་པ་མཐར་ཕྱིན་ཤོག།
སྒོ་གསུམ་རྒྱལ་བའི་ཞིང་ཁམས་རྣམ་པར་དག།
སྐུ་གསུམ་ཡོན་ཏན་ཕྲིན་ལས་རབ་ཏུ་རྫོགས།།
ཁམས་གསུམ་འགྲོ་ཀུན་མ་ལུས་ཡོངས་སུ་སྨིན།།
མཆོག་གསུམ་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག།
ཅེས་པ་འདི་ཡང་རབ་གནས་འབྱུང་བ་ལྔ་ལྡན་ལྕགས་བྱིའི་དབོ་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་གཏེར་ཆེན་དྲག་སྔགས་གླིང་པའི་ཡང་སྲིད་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེ་དང་མཁན་པོ་ཨེ་ཝྃ་རིག་པས་གསུང་བསྐུལ་དང་། འཕགས་བོད་ཀྱི་རིག་འཛིན་ཡོངས་ལ་མི་ཕྱེད་པའི་དད་གུས་ཅན། རྒྱལ་ཁམས་པ་ཨེ་མ་ཧོས་རིག་འཛིན་དགུ་ཡི་མཚན་ཉིད་དབྱིན་ཡིག་གི་༼ Eight Vidyadharas. Manjushrimitra, Nagarjuna, Hungkara,Vimalamitra,Prabhahasti, Dhana Sanskrita, Shintam Garbha, Guhyachandra༽ མཚན་ཙམ་ལ་བརྟེན་ནས་གང་ཤར་ཐོལ་བྱུང་དུ་ཤར་བ་ལ་བཅོས་བསྒྱུར་མེད་པར་ཨེ་ཝྃ་རྫོགས་ཆེན་ཆོས་སྒར་ནས་གསོལ་བ་བཏབས་པས་སྔ་འགྱུར་རིག་འཛིན་རྒྱལ་བའི་བསྟན་པ་རྒྱས་པའི་རྒྱུ་རུ་གྱུར་ཅིག་གུ། སརྦ་ཤྲཱིཿམངྒ་ལྃ་བི་ཛ་ཡནྟུ།།

Leave a Reply

Your email address will not be published.