April 2020

༧གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན་གྱི་འདས་མཆོད། 今天玛色罗珠仁青圆寂纪念日

།བོད་ཟླ༢ ཚེས༢༦ཉིན།
༈ རྗེ་མཚུངས་མེད་བློ་གྲོས་རིན་ཆེན་ལ་གསོལ་བ་འདེབས་སོ།
བདག་འཛིན་འཁྲུལ་པའི་འཆིང་བ་རྩད་ནས་བཅད།།
བརྗོད་མེད་ཆོས་སྐུའི་རང་ཞལ་རྗེན་པར་བུད། །
ཀུན་ཀྱང་སངས་རྒྱས་ས་རུ་སྐྱེལ་མཛད་པ། །
བློ་གྲོས་རིན་ཆེན་ཞབས་ལ་གསོལ་བ་འདེབས།

ལོ་རེའི་བོད་ཟླ༢པའི་ཚེས་༢༦ནི། ཟུར་མང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་ཆེན་པོ་༧གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན་གྱི་འདས་མཆོད་ཡིན་པས་ང་ཚོས་རྗེས་དྲན་གྱི་ཚུལ་དུ་དམ་པ་ཁོང་གི་རྣམ་ཐར་མཇལ་བ་དང་མགུར་འདོན་པ། གསོལ་འདེབས་སྨོན་ལམ་བྱེད་པ་སོགས་དགེ་ཚོགས་ལ་འབད་རྒྱུ་ཤིན་ཏུ་གལ་ཆེ།


དེ་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱི་ནང་ནས་བླ་མ་མཆོད་པའི་བསོད་ནམས་ནི་དགེ་བ་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་སྟེ། དམ་ཚིག་བཀོད་པའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། ། བསྐལ་པ་འབུམ་དུ་བསྒོམ་པ་བས།། བླ་མ་སྐད་ཅིག་དྲན་པ་མཆོག ། བསྙེན་བསྒྲུབ་བཟླས་པ་ས་ཡ་བས། ། བླ་མར་གསོལ་འདེབས་ལན་གཅིག་མཆོག ། ཅེས་གསུངས་པ་ལྟར་ལགས་པས་འབྲེལ་ཡོད་ཀུན་གྱིས་དོན་འདི་ཐུགས་ལ་བཞག་སྟེ་བླ་མ་མཆོད་པ་དང་དགེ་སྒྲུབ་སྡིག་སྤོང་གང་ཐུབ་གནང་བར་ཞུ།












祷。
黄金色分割线

༈ རང་བྱུང་འོད་གསལ་གྲུབ་པའི་ཡེ་ཤེས་སྐུ། །
འབུམ་སྡེ་བཅུ་གསུམ་གྲུབ་པའི་མཁའ་ལ་གཤེགས། །
ཁམས་གསུམ་ཡོངས་གྲོལ་ཤེས་རབ་བཟང་པོའི་དཔལ། །
བློ་གྲོས་རིན་ཆེན་ཞབས་ལ་གསོལ་བ་འདེབས། །
གསོལ་འདེབས་འདོན་མཁན། མཚོ་ཡག རོལ་མོ་སྒྲིག་བཟོ་པ། ཡེ་ཤེས་སེང་གེ།
ཟུར་མང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་པ་པོ་གྲུབ་ཆེན་རྨ་སེ་རྟོགས་ལྡན་བློ་གྲོས་རིན་ཆེན་མཆོག་སྐུ་ཞི་བར་གཤེགས་ནས་ལོ་འཁོར་༥༩༢ལོན་པའི་འདས་མཆོད།
གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན་གྱི་མཛད་རྣམ་མདོར་བསྡུས།

དྲུང་རྨ་སེ་བློ་གྲོས་རིན་ཆེན་ནམ་གྲུབ་དབང་མ་ཏི་རཏྣ་ནི་བོད་ལྗོངས་ཆབ་མདོ་ཀརྨ་ཡུལ་ཤོག་གྱམ་ཤེལ་དུ་ཡབ་རྨ་སེ་རྒྱ་གར་འབུམ་དང་། ཡུམ་གླིང་བཟའ་བསོད་ནམས་སྒྲོན་གཉིས་ཀྱི་སྲས་སུ་མེ་ཕོ་སྟག་ལོར(1386)སྐུ་བལྟམས། ཁོང་གི་གདུང་རུས་ནི་རབ་སྟོད་ཚར་སྒང་གི་མི་ཉག་རྒྱལ་རིགས་སུ་གཏོགས་པའི་རྨ་སེ་སྟེ། མི་ཉག་མཁས་པ་མི་ལྔ་ནང་གི་རྨ་སེ་སྟོན་པ་རིན་ཆེན་བཟང་པོ་དང་རིགས་རྒྱུད་གཅིག་ཏུ་འཁྲུངས།
ཁོང་ནི་ཡབ་རྨ་སེ་རྒྱ་གར་འབུམ་སྟོད་ཕྱོགས་སུ་ཚོང་ལ་བྱོན་པའི་ལམ་ནས་སྐུ་འཁྲུངས་ཀྱང་དགུང་ལོ་དྲུག་ཙམ་ནས་ཡུམ་དང་བཅས་ཏེ་ཕ་ཡུལ་མི་ཉག་རབ་སྒང་དུ་བྱོན། དགུང་ལོ་བཅུ་ཙམ་ནས་ཆོས་གྲྭ་ཆེན་པོ་བསམ་འགྲུབ་ནོར་བུ་གླིང་གི་མཁན་ཆེན་གྲགས་པ་རྒྱལ་མཚན་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་འདུལ་བ་དང་ཕ་རོལ་ཏུ་ཕྱིན་པ་ཐོས་བསམ་གནང་། དེ་མཚམས་སྔགས་འཆང་གི་ཆས་ལ་ཞུགས་ནས་གྲུབ་ཐོབ་མི་ར་ཀ་དཔལ། བླ་མ་པདྨའི་ངང་ཚུལ། ཀ་བཞི་ཡོན་ཏན་རྒྱ་མཚན་སོགས་བསྟེན་ཏེ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་སོགས་ཞུས། དགུང་གྲངས་ཉེར་ལྔའི་ཐོག་ནས་མདོ་ཁམས་བརྒྱུད་ནས་དབུས་སུ་ཕེབས།
ལྕགས་ཡོས་ལོ(1411)སྟེ་དགུང་ལོ་ཉེར་དྲུག་སྐབས་སུ་དབུས་ནས་བླ་མ་ལུང་བཟང་བ་དང་། ཀརྨ་པ་དེ་བཞིན་གཤེགས་པ་སོགས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་མང་དུ་བསྟེན། ཀརྨ་པ་དེ་བཞིན་གཤེགས་པས་མཁན་པོ་མཛད་དེ། ལས་སློབ་བློ་གྲོས་རྒྱལ་མཚན་སོགས་དགེ་འདུན་གྲངས་ཚང་བའི་མདུན་ནས་རབ་ཏུ་བྱུང་། མཚན་ལ་བློ་གྲོས་རིན་ཆེན་དུ་གསོལ། ཁོང་གིས་མཁས་གྲུབ་དུ་མའི་མདུན་ནས་བྱམས་ཆོས་དང་དོ་ཧ་སྐོར་གསུམ་སོགས་མདོ་རྒྱུད་ཀྱི་ཆོས་ཚུལ་ཟབ་མོ་ལོ་འཁོར་དུ་མར་གསན་སྒོམ་གནང་ཞིང་། ཀརྨ་པ་དེ་བཞིན་གཤེགས་པས་མཁའ་འགྲོ་སྙན་རྒྱུད་ཀྱི་ཟབ་དོན་དག་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ་ཆོས་བདག་ཏུ་མངའ་གསོལ་བས་ནོར་བདག་པོའི་ལག་ཏུ་ཐོབ་པ་ནང་བཞིན་མཛད་པ་སྐྱོང་།
ཆུ་མོ་ཡོས་ཀྱི་ལོར(1423)ཟུར་མང་དགོན་པ་ཕྱག་བཏབ།
ཁོང་གིས་བོད་ཁམས་ཀྱི་སྟོད་ཇོ་མོ་གངས་དཀར་ནས་སྨད་རྒྱལ་མོ་ཚ་བ་རོང་གི་བར་གྱི་དབེན་དགོན་མང་པོ་ཞབས་ཀྱིས་བཅགས་པ་དང་། དམིགས་བསལ་མདོ་ཁམས་ཕྱོགས་ནས་ཆབ་མདོ་དང་། ཡུལ་ཤུལ་རྫོང་། ནང་ཆེན་རྫོང་སོགས་ན་ཡོད་པའི་གནས་རི་མདོ་ཁམས་སྐུ་རྒྱལ་དང་། འབུམ་རྫོང་། རྡོ་ཏི་སོགས་དབེན་གནས་མང་པོ་ལ་སྒོམ་སྒྲུབ་མཛད་དེ་བཀའ་བརྒྱུད་གོང་མའི་རྣམ་ཐར་སྐྱོང་བས་རྨ་སེ་རྟོགས་ལྡན་ཞེས་ཡོངས་སུ་གྲགས། ཁོང་གིས་འཇའ་མོ་མི་གསུམ་དང་། རྟོག་ལྡན་ཡ་བརྒྱད་སོགས་མིང་དུ་གྲགས་པའི་འཁོར་སློབ་མང་པོ་བསྐྱངས་ནས་བསྟན་པའི་བྱ་བ་རླབས་ཆེན་གནང་བ་དང་། ད་ལྟའི་བར་མཁས་གྲུབ་གསེར་རིའི་ཕྲེང་བ་བར་མ་ཆད་པ་བྱོན་པས་ཟུར་མང་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས།
དེ་ནས་ས་སྤྲེལ་ལོའི་(1428)དཔྱིད་ཟླ་འབྲིང་པོའི་ཚེས་ཉེ་དྲུག་ཉིན་ཏེ་དགུང་གྲངས་ཞེ་གསུམ་ཐོག་ནས་ཟུར་མང་དགོན་འདིར་སྐུ་གཤེགས།
ཁོང་གི་གསུངས་ཆོས་གཙོ་བོ་ནི《བདེ་མཆོག་སྙན་རྒྱུད་ཀྱི་དབང་མཆོག་ཟབ་མོ》《སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད་རིན་ཆེན་ཕྲེང་བ》 《དབང་དང་བསྐྱེད་རིམ་སྒོ་ནས་གཞི་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་པ་ལྷན་ཅིག་སྐྱེས་སྦྱོར》《མཚུངས་མེད་བློ་གྲོས་རིན་ཆེན་གྱི་རྣམ་མགུར》སོགས་མན་ངག་དང་མགུར་མ་སྒྲུབ་ཐབས་སོགས་མང་དུ་བཞུགས།
ལྷག་པར་དུ(ཟུར་མང་བཀའ་བརྒྱུད)དང་། (ཟུར་མང་སྙན་བརྒྱུད)(ཟུར་མང་ཚོགས་གར་ཆེན་མོ)འདི་གསུམ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སྲོལ་གཏོད་གནང་།
འཕགས་ཆེན་གྱིས།

Leave a Reply

Your email address will not be published. Required fields are marked *