April 2020

རྫོགས་ཆེན་སྐྱབས་མགོན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་དག་སྣང་།
࿑ གྲུབ་དབང་རྫོགས་ཆེན་པ་སྐྱབས་མགོན་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དག་པའི་སྣང་བར་ཟངས་མདོག་དཔལ་རིར་བྱོན་པའི་ལོ་རྒྱུས་འབྲེལ་ཚད་ཐར་ལམ་འདྲེན་པའི་ལམ་སྒྲོན་ཞེས་བྱ་བ་བཞུགས་སོ།།

ལྕགས་སྤྲེལ་ལོར་མཚམས་སྤྲུལ་རིན་པོ་ཆེས་ལུང་བསྟན་ལ། ད་ལོའི་རང་ལོའི་སྟེང་འདན་སེང་གེ་གནམ་རྫོང་ལྟ་བུ་ཞིག་ལ་བསྡད་ན་གསུངས་པ་ལྟར། སེང་གེ་གནམ་རྫོང་དང་པདྨ་རི་མཐོ་གཉིས་ཀྱི་མདུན་ཞོལ་དུ་གནས་འབྲེལ་བསྡད་སྐབས། སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུའི་ནུབ་མོའི་མནལ་ལམ་དུ་སྐད་ཅིག་གིས་རོལ་བའི་མཚོ་བདུན་ཞིག་གི་མཚོ་འགྲམ། རི་དང་བྱེ་མ་ཐམས་ཅད་གསེར་ཅན་རེད་ཡོད་པ་ཞིག་ཏུ་ཤར་ཕྱོགས་སུ་བྲག་ཕུག་ཤིན་ཏུ་ཆེ་བ་ཡོད་པའི་ནང་དུ་གུ་རུ་རིན་པོ་ཆེ་བདེ་བ་ཆེན་པོའི་ཆས་ཅན་གྱི་མདུན་དུ་སླེབས། དེའི་མདུན་ན་གཡས་སུ་འཇམ་མགོན་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ། གཡོན་དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས། གཞན་ཡང་འཇམ་མགོན་མི་ཕམ་རིན་པོ་ཆེ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་ཐེག་མཆོག་རྡོ་རྗེ། འཇིགས་མེད་ཆོས་དབྱིངས་འོད་གསལ། མཁན་ཆེན་པདྨ་བཛྲ། དགེ་བཤེས་ལུང་རྟོགས་རྒྱ་མཚོ། རྡོ་གྲུབ་ཀུན་བཟང་གཞན་ཕན། རྫ་རྒྱལ་མཚམས་སྤྲུལ་པདྨ་ཀུན་བཟང་སོགས་བདག་ཅག་གི་རྩ་བའི་བླ་མ་རྣམས་ཀྱིས་གཙོས་པའི་བླ་སྤྲུལ་ངོ་མི་ཤེས་པ་མང་པོ་བཞུགས་པའི་གྲལ་མཐར་རང་འདུག བླ་མ་བདེ་མཆོག་འཁོར་ལོའི་ཚོགས་གསུངས་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དེ་ནས་ཡང་རོལ་མཚོའི་གླིང་བར་ཞིག་གི་མཚོ་འགྲམ་དུ་བྲག་ཕུག་ཅིག་གི་ནང་རིན་པོ་ཆེའི་ཁྲི་སྟེང་དུ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་རབ་བྱུང་གི་ཆས་ཅན་བཞུགས། མདུན་ངོས་སུ་གུ་རུའི་ཞལ་ཐང་ཞིག་བཤམས། དེའི་མདུན་ནས་བཱི་མ་སྙིང་ཐིག་གི་དབང་ཞིག་ཐོབ་པ་རྨིས། དེ་ནས་རིགས་ཀྱི་བུ་ཁྱོད་རང་ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཇལ་བར་འདོད་ན་ད་ལྟ་འགྲོ་གསུངས། བདག་གིས་ཀྱང་དེ་ལྟར་གསོལ་བ་འདེབས་པར་ཞུ་ཞེས་པས། དེ་མ་ཐག་ཏུ་སེང་གེ་དཀར་མོ་སྒ་སྲབ་དང་ལྡན་པ་ཞིག་དང་ རྟ་དཀར་ཞིག་བཅས་མཁའ་འགྲོ་དཀར་སེར་དམར་ལྗང་མཐིང་བཅུ་དྲུག་སྤྲིན་གཏིབས་པ་ལྟར་ཕེབས་ནས། འཇམ་མགོན་བླ་མས་སེང་གེ་བཅིབས་ནས་མཁའ་འགྲོ་མཐིང་ཀ་གཅིག་གིས་ཆིབས་ཁ་ཁྲིད། བདག་ཀྱང་རྟ་དཀར་པོ་ལ་ཞོན་ནས་མཁའ་འགྲོ་རྣམས་སྤྲིན་གཏིབས་པ་ལྟར་དང་མཉམ་དུ་ལྷོ་ནུབ་ཀྱི་ནམ་མཁར་ཕྱིན་ཏེ། སྐད་ཅིག་གིས་བྲག་རི་དམར་པོ་སྙིང་གི་དབྱིབས་ཅན་རྩེ་མོ་གནམ་དུ་ཟུག་པ་དེའི་སྟེང་དུ་ཕོ་བྲང་སུམ་བརྩེགས་གཡས་གཡོན་དུ་ཉི་མ་ཟླ་བ་ཤར་བ། སྐེད་པར་གཡུ་ཡི་ན་བུན་འཁྲིགས་པ། རྩ་བར་རྒྱ་མཚོ་ཆེན་པོས་བསྐོར་བ། མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་པ། དེའི་ཕྱི་རོལ་ཏུ་སྲིན་པོའི་གྲོང་ཁྱེར་མ་ཡིན་པའི་གྲོང་ཁྱེར་མང་པོས་བསྐོར་བ། དེའི་ཕྱི་རོལ་ཏུ་རྒྱ་མཚོས་བསྐོར་བ། དེའི་ཕྱི་རོལ་ཏུ་བྲག་རི་དམར་པོས་བསྐོར་བ། དེའི་ཕྱི་རོལ་ཏུ་སྲིན་པོའི་གྲོང་ཁྱེར་ཉེར་གཅིག དེའི་ཕྱི་རོལ་ཏུ་བྲག་རི་དམར་པོས་བསྐོར་བ། ཆུའི་བར་མཚམས་སུ་རི་རྒྱལ་གྱི་རྩ་བའི་བར་ལྕགས་ཀྱི་ཟམ་པ་ཡོད་པ་ཟམ་སྲུང་ཐམས་ཅད་སྲིན་པོ་མགོ་དགུ་པ་ཅན་མགོ་གསུམ་པ་ཅན་སོགས་སྣ་ཚོགས་ཡོད་པ། ལག་ན་སྟ་རེ། རལ་གྲི། ཐོ་བ་སོགས་འཛིན་པ་སྣ་ཚོགས་ཡོད། ལྷོ་ནུབ་ཀྱི་ནམ་མཁའ་ནས་མར་བབས་སྟེ་ཕོ་བྲང་གཡས་བསྐོར་གྱིས་འཇམ་མགོན་བླ་མ་དང་ལྷན་ཅིག་ཏུ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོའི་ཤར་ཕྱོགས་སུ་ཐོན། ཐོག་མ་ཕོ་བྲང་ཆེན་པོའི་ཕྱི་རོལ་ནས་གཡས་བསྐོར་གྱིས་གཡུ་འབྲུག་ལྡིར་བཞིན་པ་ནམ་མཁའ་ནས་འཁྱུགས་ཏེ་འོང་བ་དང་། ཁྱུང་སྔོན་པོ་འཕུར་སྟབས་དང་། གངས་ཀྱི་སེང་གེ་དཀར་མོ་རྔམ་སྟབས། རྒྱ་སྟག་མཆོང་སྟབས་ཀྱིས་ཐོན་ཏེ་ཕོ་བྲང་ཤར་ཕྱོགས་སུ་ཐོན། ཕོ་བྲང་གི་འགོ་ཁང་གི་ཤར་སྒོ་ནས་རིམ་བཞིན་སོག་པོ་གཉིས། རྒྱ་གཉིས། ཁ་ཆེ་གཉིས། བལ་བོ་གཉིས། གནོད་སྦྱིན་གཉིས། ཨ་ཙ་ར་གཉིས། ཐོར་ཅོག་ཅན། དགེ་སློང་རྩེ་དྲུང་ཆས་ཅན་གཉིས། རྒྱ་གར་ཨ་ཙ་ར་གོས་སེར་པོ་ཅན་གཅིག གཟན་དམར་པོ། ཞྭ་སེར་པོ། མི་ཚེ་རིང་སྐྲ་དང་རྒྱ་དཀར་པོ། སྟོད་གོས་སྔོན་པོ། སྨད་ཤམ་དམར་པོ་ཅན་བཅས་རིམ་བཞིན་སེར་ཕྲེང་གིས་ཕེབས། ཤར་དུ་སོག་པོ་གཉིས། ལྷོར་རྒྱ་གཉིས། ནུབ་ཏུ་ཨ་ཙ་ར་གཉིས། བྱང་དུ་གནོད་སྦྱིན་གཉིས། ཤར་ལྷོར་ཁ་ཆེ་གཉིས། ལྷོ་ནུབ་བལ་བོ་གཉིས། ནུབ་བྱང་དགེ་སློང་གཉིས། བྱར་ཤར་མོན་པ་གཉིས། ཐམས་ཅད་འགྲེངས་ཏེ་ཁ་ནང་དུ་ཕྱོགས་པ། དེའི་ཕྱི་རོལ་ཕྱོགས་བཞིར་ཤར་དུ་སེང་གེ་རྔམ་སྟབས། ལྷོར་གཡུ་འབྲུག་འཁྱུགས་སྟབས། ནུབ་ཏུ་ཁྱུང་འཕུར་སྟབས། བྱང་དུ་སྟག་མཆོང་སྟབས་བྱེད་པ། དབུས་སུ་ཨ་ཙ་ར། དེའི་མདུན་དུ་མི་ཚེ་རིང་གཉིས་དྲི་བ་དྲིས་ལན་སྣ་ཚོགས་མཛད་པ། དེ་ནས་སེང་གེ་འབྲུག་ཁྱུང་སྟག་རྣམས་གཡས་བསྐོར་གྱིས་ཕྱི་རོལ་གྱི་བྲག་རི་དམར་པོའི་ནང་། ཤར་སེང་གེ། ལྷོར་གཡུ་འབྲུག ནུབ་ཏུ་ཁྱུང་། བྱང་དུ་སྟག་རྣམས་འཁོད། དེ་ནས་རིམ་བཞིན་ཤར་གྱི་སོག་པོ་ནས་རིམ་བཞིན་གཡས་སྐོར་གྱིས་སྒོ་ནང་ཡར་ཕེབས། དེ་མ་ཐག་ཏུ་ཕོ་བྲང་རིམ་པ་གསུམ་གྱི་ཁང་སྟེང་ནས་དར་། གདུགས། འཕན། རྒྱལ་མཚན། ཕྱེ་ཕུར། བ་དན། རྔ་ཡབ་ནོར་བུའི་ཡུ་བ་ཅན། ལ་ཤགས། རྔ། རོལ་མོ། བསིལ་སྙན། དུང་དཀར། དུང་དམར། རྒྱ་གླིང་། འཕྲེད་གླིང་། བུར་ཏིང་། མཁའ་རྔ། རྔ་ཟླུམ། རྫ་རྔ། ཏིང་ཤག དྲིལ་བུ་སོགས་སྲིད་ན་མཆོད་པར་འོས་པའི་རྒྱན་སྣ་ཚོགས་པ་དང་ཡོ་བྱད་སྣ་ཚོགས་པ་བསྒྲིགས་པ། ཕོ་བྲང་ཤར་སྒོ་ནས་རིམ་བཞིན་རྒྱ་ཧ་ཤང་། ཧ་སྤྲུག་བཅུ། གནོད་སྦྱིན་ཆས་ཅན་ཞིག་གིས་རྨ་བྱའི་གདུགས་ཐོགས་པ། ཚངས་པ་གདོང་བཞིས་གསེར་འཁོར། བརྒྱ་བྱིན་དུང་དཀར་པོ། ཁྱབ་འཇུག་གསེར་གྱི་མེ་ཏོག ལྗོན་པ་རྟ་མགོས་ནོར་གཞོང་། གྲུལ་བུམ་གཡུའི་རི་བོ། ཁ་ཆེས་བྱུ་རུའི་སྡོང་པོ། བལ་བོས་གླང་ཆེན་མཆེ་བ། དྲི་ཟས་པི་ཝང་། རྒྱ་མིས་ནོར་བུ་དོན་ཡོད་ཞགས་པ། བོད་པས་གཟི་དབྱུག ཤང་ཤང་གིས་ཕག་ལྡེབ་སོགས་དང་། རྒྱ་གླིང་། དུང་དཀར། དུང་དམར། འཕྲེད་གླིང་། རོལ་མོ། སིལ་སྙན། རྔ། བུར་ཏིང་། མཁར་རྔ། རྔ་ཟླུམ། རྫ་རྔ། ཏིང་ཤག དྲིལ་བུ་སོགས། བ་དན། རྒྱལ་མཚན། ཕྱེ་ཕུར། འཕན་ཤར། ལ་ཤག རྨ་བྱའི་གདུགས་སོགས་མཆོད་རྫས་སྣ་ཚོགས་པས་སྣ་དྲངས་ཏེ། གུ་རུ་རིན་པོ་ཆེ་ཤིང་རྟ་འཁོར་ལོའི་སྟེང་དུ་བཞུགས་ནས་རྒྱལ་ཆེན་སྡེ་བཞི་སོགས་འཇིག་རྟེན་སྐྱོང་པའི་མཐུ་ཆེན་མགོན་པོ་རྣམས་ཀྱིས་ཤིང་རྟ་དྲངས། གཡས་གཡོན་གྱི་ཟུར་དུ་ལྷ་ལྕམ་མནྡཱ་ར་བ། ཡེ་ཤེས་མཚོ་རྒྱལ། གཡས་སུ་མཁན་ཆེན་བོདྷི་ས་ཏྭ། གཡོན་ཏུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། དེའི་གཡས་གཡོན་དུ་གུ་རུ་མཚན་བརྒྱད་འཆམ་སྟབས་ཀྱིས་ཕེབས་ནས། དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་ན་གུ་རུ་སྣང་སྲིད་ཟིལ་གནོན། གཡས་སུ་མནྡཱ་ར་བ། གཡོན་དུ་ཡེ་ཤེས་མཚོ་རྒྱལ། གཡས་ཕྱོགས་སུ་ཁྲི་སྟེང་ན་མཁན་ཆེན་ཞི་བ་འཚོ། གཡོན་ཕྱོགས་སུ་ཁྲི་སྟེང་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གཡས་ཕྱོགས་སུ་ཉི་མ་འོད་ཟེར། བློ་ལྡན་མཆོག་སྲེད། པདྨ་འབྱུང་གནས། སེང་གེ་སྒྲ་སྒྲོག གཡོན་དུ་ཤཱཀྱ་སེང་གེ པདྨ་རྒྱལ་པོ། །པདྨ་སཾ་བྷ། རྡོ་རྗེ་གྲོ་ལོད། གུ་རུའི་མདུན་ཁྲིའུ་ཁར་ཧ་ཤང་། ཧ་སྤྲུག་དཀར་གཉིས། སེར་གཉིས། དམར་གཉིས། ལྗང་གཉིས། སྔོ་གཉིས། གུ་རུའི་མདུན་ནས་ཞལ་ཡར་གྱུ་ལ། ཚངས་པ། བརྒྱ་བྱིན། མིའམ་ཅི། ལྷ། ཀླུ། དྲི་ཟ། གྲུལ་བུམ། གཡས་གཡོན་དུ་རྡོ་རྗེ་ལྷ་མོ་བཅུ་དྲུག་རྣམས་འགྲེངས་ཏེ་རང་རང་གི་ཕྱག་མཚན་ཐོགས་པ། གཞན་ལྷ་མོ་སྣ་ཚོགས་ཀྱིས་བསིལ་གཡབ་བསྣམས་པ། མེ་ཏོག་འཐོར་བ་སོགས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད། དེའི་ཕྱི་རོལ་ཏུ་སྔར་གྱི་སེར་ཕྲེང་ཡོ་བྱད་སྣ་ཚོགས་ཐོགས་པ་རྣམས་ཀྱིས་བསྐོར་བ། དེའི་ཕྱི་རོལ་གཡས་ཕྱོགས་སུ་དཔའ་བོ་བཅུ་དྲུག གར་ཆས་རུས་རྒྱན་ཅན་འཆམ་སྟབས་ཀྱིས་ལག་ན་ཌ་དྲིལ་ཐོགས་པ། སྨོན་ལམ་འདེབས་ཚུལ་དང་ཞི་བའི་སྟངས་སྟབས་ཅན། གཡོན་ཕྱོགས་དཔའ་མོ་བཅུ་དྲུག ཞི་བའི་ཆས་བཅུ་གསུམ་གྱིས་བརྒྱན་པ། ལག་ན་རྔ་ཐོགས་ནས་ཞི་བའི་སྟངས་སྟབས་ཅན། དེའི་ཕྱི་རོལ་གྱི་གཡས་ཕྱོགས་སུ་ལས་བྱེད་ཀྱི་ཁྲོ་བོ་ཀིང་ཀ་ར་ཞེས་པ་སྒྲོལ་གིང་གཅེར་བུ་དམར་པོ་ལྔ། ནག་པོ་ལྔ། དྲག་པོ་ཨམ་གཙིགས་བསྡམས་པ། ཞིང་ལྤགས་ཀྱི་སྟོད་གཡོག སྟག་ལྤགས་ཀྱི་ཤམ་ཐབས། ལག་ན་རལ་གྲི་ཐོགས་པ། རུས་པའི་སེ་རལ་ཁས་བརྒྱན་པ། སྐྲ་ཐུར་དུ་འཕྱངས་བ། ཤིན་ཏུ་ཁྲོ་བའི་ཉམས་ཅན། དགྲ་བོ་སྒྲོལ་བའི་ཚུལ་གྱི་འཆམ་སྟབས་ཅན། ཕྱི་རོལ་གྱི་གཡོན་ཕྱོགས་སུ་དུར་ཁྲོད་ཀྱི་གླིང་ཆེན་པོར་མཆོད་རྟེན། དུར་ཤིང་། དུར་ཆུ། དུར་བྱ་སྣ་ཚོགས་ཡོད་པ་དེའི་ཐད་དཀྱིལ་དུ། གིང་ཆེན་བཅོ་བརྒྱད་ཀིང་རུས་ཀྱི་གཟུགས་ཅན་ལྷག་སྡུད་ཀྱི་ཕོ་ཉའི་ཚུལ་མཛད་པ། སྤྱི་གཙུག་ཏུ་རྡོ་རྗེ་ཕྱེད་པས་མཚན་པ། དེ་དག་རྣམས་ཀྱི་ཕྱོགས་སུ་འཆམ་སྟབས་ཅན་ནི། འོག་ཁང་ཕོ་བྲང་ཆེན་པོའི་ཕྱི་རོལ་ཏུ་མགོན་པོ་མ་ནིང་གིས་འཆམ་དཔོན་གྱིས། ལེགས་ལྡན། ཕྱག་བཞི། སྔགས་སྲུང་མ། ཚེ་རིང་མ། ལྷ་ཆེན། གཟའ། དམ་ཅན་སེང་ཞོན། ར་ཞོན། ལྷ་བཙན། ནོར་སྒྲུབ། དགོངས་བཙན། ལྡང་ལྷ། ཙིའུ་དམར། རྒྱལ་པོ་སྐུ་ལྔ། ཉི་གྲགས་རྒྱལ་པོ། རྡོ་རྗེ་གྲགས་ལྡན། གྲི་བཙན། ནོར་བདག ཐང་ལྷ། ཟི་ཁྲོམ། ཀུན་གྱི་མཐའ་ལ་ཉི་གྲགས་ལྷ་མོ་སྔགས་བདག་མ། ཐམས་ཅད་ཀྱང་གཡས་ན་ཕུར་བུ། གཡོན་ན་བྷནྡྷ་བསྣམས་པ། གིང་ཆེན་ཉེར་གཅིག་མདོག་སྣ་ཚོགས་ཀུན་ཀྱང་ཉྭ་ཁྲ། རུ་དར་ཅན། ཕྱག་ན་རྔེའུ་ཆུང་བསྣམས་པ། གར་སྟབས་ཅན། ཁྲོ་བོ་རེ་དང་གིང་ཆེན་རེ་སྤེལ་མར་གར་སྟབས་མཛད་ནས་འོག་ཁང་ཕོ་བྲང་ཆེན་པོའི་ཕྱི་རོལ་འཁོར་ཡུག་ཏུ་འཁོར་བ། འོག་ཁང་དེའི་ཕྱི་རོལ་ཤར་ལྷོའི་ཕྱོགས་སྔགས་པ་ཉེར་ལྔ། བེར་ནག་པོ་ཞྭ་ནག་ཅན། ཕུད་ཕོར་བསྣམས་པ་ཉེར་ལྔ་འཆམ་སྟབས་ཅན། ལྷོ་ཕྱོགས་སུ་འཆམ་དཔོན་ཕྱག་ན་རྡོ་རྗེ། ཆེ་མཆོག ཡང་དག གཤིན་རྗེ། རྟ་མགྲིན། རྡོ་རྗེ་གཞོན་ནུ། མ་མོ། རིག་འཛིན། དྲེགས་འདུལ། དྲག་སྔགས་ཐམས་ཅད་ཁྲོ་བོ་མཐིང་ནག་རྡོ་རྗེ་བྷནྡྷ་བསྣམས་པ་བགེགས་སྐྲད་པའི་ཚུལ་གྱིས་འཆམ་སྟབས་ཅན། ནུབ་ཕྱོགས་འཆམ་དཔོན་བླ་མ་དགོངས་འདུས། ཞེ་སྡང་རྡོ་རྗེ། ང་རྒྱལ་རྡོ་རྗེ། འདོད་ཆགས་རྡོ་རྗེ། ཕྲག་དོག་རྡོ་རྗེ། གཏི་མུག་རྡོ་རྗེ། བདེ་བའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཁྲག་འཐུང་རྡོ་རྗེ། བུདྡྷ་ཐོད་ཕྲེང་། བཛྲ་ཐོད་ཕྲེང་། རཏྣ་ཐོད་ཕྲེང་། པདྨ་ཐོད་ཕྲེང་། ཀརྨ་ཐོད་ཕྲེང་། རྡོ་རྗེ་མནོངས་པ། རྡོ་རྗེ་མྱུ་གུ། རྡོ་རྗེ་བཞད་པ། གར་གྱི་དབང་ཕྱུག འབར་བའི་ཕྲེང་འཛིན། སངས་རྒྱས་དཔའ་བོ། སྟོབས་ཆེན་རྒྱལ་མཚན། གུར་དྲག རྟ་མགྲིན་དམར་པོ། དྲག་པོ་རྟ་ཁྱུང་། ཡཀྴ་མེ་དབལ། འདོད་པའི་རྒྱལ་བོ་བཅས་ཉེར་ལྔ་ཐམས་ཅད་སྐུ་མདོག་དམར་པོ་བྷནྡྷ་ཕུར་བུ་བསྣམས་པ་འཆམ་སྟབས་ཅན། བྱང་ཕྱོགས་སུ་རྟ་མགྲིན་ལྕགས་རལ་གྱིས་འཆམ་དཔོན་གཙོས་ཁྲོ་བོ་མཐིང་ག་ཉེར་ལྔ་གཡས་པ་རལ་གྲི་གཡོན་པ་བྷནྡྷ་བསྣམས་པ་ཉེར་ལྔ་འཆམ་སྟབས་ཀྱི་ཚུལ། ཤར་སྒོ་གིང་ཆེན་ཉེར་ལྔ། མཐིང་ལྔ། དཀར་ལྔ། སེར་ལྔ། དམར་ལྔ། ལྗང་ལྔ། ཉྭ་ཁྲ་རུ་དར་ཕྱག་ཏུ་རྔ་བསྣམས་པ་གར་སྟབས་བསྒྱུར་བ། ལྷོ་ནུབ་ཀྱི་ནམ་མཁའ་ལ་གནམ་གིང་ཉེར་ལྔ་རིགས་ཀྱི་ཁ་དོག་ཅན་ལྔ་ལྔ་རི་དར་ཉྭ་ཁྲ་ལག་ན་རྔ་བཟུང་བ་གར་སྟབས་བསྒྱུར་བ། ནུབ་བྱང་གི་ནམ་མཁའ་ལ་དཔའ་བོ་དཔའ་མོ་ཉེར་ལྔ་ཁ་དོག་སྣ་ཚོགས་པ་རིགས་ལྔ་ཐོར་ཚུགས་ནོར་བུའི་བརྒྱན་ཅན་ཕྱག་ན་ཌ་དྲིལ་བསྣམས་པ་གར་སྟབས་ཀྱིས། བྱང་ཤར་དུ་དཔའ་བོའི་ཚོགས་རུས་རྒྱན་ཉེར་ལྔ་ཐོར་ཚུགས་ཅན། ཞི་བ་ཉེར་ལྔ་ཌ་དྲིལ་བསྣམས་པ་དར་སྣ་ཚོགས་ཀྱི་གོས་ཅན་ཞི་བའི་འཆམ་སྟབས་ཅན། ཕོ་བྲང་ཆེན་པོའི་ཕྱིའི་འཁོར་ཡུག་ཏུ་ཤར་གྱི་སྒོ་དྲུང་སླེབས་པ་ན། སྒོ་སྲུང་རྒྱལ་ཆེན་ཡུལ་འཁོར་སྲུང་དྲི་ཟའི་དམག་ཚོགས་ཀྱིས་བསྐོར་བ། དེ་ནས་མར་ཕྱིན་པ་ན། ཤར་དུ་རིན་པོ་ཆེའི་ཁྲི་སྟེང་ན་གུ་རུ་རྒྱ་གར་མས་སྲིན་པོ་རྣམས་ལ་ཆོས་སྟོན་པ།

1584574319848968.jpeg

དེ་ནས་གཡས་སྐོར་དུ་ལྷོ་སྒོའི་དྲུང་དུ་སླེབས་པ་ན། རྒྱལ་ཆེན་འཕགས་སྐྱེས་པོ་གྲུལ་བུམ་གྱི་འཁོར་གྱིས་བསྐོར་བ། ནང་དུ་རིན་པོ་ཆེའི་ཁྲི་སྟེང་ན་ཨོ་རྒྱན་ཚེ་དཔག་མེད་པའི་ཚུལ་གྱིས་གསང་སྔགས་ཀྱི་ཆོས་གསུངས་པ། ནུབ་སྒོའི་དྲུང་དུ་སླེབས་པ་ན། རྒྱལ་ཆེན་སྤྱན་མི་བཟང་འཁོར་དུ་ཀླུ་ཡི་དམག་ཚོགས་ཀྱིས་བསྐོར་བ། ནང་དུ་ཕྱིན་པ་ན་པད་ཉི་བམ་རོ་བསྣོལ་བའི་ཁྲི་སྟེང་དབང་ཆེན་རྟ་མགྲིན་དམར་པོའི་སྐུར་བཞེངས་ནས་རང་རང་གི་འཁོར་རྣམས་ལ་ཆོས་སྟོན་པ། དེ་ནས་གཡས་སྐོར་དུ་ཕྱིན་པ་ན། བྱང་ཕྱོགས་ཀྱི་འཁོར་ཡུག་བྱང་སྒོའི་དྲུང་དུ་སླེབས་ན། བྱང་ཕྱོགས་ཀྱི་རྒྱལ་ཆེན་རྣམ་ཐོས་སྲས་གནོད་སྦྱིན་དམག་ཚོགས་ཀྱིས་བསྐོར་བ། དེའི་ནང་དུ་ཁྲིའུ་ཁར་སྟག་ལྤགས་ཀྱི་སྟེང་དུ་གུ་རུ་དྲག་པོ་དམར་པོའི་སྐུར་བཞེངས་ཏེ་མངོན་སྤྱོད་དྲག་པོའི་ཆོས་ཀྱིས་སྨིན་པར་མཛད། དེ་ནས་ཡར་ཕྱིན་པ་འོག་ཁང་གི་ཕྱི་ཁྱམས་སུ་དབུས་སུ་རིན་པོ་ཆེའི་ཁྲི་སྟེང་ན་གཏེར་སྟོན་སངས་རྒྱས་བླ་མ། དབུ་སྐྲ་དཀར་པོ་སྐུ་ལུས་ཆུང་བ་རབ་བྱུང་གི་ཆས་ཅན། རྡོར་དྲིལ་བསྣམས་པ། གཡས་ཕྱོགས་གྲལ་མགོར་ཉང་ཉི་མ་འོད་ཟེར། ཨོ་རྒྱན་གླིང་པ། རྡོ་རྗེ་གླིང་པ། རཏྣ་གླིང་པ། པདྨ་གླིང་པ། ཀརྨ་གླིང་པ། སངས་རྒྱས་གླིང་པ་སོགས་ཉེར་ལྔ། གཡོན་ཕྱོགས་གྲལ་མགོར་གུ་རུ་ཆོས་ཀྱི་དབང་ཕྱུག ཀུན་སྐྱོང་གླིང་པ། རིན་ཆེན་གླིང་པ། ལས་འཕྲོ་གླིང་པ། བསམ་གཏན་གླིང་པ། བསྟན་གཉིས་གླིང་པ། གྲྭ་བ་མངོན་ཤེས་སོགས་ཉེར་ལྔ། རྒྱབ་གྲལ་གཡས་ཀྱི་གྲལ་མགོར་གཏེར་ཆེན་རྒྱ་ལོ་ཙཱ་བ། རིག་འཛིན་རྒོད་ལྡེམ། གུ་རུ་ཚེ་བརྟན་རྒྱལ་མཚན། རྒྱ་ཞང་ཁྲོམ། ཉི་མ་སེངྒེ། དུང་མཚོ་རས་པ། ར་མོ་ཤེལ་སྨན་སོགས་གྲལ་གཅིག རྒྱབ་གྲལ་གཡོན་ཕྱོགས་གྲལ་མགོར་གཏེར་སྟོན་བཟང་པོ་གྲགས་པ། གྲུ་གུ་ཡང་དབང་། བལ་བོ་ཨ་ཧཾ་འབར། ཉི་ཟླ་སངས་རྒྱས། པདྨ་ལས་འབྲེལ་རྩལ། དྲི་མེད་ལྷུན་པོ་སོགས་གྲལ་གཅིག་བཞུགས་ནས་འཕྲིན་ལས་སྒྲུབ། རིན་ཆེན་སྒྲོན་མེ་ཞེས་པའི་ཚོགས་འཁོར་གསུང་བའི་ཚུལ། དེ་ནས་གཡས་སྐོར་གྱིས་ཡར་ཕྱིན་པ་ན་ཁྲག་ཞག་གི་རྒྱལ་མཚོ་འཁྱིལ་བའི་དབུས་སུ་པད་ཉིའི་གདན་སྟེང་དུ་སྲིན་པོ་ཕོ་མོ་ཁ་སྦུབ་གན་རྐྱལ་དུ་བསྣོལ་བའི་སྟེང་ན་སྲིན་པོའི་རྒྱལ་པོ་རཀྴ་ཐོད་ཕྲེང་དབུ་དགུ་སྤྱན་གསུམ་གསུམ་དང་ལྡན་པ་ཤིན་ཏུ་ཁྲོས་པའི་ཉམས་དང་ལྡན་པ། དབུ་སྐྲ་དམར་སེར་རལ་གསེབ་ཀྱི་དབུས་སུ་རྟ་མགོ་ལྗང་ཞུར་རྟ་སྐད་དྲག་པོས་སྲིད་གསུམ་གཡོ་ཞིང་འདར་བར་བྱེད་པ། སྐུ་མདོག་སྨུག་ནག་ཕྱག་བཅོ་བརྒྱད། གཡས་དགུ་དུག་ཕུར་ནག་པོ། གཡོན་དགུ་དགྲ་བོའི་སྙིང་འཛིན་པ། སྐུ་སྟོད་མི་ལྤགས་གཡང་གཞི། སྐུ་སྨད་སྟག་གི་ཤམ་ཐབས། མགོ་རློན་ཕྲེང་བའི་དོ་ཤལ་རྔམ་བརྗིད་བཟོད་པར་དཀའ་བ། གཡས་ཕྱོགས་སུ་ཁྲི་སྟེང་ན་རྒྱ་གར་མཁན་ཆེན་བཱི་མ་མི་ཏྲ། པྲ་བྷ་ཧསྟི རོམ་བུ་གྷུ་ཧྱ་སོགས་རྒྱ་གར་གྱི་པཎྜི་ཏ་ཉེར་ལྔ། གཡོན་ཕྱོགས་གྲལ་མགོའི་ཁྲི་སྟེང་ན་སློབ་དཔོན་ཧཱུྃ་ཆེན་ཀ་ར། འཇམ་དཔལ་བཤེས་གཉེན། དྷ་ན་སཾ་ཏྲི་ཏ། ཤནྟཾ་གརྦྷ་སོགས་རྒྱ་གར་གྱི་པཎྜི་ཏ་ཉེར་ལྔ། རྒྱབ་གྲལ་གཡས་ཕྱོགས་ཀྱི་གྲལ་མགོར་ཁྲི་སྟེང་ན། བཻ་རོ། ནམ་མཁའི་སྙིང་པོ། སངས་རྒྱས་ཡེ་ཤེས། རྒྱལ་བ་མཆོག་དབྱངས་གཙོས་བོད་ཀྱི་ལོ་ཙཱ་བའི་ཚོགས་ཉེར་ལྔ། རྒྱབ་གྲལ་གཡོན་གྱི་གྲལ་མགོར་རླངས་ཆེན་དཔལ་གྱི་སེངྒེ། དཔལ་གྱི་ཡེ་ཤེས། ཀ་བ་དཔལ་བརྩེགས། ཤུད་བུ་དཔལ་གྱི་སེངྒེ་སོགས་བོད་ཀྱི་ལོ་ཙཱའི་ཚོགས་ཉེར་ལྔ། ཀུན་གྱིས་ཆོས་ཀྱི་བགྲོ་གླེང་མཛད་ནས་བཞུགས་པའི་ཚུལ།

1584574568603905.jpeg

བར་ཁང་དུ་ལོངས་སྐུ་སྤྱན་རས་གཟིགས་ལ་གཡས་སུ་འཇམ་དབྱངས། ས་སྙིང་། སྒྲིབ་སེལ། ནམ་མཁའི་སྙིང་པོ། གཡོན་དུ་ཕྱག་ན་རྡོ་རྗེ། བྱམས་པ། ཀུན་ཏུ་བཟང་པོ། མཐའ་བསྐོར་དུ་རྒྱལ་སྲས་སེམས་དཔའ་སེམས་མའི་ཚོགས་སྤྲིན་གཏིབས་པ་ལྟར་བཞུགས་པ་ལ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་གསུངས། སྟེང་ཁང་རྨ་བྱས་བཏེགས་པའི་ཁྲི་སྟེང་དུ་ཆོས་སྐུ་སྣང་བ་མཐའ་ཡས་ལ། འཁོར་རྫོགས་ཆེན་སྟོན་པ་བཅུ་གཉིས་སོགས་རྫོགས་ཆེན་བརྒྱུད་པའི་བླ་མ་གྲངས་མེད་པ་ལ། རྫོགས་པ་ཆེན་པོ་ལྟ་བ་ཀློང་ཡངས་ཞེས་པའི་རྒྱུད་གསུངས། ནུབ་བྱང་གི་མཚམས་ཀྱི་ནམ་མཁའ་ནས་གཏེར་སྟོན་བླ་སྤྲུལ་སོགས་བོད་འདིར་འགྲོ་དོན་གདུལ་བྱ་རྫོགས་པ་རྣམས་པཎྜི་ཏ། རྣལ་འབྱོར་བ། སྔགས་པའི་ཚུལ་སོགས་རྣམ་འགྱུར་སྣ་ཚོགས་པ་སེར་སྦྲེང་གི་ཚུལ་གྱིས་འོག་ཁང་ཕོ་བྲང་ཆེན་པོའི་ནུབ་སྒོ་ནས་ཡར་ཕེབས། བྱང་སྒོ་ནས་གུ་རུ་རིན་པོ་ཆེ་ཉིད་དང་། ལོ་པཎ་རྗེ་འབངས་རྣམས་ཀྱི་སྤྲུལ་པ་སྣ་ཚོགས་པ་དཔེར་ན་རྒྱལ་པོ་ཆེན་པོ་རྣམས་ཀྱིས་རྫོང་དཔོན་བརྗེ་གྲོལ་བྱེད་ནས་གསར་དུ་རྫོང་དཔོན་སོ་སོར་བསྐོས་བཞག་བྱེད་པ་ལྟར་གུ་རུ་ཉིད་ཀྱིས་རེ་རེ་བཞིན་བཀའ་བསྒོ་མཛད་ནས་བོད་ཡུལ་དུ་ཕེབས་མཛད་པ་ལ། ལ་ལ་རབ་བྱུང་གི་ཆས་ཅན། ལ་ལ་རྣལ་འབྱོར་བའི་ཆས་ཅན། གཅེར་བུ་ཐོར་ཅོག་ཨང་རག་སྒོམ་ཐག་ཅན། ལ་ལ་སྔགས་པའི་ཚུལ། བེར་དང་ཞྭ་ནག་ཅན། ལ་ལ་སྔགས་པ་རལ་བ་ཅན་ཤམ་ཐབས་སྔོན་པོ་གཟན་དཀར་པོ་ཅན། ལྷོ་ནུབ་ཀྱི་ནམ་མཁའ་ནས་སྤྲིན་གཏིབས་པ་ལྟར་སེར་སྦྲེང་གི་ཚུལ་གྱིས་བོད་དུ་བྱོན། རི་རྒྱལ་དེའི་རྩ་བ་རྒྱ་མཚོ་ཆེན་པོའི་ཕྱི་རོལ་ཏུ་བྲག་རི་དམར་པོས་བསྐོར་བ། དེའི་ཕྱི་རོལ་ཏུ་སྲིན་པོའི་གྲོང་ཁྱེར་མ་ཡིན་པ་ཕྱོགས་མཚམས་བརྒྱད་དུ་གྲོང་ཁྱེར་ཆེན་པོ་བརྒྱད། ཤར་གྱི་གྲོང་ཁྱེར་དབུས་སུ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ཧེ་རུ་ཀའི་ཆས་ཅན། གཡས་རལ་གྲི། གཡོན་ཐོད་ཕོར་བསྣམས་པ། ཡང་དག་ཟླ་གམ་དགུ་བའི་དཀྱིལ་འཁོར་ཞལ་ཕྱེས། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དབུས་སུ་སྨིན་གླིང་གཏེར་ཆེན་ཨོ་རྒྱན་གཏེར་བདག་གླིང་པ་པད་ཞྭ་ཁྲི་བེར་མནབས་པ། ཕྱག་གཡས་ས་གནོན་གཡོན་མཉམ་བཞག་གི་སྟེང་གསེར་སྒྲོམ་བསྣམས་པ། འཇམ་དཔལ་གཤིན་རྗེའི་གཤེད་པོའི་དཀྱིལ་འཁོར་ཞལ་ཕྱེས། ནུབ་ཀྱི་གྲོང་ཁྱེར་དབུས་སུ་གོང་ས་ལྔ་པ་རིན་པོ་ཆེ་ངག་དབང་བློ་བཟང་རྒྱ་མཚོ་རབ་བྱུང་གི་ཆས་ཅན་ལ་ཁྲི་བེར་སེར་པོ་དབུ་ཞྭ་པཎ་ཞུ་རྣ་རིང་རྡོ་དྲིལ་འཁྲིལ་འཛིན་ཅན། དབང་ཆེན་རྟ་མགྲིན་དཀྱིལ་འཁོར་ཞལ་ཕྱེས། བྱང་གི་གྲོང་ཁྱེར་གྱི་དབུས་སུ་གཏེར་ཆེན་ཉི་མ་གྲགས་པ་སྔགས་པའི་ཆ་བྱད་ཅན། དབུ་སྐྲ་ཐོར་ཅོག་ཕྱག་གཡས་མཆོད་སྦྱིན་གཡོན་མཉམ་བཞག་གི་སྟེང་ན་གཏེར་སྒྲོམ་དང་། སྐུ་ལ་གཟིག་ཐུལ་མནབས་པ། ཕུར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཞལ་ཕྱེས། ཤར་ལྷོའི་གྲོང་ཁྱེར་གྱི་དབུས་སུ་མཆོག་གྱུར་བདེ་ཆེན་གླིང་པ་སྔགས་པ་གཟན་དཀར་ཤམ་ཐབས་དཀར་པོ་དབུ་སྐྲ་རལ་བ་ཅན། ཕྱག་ན་རྡོར་དྲིལ་བསྣམས་པ། མ་མོ་རྦོད་གཏོང་གི་དཀྱིལ་འཁོར་ཞལ་ཕྱེས། ལྷོ་ནུབ་གྲོང་ཁྱེར་གྱི་དབུས་སུ་ལྷ་བཙུན་ནམ་མཁའ་འཇིགས་མེད་སྔགས་པ་ཞྭ་ནག་ཅན། ཕྱག་ན་བྷན་ཕུར་བསྣམས་པ། ཁྲིའུ་ཁར་སྟག་ལྤགས་སྟེང་བཞུགས་པ། རིག་འཛིན་སློབ་དཔོན་གྱི་དཀྱིལ་འཁོར་ཞལ་ཕྱེས། ནུབ་བྱང་གྲོང་ཁྱེར་དབུས་སུ་ཀུན་མཁྱེན་འཇིགས་མེད་གླིང་པ་སྐུ་འགག་སྔོན་པོ་དངུལ་ལེན་ལྗང་གུ་མནབས་པ། གཟན་དཀར་ཤམ་ཐབས་དཀར་པོ་དབུ་སྐྲ་ཐོར་ཚུགས་ཕྱག་རལ་པོད་འཁྲིལ་འཛིན། དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་ཞལ་ཕྱེས། བྱང་ཤར་གྲོང་ཁྱེར་དབུས་སུ་ཆེ་ཡོལ་ལས་རབ་རྩལ་རབ་བྱུང་བགྲེས་ཉམས་ཅན་དབུ་སྐྲ་མེད་པ་ཕྱག་གཡས་གནམ་ལྕགས་ཀྱི་ཕུར་བུ་གཡོན་དྲིལ་བུ་བསྣམས་པ། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས། འཁོར་ཐམས་ཅད་ནི་བོད་ཀྱི་བླ་གྲྭ་སྔགས་པ་ཕོ་མོ་མཐའ་དག་གིས་བསྐོར་བ། དེའི་ཕྱི་རོལ་དུ་རྒྱ་མཚོས་བསྐོར་བ། དེའི་ཕྱི་རོལ་དུ་སྲིན་པོའི་གྲོང་ཁྱེར་གྱིས་བསྐོར་བ། དབུས་སུ་ཤ་ཁྲག་ཟ་བྱེད་ཀྱི་གྲོང་ཁྱེར་ན་སྲིན་རྒྱལ་བདུད་འདུལ་ཧེ་རུ་ཀའི་ཆས་ཅན། སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། དེའི་ཕྱི་རོལ་དུ་རྒྱ་མཚོས་བསྐོར་བ། དེའི་ཕྱི་རོལ་དུ་སྲིན་པོའི་གྲོང་ཁྱེར་ཉི་ཤུ་ཐམ་པ་ལ་ཤར་སྟོད་ཛ་ཏིའི་ནགས་གླིང་དུ་སློབ་དཔོན་ཉིད་དྷེ་ཝ་རཱ་ཛའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན། ཤར་དབུས་བདེ་བ་ཆེན་པོའི་ཕོ་བྲང་དུ་སློབ་དཔོན་ཉིད་པདྨ་འབྱུང་གནས་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ཤར་སྲིབ་འདོད་འབྱུང་གཏེར་གྱི་ཕོ་བྲང་དུ་སློབ་དཔོན་ཉིད་པདྨ་སཾ་བྷའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ཤར་སྨད་ན་བུན་འཐིབས་པའི་ཀློང་དཀྱིལ་དུ་སློབ་དཔོན་ཉིད་སྨྲ་བའི་སེང་གེའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ཤར་ལྷོ་འབར་བ་གློག་ཕྲེང་གི་གཞལ་ཡས་ན་སློབ་དཔོན་ཉིད་ཟིལ་གནོན་མེ་འོད་ཀྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ལྷོ་སྟོད་མུན་སེལ་ཉི་མའི་འོད་འཕྲོག་གི་གཞལ་ཡས་ན་སློབ་དཔོན་ཉིད་བློ་ལྡན་མཆོག་སྲེད་ཀྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ལྷོ་དབུས་ཀེང་རུས་བརྩིགས་པའི་ཞལ་ཡས་ན་སློབ་དཔོན་ཉིད་ཀརྨ་ཐོད་ཕྲེང་གི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ལྷོ་སྲིབ་འདོད་འབྱུང་གཏེར་གྱི་གཞལ་ཡས་ན་སློབ་དཔོན་ཉིད་པདྨ་རྒྱལ་པོའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ལྷོ་སྨད་དགའ་བ་ཚལ་གྱི་ཕོ་བྲང་ན་སློབ་དཔོན་ཉིད་ཉི་མ་འོད་ཟེར་གྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ལྷོ་ནུབ་རཀྴ་འཁྲུགས་པའི་གཞལ་ཡས་ན་སློབ་དཔོན་ཉིད་རཀྴ་ཐོད་ཕྲེང་གི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ནུབ་སྟོད་ཤ་མཁར་ཅན་གྱི་གཞལ་ཡས་ན་སློབ་དཔོན་ཉིད་ཁྱུང་ཆེན་འབར་བའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ནུབ་དབུས་རྔམས་པ་སྒྲ་སྒྲོག་གཞལ་ཡས་ན་སློབ་དཔོན་ཉིད་ཤཱཀྱ་སེངྒེའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ནུབ་སྲིབ་མེ་རླུང་དམར་ནག་འཚུབས་པའི་ཀློང་དཀྱིལ་ན་སློབ་དཔོན་ཉིད་རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ནུབ་སྨད་ཁྲག་མཚོ་ཁོལ་མའི་གཞལ་ཡས་ན་སློབ་དཔོན་ཉིད་ཆོས་ཀྱི་འབྱུང་གནས་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ནུབ་བྱང་རླུང་ནག་འཚུབས་མའི་གཞལ་ཡས་ན་སློབ་དཔོན་ཉིད་སེངྒེ་སྒྲ་སྒྲོག་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། བྱང་སྟོད་རྔམས་པ་སྒྲ་སྒྲོག་གི་གཞལ་ཡས་ན་སློབ་དཔོན་ཉིད་གཡུལ་ལས་རྣམ་རྒྱལ་གྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། བྱང་དབུས་འདོད་འབྱུང་ནོར་བུའི་གཞལ་ཡས་ན་སློབ་དཔོན་ཉིད་བཛྲ་པ་ཎིའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། བྱང་སྲིབ་ཧ་ཧ་དགོད་པའི་གཞལ་ཡས་ན་སློབ་དཔོན་ཉིད་མཐོན་མཐིང་ལྷབ་ལྷུབ་ཀྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། བྱང་སྨད་མངོན་སྤྱོད་དྲག་པོའི་གཞལ་ཡས་ན་སློབ་དཔོན་ཉིད་ནག་པོ་སྤྱོད་པའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། བྱང་ཤར་མུན་ནག་འཁྲིགས་པའི་གཞལ་ཡས་ན་སློབ་དཔོན་ཉིད་གཙུག་ན་མེ་འབར་གྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། དེའི་ཕྱི་རོལ་ཏུ་རྒྱ་མཚོ་ཆེན་པོས་བསྐོར་བ། དེའི་ཕྱི་རོལ་གྱི་ཐག་རིང་པོ་ན་རྒྱ་གར་གྱི་གྲོང་ཁྱེར་མང་པོ་ཡོད་པ། ཤར་ལྷོའི་མཚམས་སུ་དཔལ་ནཱ་ལེནྜའི་གཙུག་ལག་ཁང་སོགས་གཞན་ཡང་རྨི་ལམ་འཁྲུལ་བ་སྣ་ཚོགས་ཡོད་ཀྱང་དོན་ཆེར་མེད་པས་མ་བྲིས།

1584576493693966.jpeg

<< རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་པར། >>

སྐབས་ཤིག་ན་རང་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་གྱི་ཤར་ཕྱོགས་ཉི་འོད་འཁྱིལ་བའི་ནང་དུ་བདག་གནས་པའི་ཚེ། རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་ཡུམ་སྲས་བློན་པོ་སྤྲུལ་པ་དང་རྒྱལ་མཚན་རྣམ་དགུ་ཐོགས་པ་རང་རང་གི་མགོ་ཅན་དགུ་དང་རུ་འདྲེན་སྡེ་བཞིའི་ཚོགས། གནོད་སྦྱིན་ཙིའུ་དམར་པོ་རོལ་བ་རྐྱ་བདུན། སྤྲ། སྤྲེལ། བྱི་ལ། གར་མཁན། མོན་པ། ཨ་ཙ་ར་སོགས་དང་། འཛམ་གླིང་གེ་སར་ནོར་བུ་དགྲ་འདུལ་ལྷ་ཀླུ་གཉན་གསུམ་གཙོས་ཕུ་ནུ་སུམ་ཅུའི་ཚོགས་དང་བཅས་པ་སྐད་ཅིག་གིས་ལྷོ་ནུབ་ཀྱི་ནམ་མཁའ་ནས་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་ནས་བདག་དྲུང་སླེབས་པ་ན། ལྷོ་ནུབ་རྔ་ཡབ་གླིང་ན་གུ་རུ་རིན་པོ་ཆེ་ནས་དེ་རིང་སྔགས་ཀྱི་གསོ་སྦྱོང་མཛད་ནས་བཞུགས་ཡོད་པ་ཁྱེད་རང་གིས་ཨེ་ཐོས་ཟེར་འདུག ཕྲན་ནས་མ་ཐོས་སྔགས་ཀྱི་གསོ་སྦྱོང་གི་ཚོགས་པ་རྒྱ་བོད་ཀྱི་པཎ་གྲུབ་རྣམས་ཨེ་རེད་དྲིས་པས། དེ་ན་མ་རེད་སྲིན་པོ་ཤ་སྟག་རེད་འདུག འོ་ན་ཁྱེད་རང་ལྟ་བར་ཕྱིན་ན་རང་ཅག་རྣམས་ད་འགྲོ་ཟེར། དེ་མ་ཐག་ཆོས་སྐྱོང་རྣམས་ཀྱིས་སྣ་དྲངས་ཏེ་བདག་ཀྱང་ཕྱི་བཞིན་འབྲང་ནས། ལྷོ་ནུབ་ཀྱི་ནམ་མཁའི་དབྱིངས་ནས་སྐད་ཅིག་གི་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ཀྱི་བྱང་ཤར་དུ་རིན་པོ་ཆེའི་ཕོ་བྲང་གི་དབུས་སུ་ཁྲི་སྟེང་ན་གུ་རུ་ཟ་ཧོར་མའི་ཚུལ་བཞུགས་ནས། འཁོར་དུ་སྲིན་པོ་ཕོ་མོ་མགོ་དགུ་པ། མགོ་ལྔ་པ། མགོ་གསུམ་པ་ཅན་དང་། མགོ་གཅིག་པ་བཅས་གྲངས་མེད་པ་ལ་སྔགས་ཀྱི་གསོ་སྦྱོང་མཛད་ནས་བཞུགས་པ་མཐོང་། ཤར་ལྷོའི་ཕྱོགས་སུ་ཀུན་དགའ་ར་བ་ལྟ་བུའི་ནང་དུ་རིན་པོ་ཆེའི་ཁྲིའི་སྟེང་ན་སློབ་དཔོན་ཉིད་གུ་རུ་རྒྱ་གར་མའི་ལུགས་ཀྱི་སྐུར་བཞུགས་ནས་རྒྱ་བོད་ཀྱི་པཎ་གྲུབ་རྣམས་དང་རིག་འཛིན་གྱི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་བཞུགས་ནས་གསོ་སྦྱོང་མཛད། ཟངས་མདོག་དཔལ་རིའི་མཐོང་སྣང་རྨི་ལྟས་འདི་ལྟ་བུ་མཁན་སློབ་ཆོས་གསུམ་ལྷ་ཁང་ཆེན་མོའི་ནང་ས་སྦྲུལ་ཟླ་བའི་ཚེས་བཅུ་ལ་ལོགས་བྲིས་བྲི་སྐབས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དཀོན་མཆོག་བསྟན་པའི་རྒྱལ་མཚན་ནས་ཡི་གེ་འགོད་རྒྱུ་རེད་ན་ཞེས་ཡང་ཡང་བསྐུལ་ཡང་འདི་ལ་གནད་དོན་ཆེར་མེད་ཀྱང་སྐུ་ངོ་མི་ཟློག་ཙམ་དུ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གང་ཤར་འཁྲུལ་བའི་བློ་མཚོ་ལས་ཤར་བ་ཐོལ་བྱུང་དུ་སྨྲས་པ་འདིས་ཀྱང་བདག་སོགས་སེམས་ཅན་ཐམས་ཅད་མཐར་ཐུག་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དྲུང་རིག་འཛིན་འདུས་པའི་ཚོགས་དང་ལྷན་གཅིག་ཏུ་ཚོམ་བུ་གཅིག་ཏུ་འཚོགས་པའི་རྟེན་འབྲེལ་སྨོན་ལམ་རྒྱལ་བ་སྲས་དང་བཅས་པས་འགྲུབ་པར་མཛད་དུ་གསོལ། །སརྦ་མངྒ་ལཾ། །