May 2020

མི་ཕམ་རིན་པོ་ཆེའི་ཐུན་མིན་གསང་བའི་རྣམ་ཐར།

མི་ཕམ་རིན་པོ་ཆེའི་ཐུན་མིན་གསང་བའི་རྣམ་ཐར།
དིལ་མགོའི་མཁྱེན་བརྩེས་མཛད།

སྤྱིར་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ་པའི་སྤང་རྟོོགས་ཀྱི་ཡོན་ཏན་ཟབ་མོའི་མཐའ་ནི་སོ་སོའི་སྐྱེ་བོ་དག་གི་ལྟ་ཅི། འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་གཟིགས་པའི་བྱང་ཆུབ་སེམས་དཔའ་དག་གིས་ཀྱང་མཐའ་དག་བསམ་གྱིས་མི་ཁྱབ་སྟེ་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ཕྱི་མ་ལས། སྟོང་ཉིད་ཅི་ལའང་མ་རེག་ལྷུན་གྱིས་གྲུབ། །དོན་ཀུན་འབྱོར་བས་བླང་དོར་མེད་པ་ཡི། །བདག་ཉིད་རང་བཞིན་བཞག་དང་འཇམ་དཔལ་ཉིད། །བསམ་གྱིས་མི་ཁྱབ་མི་གནས་མི་སེམས་ན། །འཇམ་དཔལ་ཉིད་དང་ཡོན་ཏན་རྫོགས་པར་མཉམ། །ཞེས་དང་གོང་དུའང་མདོ་ཙམ་བསྟན་པས་ཀྱང་ཤེས་པར་ནུས་མོད་འོན་ཀྱང་སྐྱེས་རབས་ལས། བསོད་ནམས་སྟོབས་ཀྱིས་མངོན་པར་འཕགས་གྱུར་ཅིང་། །བློ་གྲོས་རྣམ་པར་དག་པ་དེ་དག་ནི། །རྟགས་ལ་བརྟེན་ནས་མངོན་སུམ་བཞིན་དུ་མཐོང་། །ཇི་ལྟར་དུ་བའི་རྟག་ལས་མེ་མཐོང་བཞིན། །ཞེས་གསུངས་པ་ལྟར་འཕགས་མཆོག་དཔའ་བོ་ཆེན་པོ་རྣམས་ཕྱི་ལུས་ངག་གི་རྟགས་ལས་རྗེས་སུ་དཔག་པས་ཀྱང་ཚུར་མཐོང་བྱིས་པའི་རང་བཞིན་ལས་ཁྱད་པར་དུ་གྱུར་པའི་མངོན་རྟགས་དངོས་ཤུགས་དུ་མས་ཤེས་པར་ནུས་མོད་སྐལ་བཟང་གི་སྐྱེ་བོ་དག་གིས་སྒྲོ་བཀུར་དང་བྲལ་བར་མཐོང་ཆོས་སུ་གྱུར་པའི་སྤང་རྟོགས་ཕྲ་མོས་ཀྱང་ཆུ་ཐིག་གཅིག་མྱོང་བས་རྒྱ་མཚོ་ཆེན་པོའི་རོ་རྟོགས་པ་ནུས་བཞིན་ཆེ་བའི་ཡོན་ཏན་ཕྱོགས་ཙམ་ཤེས་ནུས་པས་ལོ་རྒྱུས་ཁོང་ཐུབ་ལས་བྱུང་བའི་རིགས་འདི་ལྟར་དཀར་མོ་སྟག་ཚང་ནས་བྱམས་པ་ཚད་མེད་ཀྱི་ཏིང་འཛིན་ལ་ཐུགས་གཞོལ་བས་དམྱལ་བའི་སེམས་གྱི་སྡུག་བསྔལ་ལ་དགོངས་ཚེ་ཐུགས་སྐྱོ་ཆེས་པའི་ཡུས་ཀྱིས་བརྣང་སྟེ་གསོལ་ཆས་ཀྱང་ཡི་ག་ལྡོག་ནས་སླར་ཆོས་ཉིད་སྟོང་པའི་དོན་ལ་ཐུགས་ངལ་བསོ་དགོས་པར་བྱུང་བར་གསུངས་པ་དང་། ལབ་རྫུ་འཕྲུལ་ཕུག་པར་མ་ཏིའི་འཇམ་དཔལ་དཀར་པོའི་བསྙེན་དམིགས་ལ་ཐུགས་འཛིན་གནང་བས་སྔགས་ཕྲེང་དང་འཁོར་ལོ་ཧ་ཅང་མྱུར་བར་གསལ་ཐེབས་པས་སྣང་བ་ཐམས་ཅད་ཤིང་རྟའི་འཁོར་ལོ་བཞིན་འཁོར་བའི་ཐུགས་སྣང་དང་། ཐ་མལ་གྱི་སྣང་ཤས་རགས་པ་འགག་སྟེ་གཞུང་ནས་བཤད་པ་ལྟ་བུའི་ཏིང་འཛིན་གྱི་དུས་འདའ་བར་ཞིག་བྱུང་བ་དེ་སྐབས་བླ་མའི་བྱིན་རླབས་ཀྱིས་ཡིན་པ་འདྲ་ཞེས་གསུངས་པ་དང་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་ལ་ཕྱག་བསྐོར་མཆོད་འབུལ་གནང་བས་རྗེ་བཙུན་འཕགས་མས་ཞལ་བསྟན་ཞིང་ལུང་བསྟན་ཀྱང་སྩལ་བར་གསུངས་པ་དང་། ལར་ཁོ་བོ་མཚམས་ལ་ལོ་མང་དུ་གནས་པའི་ཚེ་གཞུང་སོ་སོར་ནས་བཤད་པའི་བསྐྱེད་རྫོགས་རྩེ་གཅིག་པའི་ཏིང་ངེ་འཛིན་ཁོ་ནའི་ངང་དུ་གནས་པ་ལས། རང་བཞིན་ཡེངས་མ་ལམ་གྱི་བསྙེན་པ་ཕྲེང་སྐོར་གཅིག་ཀྱང་བཟླ་མ་མྱོང་ཞེས་ཞལ་འཕྲོས་སུ་ཕེབས་པ་དང་།ཡང་སྐབས་ཤིག་རྗེ་ཉིད་འཇམ་མགོན་བླ་མ་མཁྱེན་བརྩེའི་མདུན་ཕེབས་པའི་གསུང་གླེང་ལ། ཁྱེད་མཚམས་ལ་བཞུགས་སྐབས་ཉམས་བཞེས་ཅི་འདྲ་མཛད་ཀྱིན་ཡོད་གསུངས་པར། ཕྲན་ནས་སློབ་གཉེར་བྱེད་དུས་དཔྱད་པ་དཔྱིས་ཕྱིན་པ་ཞིག་དང་ཡི་དམ་གྱི་བསྙེན་མཚམས་བྱེད་དུས་བསྐྱེད་རིིམ་མཐར་ཕྱིན་པ་ཞིག་ཨེ་ཐོན་ལྟ་དགོས་པས་བསྐྱེད་རིམ་ལ་གཟབ་གཟབ་བྱེད་ཀྱིན་ཡོད་ཞུས་པས། དེ་ཚོ་དཀའ་མོ་རེད། ཀུན་མཁྱེན་ཆེན་པོའི་ཅི་ཡང་མི་བྱེད་པར་འདུག་རྒྱུ་ཞིག་གསུངས་ཨི་མི་ཡོད་དེ། ཁོ་བོ་ནི་དེ་བཞིན་བྱས་འདུག་པས་སེམས་ངོ་ཟེར་བའི་དཀར་ཤ་དམར་མདངས་ཅན་ཞིག་མ་མཐོང་ཡང་། ད་ཤི་རུང་ཡ་ང་བག་ཚ་རྡུལ་ཙམ་ཡང་མི་འདུག་གསུངས་ནས་བཞད་མོ་མཛད། དེ་བླ་མའི་གདམས་ངག་ཡིན་པར་གོ་རུང་ད་དུང་བསྐྱེད་རིམ་ལ་ནན་ཏན་བྱས་པས་ད་ལྟ་ཉམས་ལྔའི་ནང་གོམས་པའི་ཉམས་དལ་འབབས་ཀྱི་ཆུ་བོ་ལྟ་བུའི་སྐབས་སུ་སླེབ་འདུགད་ཕན་ཞི་གནས་འདིས་སེམས་རྩེ་གཅིག་ཞིག་ཨེ་འགྲུབ་བསམ། ཞི་གནས་ཞིག་འགྲུབ་ན་ལྷག་མཐོང་ནི་ཆུང་ངུའི་དུས་ནས་ཡོད་དར་གསུངས་པ་ལ་དཔག་ན་སྐྱེས་སྦྱངས་ཀྱི་རིགས་སད་པའི་སྟོབས་ཀྱིས་ཐོག་མ་ཉིད་ནས་ཆོས་ཉིད་དགོངས་པའི་གནས་ལུགས་མངོན་སུམ་དུ་གྱུར་པས་རྟོགས་གྲོལ་དུས་མཉམ་གྱི་རིག་པའི་རྩལ་ཤུགས་རྫོགས་པར་ཞལ་གྱིས་བཞེས་པ་ཤེས་ནུས་ཤིང་། སྟག་ཚང་དུ་འཇམ་དཔལ་ཡ་མནྟ་ཀའི་བསྙེན་སྒྲུབ་ཀྱི་སྐབས་སུ་གཞུང་ནས་བཤད་པའི་རྟགས་ཚད་ཐམས་ཅད་དངོས་ཉམས་རྨི་ལམ་དུ་མ་རྫོགས་པ་གཅིག་ཀྱང་མེད་ཅེས་གསུངས་པ་དང་། བཀའ་བརྒྱད་ཀྱི་ལྗགས་བསྙེན་དུས་སུ་ཚེ་བརྒྱད་ཞིག་གི་ནུབ་ནམ་མཁར་ཧེ་རུ་ཀ་ཉིད་ཞི་མཱུ་ཁ་ལེ་ལ་མཁའ་འགྲོ་མ་བྱེ་བ་དུང་ཕྱུར་གྱིས་བསྐོར་བའི་སྣང་སྲིད་མ་མོའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་པའི་མདུན་དུ་མ་གཅིག་དཔལ་ལྷ་མོ་རེ་མ་ཏི་བྲན་མོའི་ཚུལ་གྱིས་དེ་དག་ལ་གར་སྟབས་ཀྱིས་ཕྱག་འཚལ་བའི་ཚུལ་ཅན་དངོས་སུ་གཟིགས་པས་རེ་སྐོང་གི་གྲུབ་ཐོབ་རིགས་འདུས་དྲག་པོ་རྩལ་གྱི་ལྷ་མོའི་གསོལ་བྱང་ལ་ཁ་སྐོང་བཅས་གནང་བར་གསུངས་པ་དང་། ཡང་དེ་སྐོར་ཞིག་ལ་ཉེ་གནས་བླ་མ་རིན་པོ་ཆེའི་ནང་སྔ་བར་ཞིག་གསོལ་ཇ་བསྣམས་ཏེ་བྱོན་པས་ད་ནང་མཁའ་འགྲོ་མ་ཞིག་གིས་གདངས་འགྱུར་ཤིན་ཏུ་སྙན་པས་ཚིགས་བདུན་གསོལ་འདེབས་ཞིག་དབྱངས་རྟ་ལ་དྲངས་ནས་སོང་བས་ཨེ་ཐོས་གསུངས། མ་ཐོས་ཞུས་པས་ཨ་ཅང་ཀུ་རེ་ཡིན་རྐྱེན་དེའི་དབང་གིས་རྡོ་རྗེ་ཚིགས་བདུན་གྱི་བླ་མའི་རྣལ་འབྱོར་འདི་བྲིས་ཡོད་པས་ཁྱོད་ནས་འདོན་ན་དགོས་པ་ཆེ་བའི་ཚུལ་གསུངས་ཏེ་ཁྲིད་དང་བཅས་རྩལ་བས་བླ་མ་རིན་པོ་ཆེ་འོད་གསལ་ནས་ཀྱང་སྔ་ཕྱིར་ཚིགས་བདུན་གསོལ་འདེབས་འབུམ་ཕྲག་བཅུ་གསུམ་གསུངས་པས་གྲུབ་པའི་རྟག་མཚན་ངོ་མཚར་ཅན་དུ་མ་བྱུང་བ་དང་། ཚིག་བདུན་རྣམ་བཤད་པདྨ་དཀར་པོའང་ཞུ་བསྐུལ་ཡང་ཡང་མཛད་པ་སྐྱེན་འདི་དག་གིས་ཡིན་པར་འདུག་ལ། འཇམ་དཔལ་ཚེ་བདག་གི་ལས་སྦྱོར་གྱི་ཟོར་འཕང་རྗེས་ཤོག་ལོང་ལ་རྗེ་ཉིད་ནས་མེ་མདའི་འཁྲུལ་འཁོར་རྒྱབ་པས་གཏོ་ཁང་མེ་རང་འབར་དུ་སོང་བ་དང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་ཆོག་ཁྲིགས་སུ་སྩལ་སྟེ་ཡི་གེ་གཉིས་པ་བླ་མ་རིན་པོ་ཆེ་འོད་གསལ་ནས་ཞལ་བཤུས་གནང་བས་གཟིམས་ཁང་སྐྱིས་ཤུགས་ཀྱི་མེ་རང་འབར་དུ་བྱུང་བ་དང་། སྟག་ཚང་ནས་བླ་མ་པདྨའི་རིམ་གྲོར་ཉང་གཏེར་རྟ་ནག་གི་བཟློག་པ་ཞག་བཞི་མཛད་ནས་གཏོར་རྒྱགས་གནང་བའི་ཟོར་སྣ་གཏད་ཡུལ་གྱི་བྲག་རི་ཞིག་ཡོད་པ་དེ་ལ་མེ་དུད་དཀྲིས་པས་ཕྱི་ཉིན་ཕྱེ་མར་ཞིག་སྟེ་འཐོར་བ་དང་། ཡང་གནས་དེའི་བྲག་རྩེར་ས་དམིགས་ཆེད་བཙལ་གྱིས་སྒྲུབ་ཁང་གསར་བསྐྲུན་གྱི་ས་འདུལ་མཛད་དུ་བྱོན་པས་བྲག་ཁ་ཐོག་བརྩེགས་གསུམ་བཞི་ཡོད་པ་ཞིག་ནས་གློ་བུར་དུ་ལྷུང་བ་ལྟར་མཛད་པ་ཉེ་གནས་བླ་མ་རིན་པོ་ཆེ་ཐུགས་སྐྲག་དངངས་བཅས་འོག་ཏུ་ཕེབས་པས་ཅི་ཡང་མ་ཉེས་པར་སྐྱིལ་ཀྲུང་གིས་བདེ་བར་བཞུགས་པ་དང་སྡེ་དགེའི་སྲས་མོ་སྙུན་ཏེ་བླ་བསླུ་མཛད་པས་བླ་ལུག་ལ་ཐུགས་གཏད་པ་ཙམ་གྱིས་རང་བཞིན་གྱིས་ཁ་བསྐོར་བ་ཀུན་གྱི་མཐོང་སྣང་དུ་བྱུང་བ་དང་། སྨད་ཤོད་ཕྱོགས་སུ་ཐན་པས་ཤིན་ཏུ་ཉེན་སྟེ་སྡེ་དགེ་མ་ཡུམ་ནས་གསུངས་བསྐུལ་གནང་བ་ལྟར་སེ་ངུ་གཡུ་མཚོར་ཆར་འབེབ་བྱོན་ནས་ད་ལྟ་བཀའ་འབུམ་དུ་གསལ་བའི་ཆར་ཆོག་གི་ལས་སྦྱོར་མཛད་པ་བརྩམ་ནས་ཆར་གྱི་རྒྱུན་ཆེས་དྲགས་པས་རི་རྩེར་ཁ་བ་ཆགས་ཏེེ་བྱོན་བཞུད་ཀྱང་དཀའ་ཙམ་བྱུང་བ་དང་། ཡང་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་གསུང་བསྐུལ་གྱིས་སྡེ་དགེ་མ་ཡུམ་དང་། དཔལ་སྤུང་ནས་སི་ཏུ་མཆོག་སྤྲུལ་གྱི་སྦྱིན་བདག་གིས་འཇམ་དཔལ་སྨྲ་སེང་གི་རིལ་བུ་སྒྲུབ་གནང་མཛད་པས་རིལ་བུ་འཕེལ་སྟེ་དཀྱིལ་འཁོར་གྱི་སྟེང་ཁེབས་པ་ཙམ་གྱི་མངོན་རྟགས་གསལ་བ་དང་། རུ་དམ་ནགས་ཆུང་ཡང་དབེན་པདྨ་བསམ་གཏན་བདེ་ལྡན་གླིང་དུ་བཞུགས་སྐབས་རྒྱལ་པོའི་ཆོ་འཕྲུལ་གྱིས་གངས་ཆེན་པོ་བབས་པ་ལ་སྔགས་དང་ཏིང་འཛིན་གྱིས་ཞག་བདུན་དུ་གཟིར་ཏེེ་བེ་ཅོན་གྱིས་བརྡུང་བས་གཙིགས་ལ་ཕབ་ནས་དེའི་དུས་ཀྱི་སྒྲུབ་གནང་གི་གཤིན་རྗེའི་ཕྱག་མཚན་བེ་ཅོན་གང་དུ་མཆིས་པའི་དཔག་ཚད་ཚུན་རྒྱལ་འགོང་ཉེ་མི་ནུས་པར་གསུངས་པ་དང་། ཚེ་སྒྲུབ་གསང་བ་འདུས་པའི་བསྙེན་བཟླས་སྐབས་བུམ་པའི་བདུད་རྩི་དང་སྨན་རཀ་འཕྱུར་སྟེ་དཀྱིལ་འཁོར་གྱི་སྟེང་མེར་གྱིས་ཁྱབ་པ་བྱུང་ཞིང་། དེ་སྐབས་ཞེ་ཆེན་རབ་འབྱམས་བཞི་པ་སྐུ་མདུན་དུ་ཕེབས་པས་རྗེ་བླ་མས་ཁོ་བོའི་ཚེ་སྒྲུབ་ལོ་གཅིག་བྱས་རིང་རྒྱུན་བཞག་གི་ཚེ་ཆང་འདི་དབྱར་མ་རུལ། དགུན་མ་འཁེང་བ་དང་པོ་བཤམས་པ་ལྟར་འདུག་པས་ལྷ་གྲུབ་པའི་རྟགས་མཚན་ཞིག་ལོས་ཡིན་གསུངས་སྟེ་དངོས་གྲུབ་ལེན་ཆོག་དཔོན་སློབ་ལྷན་རྒྱས་ནས་གནང་བའི་ཚེ་རྫས་སོགས་ཡབ་གཞིས་ཀྱི་སྐུ་ངོ་རྣམས་ལའང་སྩལ་བ་དེ་རིགས་ཀྱང་ཕྱིས་ཚེ་མཐར་ཕྱིན་པ་ཤ་སྟག་བྱུང་བ་དང་། དེ་རྗེས་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་སྐུ་ཚེ་དང་ཕྲིན་ལས་ཀྱི་དཔལ་དུ་ཚེ་གསང་གི་སྟོང་མཆོད་ཆེན་མོ་བཙུགས་དགོས་པར་བཀའ་གནང་གིས་རུ་དམ་རྫོགས་ཆེན་དགོན་དུ་སྟོང་མཆོད་ཤིན་ཏུ་རྒྱས་པ་བཙུགས་ཏེེ་རྗེ་བླ་མས་དགོངས་པ་གཏད་ཅིང་དབུ་བཞུགས་སུ་བླ་མ་རིན་པོ་ཆེ་འོད་གསལ་ཕེབས་པའི་ཚེ་ཡང་སྨན་རཀ་རྣམས་ཁོལ་བ་དང་། མཆོད་པའི་ཞལ་ཟས་ལས་བདུད་རྩི་ཞག་བདུན་དུ་བབ་པའི་གྲུབ་རྟགས་ཀྱི་དགེ་མཚན་ཀྱང་བྱུང་བ་དང་། ཡང་བར་སྐབས་ཤིག་ཏུ་འཇུ་ཉུང་མ་རླུང་རྟ་གུད་དེ་དགྲ་ཇག་གིས་འཚེ་བ་ལ་ཕྲིན་བཅོལ་གནང་སྟེ་རླུང་རྟའི་སྟོབས་སྤེལ་མཛད་པས་མནལ་ལམ་དུ་འབྲུ་རྒ་བདེ་ཆོས་སྐྱོང་བེར་ནག་དེ་རྟ་ནག་པོ་ཞིག་ཆིབས་ནས། ཕྱགས་ན་མདུང་ཞིག་བསྣམས་འདུག་པ་དེས་འཇུ་ཉུང་མའི་ཡུལ་གྱི་སྟེང་ནས་རེ་བ་ནག་པོ་ཞིག་བླང་སྡེ་རྒྱང་རིང་དུ་འཕང་སོང་བའི་མཚན་ལྟས་གསལ་བར་གཟིགས་པས་དེ་ཕྱིན་འཇུ་པ་དགྲ་ཤེད་ཇེ་ཆེ་ལ་སོང་སྟེ་རླུང་རྟའི་སྟོབས་རྩལ་རྒྱས་པ་འདི་ཁོ་བོའི་དྲིན་ཡིན་ཀྱང་སུས་ཤེས་པར་མི་འདུག་ཅེས་གསུངས་པ་དང་རྒ་སྟོད་སྒྲུབ་བརྒྱུད་དགོན་དུ་བཞུགས་སྐབས་ཕྱི་ལིང་གཉིས་འོང་བ་རྗེ་ཉིད་བཞུགས་ཕྱོགས་སུ་སླེབ་ཉེའི་སྐབས་ཁ་བ་ཆེས་ཆེ་བར་བབ་སྟེ་མིག་ཕྱིད། བཞུགས་གནས་ཀྱི་ཉེ་ལོགས་ནས་རྒྱ་ལམ་ཡིན་ཀྱང་འོང་མ་ནུསཔ་དེ་ལས་བྱོལ་ཏེ་སོང་བས་གཟིམས་ཆུང་རྒྱང་རིང་པོ་ནས་མཐོང་ཙམ་གྱིས་དྲེལ་ཞིག་ཡོད་པ་གློ་བུར་དུ་འགྲོགས་ཏེ་ས་སྣ་ཆུ་སྣ་རྒྱབ་གཅིག་ཡོད་པ་གཏོར་སྟེ་སོང་བ་དང་། དེ་ནས་ཁྲི་འདུའི་ཕྱོགས་སུ་ཚུར་ཕེབས་ལམ་དུ་གྲོ་ཚུགས་ཁར་བྱ་རྒོད་ཆེས་མང་བར་བབ་སྟེ་དེ་ནུབ་ཀྱི་བཞུགས་གནས་བར་རྗེ་བླ་མ་གར་ཕེབས་ཀྱི་ཕྱོགས་སུ་འཕུར་ཏེ་བྱུང་ཞིང་། རྒོད་འགའ་ཞིག་དེ་ནུབ་ཀྱང་བཞུགས་གནས་དེར་ཉལ་ཞིང་ནང་བར་འཕུར་སོང་བ་དང་། སྒ་སྟོད་སྟག་མགོར་བཞུགས་པའི་སྟོན་པ་ཐུབ་པའི་དབང་པོའི་རིང་བསྲེལ་ལ་མཆོད་འབུལ་དང་ཁྲུས་གསོལ་གནང་མ་ཐག་རིང་བསྲེལ་དུ་མ་འཕེལ་ཏེ་བྱུང་བ་དང་། སྒ་སྟོད་ཁྲ་འགུའི་རི་ཁྲོད་དུ་བཞུགས་སྐབས་རི་དེའི་ཞོལ་ནས་ལམ་སྲང་དུ་རྒྱ་དམག་མང་པོ་ཞིག་འོང་བས་གཟིམས་ཁང་མཇལ་མ་ཐག་དམག་དར་གྱི་ཡུ་བ་སྐེད་པ་ནས་ཆག་པ་དང་དེ་རྗེས་རྒྱ་དཔོན་བྱུང་བས་རྟ་གློ་བུར་དུ་ཉལ་ནས་འགྲོར་མ་གཏུབས་པ་དང་། ཆབ་མདོར་བཞུགས་སྐབས་རྒྱ་དམག་གི་འུར་ཟིང་ཆེ་བས་བླ་མ་དམ་པ་འོད་གསལ་ཐུགས་གཟན་ཆེ་བ་ལ། ཀླ་ཀློ་འཇོམས་པའི་གཤེད་མ་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་ཡིན། བདག་ཀྱང་དེའི་དམག་དཔོན་གྱི་ཆེ་ཤོས་ཞིག་ཡིན་པས། ད་ལྟའི་དམག་དཔུང་གི་འཚེ་ག་ལ་ནུས། ཨ་འུ་ཙའི་ཞེས་གསུངས་པ་དང་། དེ་སྐབས་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བ་ཐོག་མར་ལྗགས་བརྩམས་ཀྱི་ཉིན་རྡོ་རྗེ་འཆང་མཁྱེན་བརྩེའི་མདུན་ནས་སྩལ་བའི་སྒྲོལ་དཀར་གྱི་ཞལ་ཐང་བཤམས་པའི་མདུན་དུ་མཆོད་འབུལ་གནང་སྟེ་གསོལ་འདེབས་མཛད་པས་ཞལ་ཐང་དེའི་རྒྱབ་བྱང་དུ་དོན་གྱི་རྒྱུ་མཚན་ཆེན་པོ་བཞི་དང་འབྲེལ་བའི་རྗེ་ཉིད་ཀྱི་མཚན་བཀྲ་བའི་ཞབས་བསྟན་ཚིགས་སུ་བཅད་པ་རང་སྒྲ་གྲགས་པ་དང་། ལྡན་ཡུལ་དིལ་མགོའི་རི་ཁྲོད་དུ་ས་དམིགས་ཆེད་བཙལ་གྱིས་གཟིམས་སྐྱིལ་ཞིག་གྲུབ་ན་ཆོས་རྒྱལ་སྡེ་དགེའི་མངའ་རིས་ལ་ཅུང་ཕན་པར་འདུག་གསུངས་སྟེ་གནས་དེའི་ཕྱོགས་ཀུན་ཏུ་ཕེབས་པས་ཡིག་འབྲུ་དང་། དྷཱ་ཀིའི་ཞབས་རྗེས་སོགས་རང་བྱོན་ངོ་མཚར་ཅན་དུ་མའང་བརྡ་སྤྲོད་དང་ཆབས་ཅིག་གསེར་ལྡན་དལ་འབབ་འབྲི་ཀླུང་གི་འགྲམ་ངོགས་སུ་བྱོན་སྟེ་བོད་ཁམས་བདེ་བའི་སྨོན་ལམ་དང་ས་བཅུད་གསོ་བའི་རྟེན་འབྲེལ་དུ་རིན་ཆེན་འབྲུ་དར་ཀླུ་སྨན་བདུད་རྩི་མྱོང་གྲོལ་སོགས་ཀྱི་མཚོ་འབུལ། མདའ་ཞིག་གི་མགུལ་བསྡམས་ཏེ་ཕྱག་གིས་ཆུ་དཀྱིལ་དུ་འཕང་བས། མདའི་རྩ་བ་ཆུ་གཏིང་དུ་ས་ལ་ཟུག་པ་བཞིན་བསྡད་པའི་མདའི་མགུལ་གྱི་དར་ཚོན་རླུང་གིས་བསྐྱོད་དེ་གནས་པ་ལ། ཆུ་འགྲམ་ནས་གྱེན་དུ་སྨོན་ལམ་ཤིས་བརྗོད་དུ་མ་གསུངས་བཞིན་དལ་བུས་ཕེབས་རིང་མདའ་ཡང་དར་ཚོན་ཆུ་སྟེང་བཀྲམ་པ་ལྟར་བྱུང་སྟེ་གྱེན་ལ་ཤར་གྱིས་བྱུང་བ་དེར་འཁོད་ཐམས་ཅད་ཀྱིས་མཇལ་བ་དང་། གོ་ཐིའི་གནས་ཀྱི་ལྟེ་བའི་ས་དམིགས་ལ་ཐོག་མར་ས་འདུལ་མཛད་དེ་གར་གྱི་སྟང་སྟབས་གནང་བ་དང་བྱ་རྒོད་དུ་མ་ནམ་མཁའ་ལས་བབ་ནས་གཤོག་པ་བརྒྱང་སྟེ་གནས་པ་སོགས་དེ་འདྲའི་རྟགས་མཚན་ཁྱད་པར་ཅན་དུ་མ་བྱུང་བ་དང་། སྤྱིར་གསུང་བརྩམས་གང་གནང་སྐབས་སུ་ཐུགས་དམ་རྟེན་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྣང་བསྙན་གྱི་ཐུགས་ཀ་ནས་འོད་ཀྱི་ཟེར་ཐག་ཞིག་འཕྲོས་ཏེ་རྗེ་བླ་མའི་ཐུགས་ཀར་ཐིམ་པ་དང་བརྩམ་བྱ་གང་ཡིན་ཐུགས་ལས་རང་བརྡོལ་གྱིས་ཐོགས་པ་མེད་པར་འབྲི་བ་དང་། རེས་འཇམ་དཔལ་གྱི་ཐུགས་ཀའི་འོད་ཟེར་གྱི་རྩེ་ལས་ཡིག་འབྲུ་རྣམས་ཁྲ་ཁྱུག་གེར་གསལ་བ་ལ་གཟིགས་སྟེ་བསྟན་བཅོས་རྣམས་མཛད་པ་གསུངས་ཤིང་། བསྟོད་པ་བཀྲ་ཤིས་མི་འགྱུར་མ་སོགས་འགའ་ཞིག་ནི་སྐུ་རྟེན་ཉིད་འཇམ་དཔལ་དངོས་སུ་གྱུར་ཏེ་གསུངས་པའང་ཡོད་འདུག་ལ་སྐུ་རྟེན་འཇམ་དཔལ་དངོས་སུ་གྱུར་ནས་རྗེ་བླ་མ་ལ་ལུང་ཡང་ཡང་བསྟན་པའང་། རྗེ་བླ་མ་འོད་གསལ་གྱིས་དངོས་སུ་གསན་པར་གསུངས་ཤིང་། ཐུགས་དམ་རྟེན་འཇམ་དཔལ་གྱི་སྐུ་འདི་ཡང་སྔར་རྫ་རྒྱལ་དུ་ཕེབས་སྐབས་ཤིག་རྟེན་འབྲེལ་གྱི་སྒོ་འཕར་ཁྱད་པར་ཅན་དུ་མ་རང་འགྲིགས་ཀྱིས་ཕྱག་ཏུ་ཕོག་པ་དེ་ནས་བཟུང་རྒྱུན་པར་ཐུགས་དམ་གྱི་རྟེན་དུ་འབྲལ་སྤང་གནང་ཞིང་ཁོ་བོའི་འཆད་རྩོད་རྩོམ་པ་ཐམས་ཅད་འདིའི་བྱིན་རླབས་ཀྱི་མཐུ་ཡིན་ཞེས་འཇམ་དཔལ་དངོས་དང་རྣམ་དབྱེར་མེད་པའི་ཐུགས་རྩིས་ཤིན་ཏུ་ཆེ་བར་ཕྱིས་སྐུ་གཤེགས་རྗེས་ཞལ་ཆེམས་བཞིན་འཇམ་དཔལ་གྱི་སྣང་བརྙན་ཁྱད་འཕགས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ས་སྙིང་ལྷ་ཁང་དུ། ཆོས་རྗེ་བླ་མ་རིན་པོ་ཆེ་འོད་གསལ་གྱིས་བཞེངས་པའི་ཐུགས་ཀར་བཞུགས་སུ་གསོལ་བས་བདུད་རྩི་སྔ་ཕྱི་མང་དུ་བབ་པ་དང་། འཇམ་མགོན་བླ་མ་རིན་པོ་ཆེའི་ཐུགས་སྲས་རྒྱལ་ཚབ་གདོད་མའི་མགོན་པོའི་ཀྱང་གཉུག་སེམས་སྐོར་ལྗགས་བསྒྲིགས་ཀྱི་ཚེ་དང་པོ་བསྒྲིགས་དཀའ་བ་ཞིག་བྱུང་བས་རྗེ་བླ་མ་རིན་པོ་ཆེའི་སྐུ་གདུང་མདུན་མཆོད་འབུལ་གསོལ་འདེབས་ཡང་ཡང་མཛད་པས་དགོངས་པ་ཕྱིན་ཅི་མ་ལོག་པ་ཐུགས་ལ་འཁྲུངས་ཏེ་བསྒྲིགས་ཆོག་པ་བྱུང་ཞེས་གསུངས་པ་སོགས་བྱིན་རླབས་ཀྱི་གཟི་འོད་མཚུངས་པ་མེད་པ་འདི་ཉིད་ཡིན་ནོ། །དེར་མ་ཟད་གོང་དུ་སྨོས་པའི་ཐུགས་དམ་གྱི་ལྷ་སོ་སོའི་བསྐྱེད་བཟླས་སྐབས་དཀྱིལ་འཁོར་དེའི་གཙོ་བོ་རྣམས་དང་གཉིས་སུ་མེད་པར་ལྟ་བུར་གྱུར་ནས་དེའི་བྱིན་རླབས་ཀྱིས་རིག་རྩལ་གཡོས་ཏེ་ཡེ་ཤེས་ཀྱི་རྩ་ཁ་བྱེ་བས་སྒྲུབ་ཐབས་དང་བསྟོད་ཚོགས་སོགས་དགོངས་ཀློང་ལས་རང་བརྡོལ་དུ་བྱུང་བར་གསུངས་ཤིང་། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་བཀའ་བརྒྱད་རྣམ་བཤད་མཛད་ཐུབ་ཀྱི་གསུངས་བསྐུལ་གནང་སྐབས་ཀྱི་ཞལ་འཕྲོས་སུ་རང་བཞིན་གྱི་བསམ་མནོ་བཏང་སྟེ་བྲིས་ན་སུ་ལའང་བྲི་རྒྱུ་ཡོད་མོད། དེ་ལ་དགོས་པ་མེད། སྐབས་འགར་བླ་མ་དང་ལྷག་པའི་ལྷའི་ཐུགས་རྗེ་ལ་བརྟེན་ནས་རང་བཞིན་གྱིས་སེམས་ལ་ཤར་ཏེ་བཟོ་བཅོས་སོགས་ཆེར་མ་དགོས་པར་འབད་མེད་དུ་བྲི་ཆོག་པ་ཞིག་ཡོང་རྒྱུ་ཡོད་དར་བབ་དེ་ལྟར་བྱུང་ན་ལས་སླ་ཞིང་དགོས་པ་ཆེ་བ་ཞིག་ཡོད་པས་དེ་བར་རེ་ཞིག་སྒུགས་ལ། ཁྱེད་ནས་ཀྱང་བླ་མ་དང་ཡི་དམ་ལ་གསོལ་བ་ཐོབས། ཆོས་སྲུང་ལ་ཕྲིན་བཅོལ་རེ་གྱིས་ཞེས་བཀའ་ཕེབས་པ་དང་། འཇམ་མགོན་ཐམས་ཅད་མཁྱེན་པ་མཁྱེན་བརྩེ་རིན་པོ་ཆེའི་ཀྱང་རྗེ་བླ་མ་མི་ཕམ་ལ་གསུངས་བརྩམས་རིགས་བསྐུལ་མ་ཇི་ལྟར་བྱས་རུང་ལྷག་པའི་ལྷའི་བྱིན་རླབས་ཀྱིས་དུས་ལ་བབ་ཅིང་དགོས་པའི་གནས་ཁྱད་པར་ཅན་མངོན་དུ་མ་གྱུར་བར་རང་བཞིན་གྱིས་བརྩམས་པར་དཀའ་ཞེས་གསུངས་པ་དང་། དད་ལྡན་འགའ་ཞིག་ལའང་ཁོ་བོའི་མཁས་པའི་རྣམ་དཔྱོད་འབའ་ཞིག་གིས་བྲིས་ན་བཀའ་དང་བསྟན་འགྱུར་ཙམ་གྱི་པུསྟིའི་གྲངས་སུ་སོན་པ་ཙམ་ཞིག་བྲིས་ཀྱང་ཟད་མཐའ་མེད་མོད་དེ་རིགས་ལ་དགོས་པ་ཆུང་ཞིང་། ད་ལྟ་བརྩམས་པ་འདི་རིག་བྱིན་རླབས་ཀྱི་བབ་དང་དགོས་པ་ཁྱད་པར་ཅན་རེ་ཡོད་ངེས་ཁོ་ན་ཡིན་པས་སྐལ་བཟང་དག་གིས་ཀྱང་བློ་གཏད་ཐུབ་པ་ཡོད་ཅེས་དངོས་སུ་གསུངས་པ་དང་སྤྱིར་དུས་རྒྱུན་པར་སྲོད་ལའང་མར་མེ་དང་། ཤོག་བུ་ལྡེབ་ཆ་ཤས་བཅས་སྐུའི་ཉེ་ལོགས་སུ་རྟག་ཏུ་བཞག་ནས་མཚན་མོ་ཡང་ལྗགས་བརྩམས་མཛད་དགོས་ཅན་དུ་མ་ཡོད་འདུག་ཅིང་། མཁན་ཆེན་བླ་མ་མངྒ་ལས་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་ཆེན་ཞིག་མཛད་ཐུབ་ལན་དུ་མར་གསུངས་བསྐུལ་ཚེ་དེ་ད་ལྟ་བྲི་འོས་མིན། རང་བརྩམས་ཐམས་ཅད་ཀྱི་མཇུག་སྡུད་ཡིན་ཞེས་ཕེབས་པ་སོགས་ལ་དཔག་ན་རང་བཞིན་བབ་བརྩམས་མིན་ཚུལ་ཤེས་ནུས་པ་དང་། ཕྱིས་སྐུ་གཤེགས་ཁར་མཚན་བརྗོད་འགྲེལ་བ་ལོགས་སུ་བྲི་རྒྱུ་མ་བྱུང་ཡང་དོན་གནད་ཐམས་ཅད་དུས་འཁོར་འགྲེལ་ཆེན་དུ་ཚང་བར་ཡོད་ཅེས་གསུངས་པ་དང་། རྗེ་རང་ཉིད་ཀྱི་ཞལ་ནས་ཀྱང་། འཇམ་དབྱངས་བློ་ལྡན་མཆོག་སྲེད་རྩལ། །སྙིང་གི་པདྨོར་བཀོད་པ་ལས། །ཟབ་མོའི་ཆོས་མཆོག་ནོར་བུའི་གཏེར། །ཡིད་ཀྱི་མཚོ་ལས་བརྡོལ་བ་ཡིན། །ཞེས་སོགས་གསུངས་ཕལ་ཆེར་གྱི་གཤམ་དུ་གསལ་བ་ལྟར་དོན་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྙིང་ཐིག་གི་སྐོར་དང་། མཛོད་ཆེན་བདུན་སོགས་བཞིན་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་སྣང་བར་མཛད་པར་ངེས་ཤིང་། དེར་མ་ཟད་གསུངས་འགའ་ཞིག་གི་ནང་བརྡའ་ཡིག་སོགས་ཀྱང་བཀོད་པར་མཛད་གནང་ལྟར་ཡིན་ལ། དུས་འཁོར་བསྡུས་རྒྱུད་སོགས་གསུང་འགའ་ཞིག་མཛད་པའི་སྐབས་སུ་འཚུབ་སློང་གིས་སྙུན་ཁམས་འཁྲུགས་པ་སོགས་བྱུང་ཞིང་། ཕྱིས་རྒྱུད་བཤད་ཀྱི་སྐབས་སུ་ཡང་སྔ་མོ་ནས་རྒྱུད་ཀྱི་གསང་བ་འདི་ལ་འགྲེལ་བ་བྲི་འདུན་ཡོད་ཀྱང་ད་ལྟའི་བར་དུས་ལ་མ་བབ། ད་ནད་བབ་ལྗི་ཞིང་ན་ཚོད་རྒས་པས་འཆད་སྤེལ་ཞུས་དག་སོགས་དབང་པོས་ལྕོགས་དཀའ་བར་འདུག་གསུངས་པ་སོགས་ཀྱང་གསུང་བའི་བཀའ་རྒྱ་དཀྲོལ་བའི་དུས་སོགས་སོ་སོར་ངེས་དཀྲིགས་སུ་མཛད་དགོས་པར་མངོན་ལ། གསུངས་བརྩམས་འདི་རིགས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཚེ་གོང་འོག་གི་གོ་རིམས་ཀྱང་ཡོངས་གྲགས་ཀྱི་མཁས་གྲུབ་གཞན་པའི་གསུངས་འབུམ་རིགས་ཀྱི་སྡེ་ཚན་བསྒྲིགས་པ་དང་མི་འདྲ་བ་ཐུགས་ལ་ཤར་སྔ་ཕྱི་སོགས་ཐུན་མིན་གྱི་དགོངས་པས་གོ་རིམ་ཞིག་ཀྱང་ཡོད་ཅེས་ཉེ་གནས་བླ་མ་རིན་པོ་ཆེ་འོད་གསལ་གྱི་ཞལ་ལས་ཐོས་ཤིང་། སྒྲུབ་ཐབས་རིགས་ཀྱང་རྗེ་ཉིད་ནས་བསྙེན་བཟླས་ཚད་དུ་མ་འཁྱོལ་བར་གཞན་ལ་དཔེ་ཙམ་བསྟན་པ་མི་མཛད་ཅིང་། ཁོ་བོས་བྲིས་པའི་སྒྲུབ་སྐོར་འདི་རྣམས་རང་དོན་དུ་བསྙེན་སྒྲུབ་རེ་བྱ་ཕྱིར་བྲིས་པ་ཡིན་པས་དེའི་གོ་ནི་ཆོད་ཟིན། གཞན་དོན་འོང་མིན་གང་ལྟར་ཡང་དེ་ཙམ་རེ་དོགས་ཆེན་པོ་ཅི་ཡོད་སོགས་གསུངས་པའང་གནད་ཟབ་པར་གོ་ཞིང་། སྤྱིར་སློབ་དཔོན་དཔའ་བོས། མང་དུ་ཐོས་པས་སྙེམས་པ་མེད། །འབྱོར་བ་རྣམས་ནི་སེར་སྣ་མེད། །ནགས་ཚལ་གནས་རྣམས་ཆོག་ཤེས་པ། །ཡོན་ཏན་རྒྱན་གྱི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་རྗེ་བླ་མ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས་ཀྱང་སྤྱིར་ཁོ་བོ་ལ་ཡོན་ཏན་ཅི་ཡང་མེད་ཀྱང་། ཆེད་དུ་བརྗོད་པའི་ཚོམས་ལས། དྲེའུ་མོ་རང་གི་མངལ་གྱི་དང་། །འདམ་བུའི་སྨྱིག་མ་འབྲས་བུའི་དང་། །ཆུ་ཤིང་འབྲས་བུ་ཕུང་བ་ལྟར། །ཕོ་ཤལ་བཀུར་སྟིའི་ཕུང་བར་འགྱུར། །ཞེས་པ་ལྟར་ཆུང་ནས་ད་ལྟའི་བར་རྒྱུད་ལ་ཡོན་ཏན་འདི་ཡོད་སྙམས་པའི་རློམས་སེམས་ཀྱིས་ང་རྒྱལ་ཏིལ་འབྲུ་ཙམ་ཡོད་མ་མྱོང་ཞེས་གསུངས་པ་ལྟར་ལམ་རིམ་ཅན་གྱི་གང་ཟག་ཙམ་གྱི་མངོན་རློམས་ཀྱང་མ་མཆིས་པས་ངོས་ཅག་སོ་སོའི་སྐྱེ་བོ་ཞིག་གོ་ཞེས་རྟག་ཏུ་དམན་པའི་ས་འཛིན་ཁོ་ན་གནང་ཞིང་། དེང་སང་སྤང་རྟགས་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་ནི་སུ་ཡང་དཀའ། གལ་ཏེ་ཡོན་ཏན་ཅུང་ཟད་ཙམ་ཡོད་ཀྱང་ངོམ་ཆོས་སུ་སོང་ན་སྙིགས་མའི་ཡིད་ཅན་གྱི་བློ་ལ་ཤོང་དཀའ་ཞིང་དེ་ལ་བསྟེན་པའི་སྟོང་འུར་དེའི་སྣ་མི་ཆོག་པ་ཕལ་ཆེར་བར་ཆད་ཀྱི་རྒྱུ་ལས་གཞན་ཅི་ཡང་མེད་པས་ཉམས་ཆུང་སྦས་པའི་ངང་ཚུལ་ཅན་ཉིད་ལེགས་པའི་ཚུལ་གསུངས་པ་ལྟར་གསང་བ་ཟབ་མོའི་མངོན་རྟོགས་ཐམས་ཅད་བུམ་ནང་གི་མར་མེ་བཞིན་དུ་སྦས་པ་ཁོ་ན་ལས་རྒྱལ་སྲས་ཞི་བ་ལས། གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱང་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག། ཅེས་གསུངས་པ་ལྟར་མདོ་་རྒྱུད་ཀྱི་དགོངས་པའི་ཟབ་གནད་རྟོགས་དཀའ་བ་སོགས་གནད་དོན་གལ་ཆེན་གང་དགོས་ལ་བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ཐོབ་པ་མངོན་སུམ་གྲུབ་སྟེ་སྔོན་སྐུ་ན་ཕྲ་མོའི་དུས་ཚད་མ་རིག་པའི་གཏེར་ལ་གཟིགས་པས་ཚིག་དོན་གྱི་གནས་ལ་གོ་དཀའ་བར་བྱུང་བས་འཇམ་དཔལ་ལ་གསོལ་འདེབས་ཡང་ཡང་གནང་བས་དེ་ནུབ་མནལ་ལམ་དུ་འཇམ་མགོན་ས་སྐྱ་པཎ་ཆེན་ན་བཟའ་རྡོ་ཚོས་ཀྱི་མདོག་རྒྱ་གར་པན་གྲུབ་ཀྱི་ཆ་བྱད་ཅན་ཤངས་རྩེ་ཅུང་ཟད་གུག་པ་ཅན་ཞིག་མཇལ་བས་ཁྱོད་ནས་ཚད་མ་རིག་གཏེར་ཤེས་པར་འདུག་གམ་གསུངས་པས་བལྟ་རྟོགས་བྱས་རུང་ཤེས་དཀའ་བར་འདུག་ཅེས་ཞུས་པས། ཚད་མ་ལ་མི་ཤེས་རྒྱུ་ཅི་ཡོད་དགག་སྒྲུབ་གཉིས་རེད་ཅེས་ཕྱག་ཏུ་རིག་གཏེར་གྱི་གླེགས་བམ་ཞིག་བསྣམས་པ་དུམ་བུ་གཉིས་མཛད་དེ་རྗེ་ཉིད་ཀྱི་ཕྱག་ཏུ་གཏད། ད་དེ་གཉིས་གཅིག་ཏུ་བསྡོམ་གསུངས་པས་ཕྱོགས་གཅིག་ཏུ་བསྡོམ་མ་ཐག་རལ་གྲི་ཞིག་ཏུ་གྱུར་པ་ལ་རྗེ་རང་གི་མདུན་ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་པར་བཀྲ་ལམ་གྱིས་ཡོད་པའི་ཐུགས་སྣང་ལྟ་བུར་བྱང་བ། རལ་གྲི་དེ་གཅིག་ཏུ་གཡུགས་པས་དེ་དག་གང་ལའང་ཐོགས་པ་མེད་པ་སྐད་ཅིག་གིས་ཆོད་པའི་ཐུགས་སྣང་གསལ་བར་བྱུང་བས་ཕྱིར་ཉིན་ནས་གཞུང་ཡོངས་རྫོགས་ཀྱི་དོན་དཔྱིས་ཕྱིན་པར་མཁྱེན་ནས་འདུག་གསུངས་པ་དང་། ཡང་རྗེ་ཉིད་ཀྱི་ཕྱག་བྲིས་དངོས་ལས་ཞལ་བཤུས་པའི་ལུང་བསྟན་ཀྱང་འདི་ལྟར་། མེ་སྤྲེལ་ཟླ་༡༡ཚེས་༣གཟའ་༢སྐར་༡༩དགེ་བ་རང་སྐྱེས་དུས་ཀྱི་དུས་ཚོད་ཀྱི་གཟའ་སྐར་དུས་འགྲིགས་ལ་གློ་བུར་ཡིད་ཀུན་བྱེད་རྒྱལ་པོ་འཇམ་དཔལ་ཚེ་དཔག་མེད་པ་པདྨ་རཱ་ཛའི་བཀའ་ལུང་གིས། ཚེ་རྟེན་རྡོ་རྗེ་དེ་དང་དབྱེར་མེད་པ། །རི་རབ་ལྷུན་པོ་དང་ནི་ལྷུན་གྲུབ་པའི། །ནུབ་བྱང་ཤེལ་དཀར་རི་ཁྲོད་ཡོད་པའི་རི། །མདའ་ནི་དཔག་བསམ་ཡོངས་འདུའི་འཁྲི་ཤིང་དང་། །ཛམྦུ་བྲིཀྵའི་སྡོང་པོ་ཉིད་ཡིན་ལ། །བུམ་པ་མ་དྲོས་པ་དང་མི་ཕམ་མཚོ། །གཡུང་དྲུང་ལེན་མེད་མཆོད་རྟེན་ཉི་ཟླ་གསུམ། །ཐོད་ཆང་ཁྲི་ཤོད་རྒྱལ་མོ་རྫ་ཀླུང་ཆུ། །བཅུ་གཅིག་པོ་འདི་ཚེ་ཡི་རྟེན་ཡིན་ལ། །ཡུ་དམར་དེར་ཆགས་དེ་སྲིད་འདི་གནས་པའི། །རྟེན་འབྲེལ་མཆོག་འགྲིགས་འདི་རྣམས་གཅེས་པར་བྱ། །གཡུང་དྲུང་བརྒྱད་ཅུའི་ཡལ་ག་རྒྱས་ཀྱང་སྲིད། །གོང་ཚེས་དེ་ཡི་སྔ་དྲོ་ལའོ། །མངྒ་ལཾཿཞེས་དང་ཡང་། བདེ་བ་ཆོས་ཀྱི་འཁོར་ལོ་བསྐོར་མཛད་དེ། །རིན་ཆེན་དབྱིག་ལྟར་དགོས་འདོད་རེ་བ་སྐོངས། །འདམ་སྐྱེས་པད་ལྟར་འཁོར་བའི་སྐྱོན་མ་གོས། །ཡེ་ཤེས་ལྔ་དོན་ཐུགས་ཆུད་རྡོ་རྗེ་ཅན། །བདག་དང་གཞན་གྱི་དོན་མཛད་ཕྲིན་ལས་དཔལ། །༦༨ཕྱེད་རང་དགེ་ཞེས་འདུག་པ་རྣམས་ཀྱིས་ཀྱང་ཤེས་ནུས་པ་ལྟར་ལ། ཡང་སྔར་སྐྱབས་རྗེ་རྡོ་རྗེ་འཆང་རྒྱལ་ཚབ་རིན་པོ་ཆེ་ལ་ཞལ་རྩེད་ཀྱི་ཚུལ་དུ་སྙིང་མ་བ་ཡིན་ན་བསྙེན་སྒྲུབ་མཐར་ཕྱིན་ནུས་པའི་རྟགས་ཐོན་དགོས་པ་ཡིན། ཁྱོད་ལ་ནུས་པ་ཅི་འདྲ་ཡོད། ངས་ནི་རྣམ་སྨིན་ལ་འཛེམ་པ་མ་གཏོགས་ཉིན་གཅིག་ལའང་མི་དུ་གསོད་དགོས་ཀྱང་གསོད་ཐུབ་གསུངས་པ་སོགས་སྤྱིར་ནུས་མཐུ་ཁྱད་པར་ཅན་ཡོད་པ་གཞན་དག་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་གདེང་ཐོབ་པའི་གང་ཟག་ནི་བསྟན་པ་སྲུང་བའི་ལྕགས་རི་ཡིན་ཞེས་ཐུགས་ཤིན་ཏུ་དགྱེས་ཤིང་རྗེ་ཉིད་ནས་ཀྱང་ནུས་པའི་གདིང་ཚད་བསྙེས་པའི་ཞལ་བཞེས་གནང་བའང་མཛད་ཅིང་། སྔར་སྐུ་ན་གཞོན་སྐབས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་ལྷན་དུ་ཉག་ཕྱོགས་སུ་ཕེབས་ཏེེ་རིན་པོ་ཆེ་བཙོ་བཀྲུ་ཆེན་མོའི་ལག་ལེན་བསླབ་སྟེ་ཡར་ཕེབས་ལམ་ལེ་ལ་ནས་གད་ཐོག་གུ་རིས་སོགས་མགོ་ལོག་གི་ཇག་པ་དང་འཕྲད་སྟེ་མེ་དའ་གསུམ་སྐུ་ལ་རྒྱབ་ཀྱང་མཚོན་གྱིས་མ་སྨས་དེ་རྒྱབ་ཕྱིས་ལོ་མཚམས་རྫ་རྒྱལ་དགོན་ཕྱོགས་སུ་ཕེབས་སྐབས་གུ་རིས་དེར་བྱུང་བ་ལ་ཁྱོད་ནས་སྔར་བསྙེས་པ་ཆེན་པོ་བྱས་པས་ད་བར་རང་གཉིས་མ་འཕྲད། ད་ལན་ངོས་འཇོམས་བྱུང་བས་ཁོ་བོ་ཆོས་སྨྲ་བ་ཞིག་ལ་བསྙས་པ་དང་ཁྱད་གསོད་ཀྱི་ལན་དུ་འཇིག་རྟེན་གྱི་དགྲ་ཁྱོད་ཀྱི་ནུས་པ་ཡོད་ཀྱང་མི་བྱེད་མོད། དཀོན་མཆོག་ལ་རྒྱབ་བརྟེན་ཞུས་པའི་ཆེ་རྟགས་ཟླ་བ་གསུམ་མཚམས་ནས་ཁྱོད་ལ་ཆོས་སྐྱོང་གི་རྟགས་ཁྱད་པར་ཅན་ཞིག་སྟོན་ངེས་ཡིན་གསུངས་ཏེ་དེ་རྗེས་ཟླ་བ་གསུམ་མཚམས་རྫོགས་ཆེན་དུ་བཞུགས་པས་ཆོ་འཕྲུལ་སྤྲེལ་ཐོད་མའི་བསྐུལ་བ་མཛད་པས་ཉིན་དེ་སྟེང་གུ་རིས་གྱི་ཁྱེའུ་ལོ་ལྔ་དྲུག་ཅན་ཞིག་བྱ་རོག་གསུམ་གྱིས་མགོ་ལ་མཆུས་བསྣུན་ཏེ་བདས་པ་སོགས་ཁྱིམ་དུ་ལྟས་ངན་དུ་མ་བྱུང་བས་དཔའ་བཀོང་སྟེ་དེ་མ་ཐག་སྙིང་ནས་འགྱོད་པས་བཤགས་པ་ཕུལ་བ། ཕྱིས་སུ་བཞེངས་ཏེ་དེ་ནས་ཐུགས་བརྩེ་བས་ཡང་ཡང་བསྐྱང་བ་མཛད་པ་དང་། སྨྱོ་འཁྲུལ་ཅན་ལ་ལྗགས་བསྔགས་སྡིག་མདུད་རྟ་སྡུད་མ་བཏགས་པ་ཙམ་གྱིས་སྨྱོ་གདོན་རང་སར་ཞི་བ་དང་། ཆབ་ཤོག་ཏུ་སྩལ་བའི་ཕྱག་བྲིས་འབྲུ་གཅིག་ཙམ་དང་ན་བཟི་རས་མས་ཀྱང་མཚོན་སྲུང་ནུས་པ་མངོན་སུམ་གྱུར་པ་སོགས་དང་། ཡང་དད་ལྡན་གཞན་དག་གིས་གལ་གནད་ཀྱི་བསླབ་སྟོན་སོགས་ཞུས་ཚེ་ངེད་ལ་ལྐོག་གྱུར་ཤེས་པའི་མངོན་ཤེས་ནི་མེད། འཇིག་རྟེན་གྱི་ལད་མོ་བྱས་ན་འདི་ལྟར་བགྱིས་ན་ལེགས་སྙམས་ཞེས་གསུངས་པ་ལས་ལྐོག་གྱུར་གཟིགས་པའི་ལུང་བསྟན་སོགས་ཆ་ཤས་ཀྱང་དངོས་སུ་མི་གསུངས་མོད། ཐུགས་བརྩེའི་ཁྱབ་པའི་སློབ་འབངས་དག་ལ་བླང་དོར་སོགས་འདི་ལྟར་གྱིས་བསླབ་སྟོན་ཞལ་དཔེའི་ཚུལ་དུ་གང་གསུངས་ཐམས་ཅད་ཕྱིས་དེ་ལྟར་མ་འཁྱུགས་པ་བྱུང་བ་སོགས་དང་སྐུ་ན་ཆུང་ངུའི་དུས་ཐུགས་ལས་རྩལ་ཞིག་ཤར་འོང་རྒྱུ་ཡོད་དར་བས་ནད་པ་འཚོ་འཆི། མི་དེའི་ཚེ་ལ་བདེ་སྡུག་ཅི་འོང་སོགས་མ་འདྲེས་པར་ཤེས་དར་ཞེས་གསུངས་པ་སོགས་དང་། ཕྱིས་སྐུ་མྱ་ངན་ལས་འདས་ཁར་སྩལ་བའི་གསུང་བརྩམས་ལས་ཀྱང་། ཀྱེ་ཧོ། རང་གི་ལས་སྣང་རྟོག་སླ་བས། །རེ་ཞིག་ལུས་ན་སེམས་ཀྱི་ཀུན་རྟོག་འཁྲུགས། །སྡུག་བསྔལ་རྦ་རླབས་འཁྲུལ་པའི་རྒྱ་མཚོ་རྒལ། །ཟླ་བ་ཕྱེད་དང་དྲུག་གིས་མཚོ་མཐར་བརྒལ། །ད་ཤི་ད་སྨྱོ་ལན་གྲངས་མྱོང་བའི་མཐར། །པདྨ་འཇམ་དཔལ་སྒྲོལ་མ་ལ་སོགས་པའི། །ཕྱོགས་བཅུའི་རྒྱལ་བའི་ཐུགས་རྗེའི་འོད་ཟེར་གྱིས། །བདེ་བར་བསུས་ཏེ་འཇིགས་མེད་ཐང་ལ་སླེབས། །ན་སྙམས་དྲག་པོའི་ནད་ཀྱང་རང་སར་ཞི། །སྨྱོ་སྙམས་དྲག་པོའི་དུས་སུ་སྨྱོ་ཡང་ཞི། །ཀུན་འཁྲུགས་དྲག་པོའི་དུས་སུ་འཁྲུགས་མེད་འགྱུར། །སླར་ཡང་རིག་གདངས་བཤད་པ་བརྒྱད་སྒྲོགས་ཤིང་། །འཇིགས་མེད་ནམ་མཁའི་བདེ་ཐབས་རིམ་བཞིན་འཆར། །སྨི་ཉམས་དངོས་ལ་བདེ་ལྟས་མང་དུ་འཆར། །གེ་སར་རྒྱལ་པོ་དགྲ་བླ་ཝེར་མ་ཡི། །དགྱེས་འཛུམ་བཞད་པའི་གད་རྒྱངས་ཕྱོགས་བརྒྱར་སྒྲོགས། །ད་ནི་མི་འཇིགས་རྩ་གསུམ་དྲན་པར་གྱིས། །སྣང་བ་བག་ཡངས་ནུས་ན་ཅི་མི་གནོད། །རང་སྣང་དགས་ན་གང་ཤར་བརྫུན་པར་འཆར། །ད་ཤི་དངོས་ནི་རླུང་སེམས་རྩེད་མོ་འདྲ། །ལས་སྣང་དབང་གིས་རེ་ཞིག་གསལ་ཆ་མེད། །སླད་ནས་ཉམས་འབར་བདེ་གསལ་རྩེད་མོ་རྩེ། །དེ་ནས་པདྨ་དབང་གི་དངོས་གྲུབ་ཐོབ། །ཧ་ཧཿཆུ་བྱི་ཟླ་༢་ཚེས་༡༤ལའོ། །དགེཿ
ཞེས་པས་མཚོན་འདི་འདྲའི་རིགས་དངོས་ཤུགས་ཀྱིས་བསྟན་པའི་གསུང་དུ་མ་སྣང་ཡང་མཐའ་དག་འགོད་ཀྱིས་མ་ལོངས་ལ། སྤྱིར་དགུང་གྲངས་ཉི་ཤུ་སྐོར་ནས་སུམ་ཅུའི་བར་མངོན་ཤེས་ཐོགས་མེད་དུ་གསུངས་པ་དང་། ངོ་མཚར་བའི་རྫུ་འཕྲུལ་མཛད་ཚུལ་སོགས་མང་དུ་ཡོད་འདུག་ཀྱང་དམིགས་བསལ་ངེས་དཀྲིགས་ཅན་དུ་ཡི་གེར་འགོད་མ་ནུས་ལ་ཕྱིས་སུ་ནི་གསང་བ་སྦས་ཚུལ་དུ་བཞུགས་པ་སོགས་ཀྱིས་རྒྱ་ཆེར་མ་མཆིས་ཤིང་། ལྷག་པར་ངེས་པ་དོན་གྱི་གསང་བ་རྒྱལ་ཀུན་མཁྱེན་པའི་ཉིན་བྱེད་ཆེན་པོར་ངེས་ཕྱིར། དམ་པའི་སྐྱེས་བུ་འདི་ལྟ་བུ་ལ་ཐུན་མོང་གི་མཐོང་སྣང་དུ་མངོན་པའི་ལྷའི་ཞལ་གཟིགས་དང་། གྲུབ་པའི་ཆོ་འཕྲུལ་ཕྲ་མོ་ཙམ་བྱིས་པ་འདྲིད་བྱེད་ཙམ་ལས་གཞན་མ་མཆིས་ཀྱང་དད་ལྡན་གྱི་སྐྱེ་བོ་དག་གིས་མཐོང་ཐོས་ཅན་གྱི་ཚད་མར་ངེས་པ་ཆ་ཤས་ཙམ་ངོ་མཚར་གྱི་ས་བོན་དུ་སྨོས་པའོ།།

Leave a Reply

Your email address will not be published. Required fields are marked *