ནད་བཟློག་བསྐལ་བའི་མེ་དཔུང་རབ་འབར།།
ཧཱུཾ་ཧཱུཾ་ཧཱུཾ།།
བདེ་ཆེན་དབང་དྲག་འབར་བའི་མེ་ཀློང་ནས།།
ནད་གདོན་རྡུལ་ཕུང་མ་ལུས་བསྲེག་མཛད་མ།།
རྒྱལ་ཀུན་དཔལ་མོ་སེངྒེའི་གདོང་ཅན་མས།།
ནད་ངན་རྒྱུ་དང་བཅས་པ་དབྱིངས་སུ་བཟློག།
རྒྱལ་བ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་།།
ཡི་དམ་ཀུན་རྒྱལ་གུ་རུ་དྲག་པོའི་དཔལ།།
མཁའ་འགྲོ་རྒྱལ་མོ་སེང་གདོང་དྲག་མོ་དང་།།
ཆོས་སྐྱོང་དྲག་པོས་ནད་གདོན་ད་སྒྲོལ་ཅིག།
མ་མོའི་དལ་ཡམ་བཟློག་མཛད་དྲག་པོའི་ཚོགས།།
དྲག་རྩལ་མཐུ་སྟོབས་ངོམས་པའི་དུས་ལ་བབས།།
ཁྱད་པར་བྱ་ཁྱུང་དྲག་པོ་གྷ་རུ་ཌཱས།།
ནད་གདོན་རྡུལ་ཕུང་བསྲེག་པའི་ཕྲིན་ལས་མཛོད།།
ཕྱི་ཕུང་རྡུལ་ནད་མེ་ཆུས་ནང་དུ་བསྲེགས།།
ནང་སེམས་རྣམ་རྟོག་ཞི་ལྷག་ངང་དུ་དེངས།།
གསང་སྔགས་ཚུལ་བཞིན་སྒྲུབ་པའི་དམ་ཚིག་ལས།།
ཡང་གསང་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག།
སྣང་བ་དག་པ་ལྷ་ཡི་ཞིང་ཁམས་མཇལ།།
སྲིད་པའི་ལོངས་སྤྱོད་རིག་པའི་རྒྱན་དུ་ཤར།།
སྣང་སྲིད་ཀུན་བཟང་སྒྱུ་འཕྲུལ་དྲཱ་བར་རྫོགས།།
འགྲོ་ཀུན་སྨིན་གྲོལ་རྒྱལ་བའི་སྐུ་ཐོབ་ཤོག།
ཅེས་པ་འདི་ཡང་རབ་གནས་ལྕགས་བྱིའི་དབོ་ཟླའི་དབང་ཚེས་རྒྱལ་བ་དང་པོར་དབྱིན་ཡུལ་ནས་ཉི་མ་རེ་བཞིན་མི་གྲངས་སྟོང་ཕྲག་རེ་ཀོ་རོ་ནས་འཆི་རྐྱེན་མཐོང་བའི་མོད་ལ་རྩ་གསུམ་ཆོས་སྐྱོང་ལ་ར་མདའ་སྒྲོན་པའི་དྲག་བསྐུལ་ནད་བཟློག་གི་ཆེད་དུ་ཤྲཱིཿསྨྱོན་ཨེ་མ་ཧོས་གུ་རུའི་ཐུན་མཚམས་ན་གསོལ་བ་འདེབས་པར་དགེའོ།། །།