October 2019

༄༅། །གླིང་བྲོ་བདེ་ཆེན་རོལ་མོ་བཞུགས་སོ། །

དང་པོ་བྲོ་ཡི་བྱིན་ཕེབ་ནི། །མོས་གུས་གདུང་བའི་ཡིད་མཆོག་གིས། །རབ་བསྐུལ་ཞི་ཞིང་དགའ་བའི་ཉམས། །སྙན་འགྱུར་ཚངས་པའི་དབྱངས་ལྟ་བུ། །གླུ་ནི་འདི་ལྟར་བླང་བར་བྱ། ། ཨོཾ། ལོ་འུ་ལ་ཨ་ཧོ་ཡ་སོགས། མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ། །དགྲ་ལྷ་ཝེར་མའི་དཔུང་དང་བཅས་ཏེ། །བག་བྲོ་གཟི་བྱིན་ཐིབས་སེ་བྱོན་ནས། །གཡས་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག །ཕོ་རྒྱུད་དཔའ་བའི་བྱིན་ཆེན་ཕོབས་ཤོག ། ཨ་ཧོ་ཡ་སོགས། བུ་ཡིས་ཕ་ཆེན་བརྗེད་པ་མི་སྲིད། །ངས་ནི་མི་བརྗེད་གསོལ་བ་འདེབས་སོ། །ཡིད་ལ་སེང་ཆེན་རྒྱལ་པོ་དྲན་ནས། །རྐང་བའི་བྲོ་དང་ལག་པའི་གར་སྟབས། །ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། །མཁྱེན་པའི་ཉི་མ་གསལ་བའི་ལྷ་སྲས། །བརྩེ་བའི་ཟླ་བ་རྒྱས་པའི་མི་རྗེ།།བྱིན་རླབས་གློག་ལྟར་མྱུར་བའི་སེང་ཆེན། །སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ། །འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག །སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག །དགྱེས་པའི་ཐུགས་ཀྱིས་དགོངས་ལ་བྱོན་ཤོག ། བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག། འཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག། ཨ་ཧོ་ཡ་སོགས། ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན། །མ་གཡེལ་ཐུགས་རྗེས་དགོངས་ཤིག་ནོར་བུ། །ཕ་ཡིས་བུ་དེ་བརྗེད་པ་མི་སྲིད། །མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག། ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག ། ཨ་ཧོ་ཡ། ཨ་ཧོ་ཡ།
ལེའུ་ཚན་དང་པོའོ། །
དེ་ནས་བུད་མེད་རྣམས་ཀྱིས་ནི། གླུ་ནི་འདི་བཞིན་བླང་བར་བྱ། ཨོཾ། སྟོང་ཉིད་ལྷ་མོ་ཆོས་ཀྱི་མཚོ་མོ། །མ་ཚོགས་མཁའ་འགྲོའི་འཁོར་དང་བཅས་ཏེ། །བག་དྲོ་གཟི་བྱིན་ཐིབས་སེ་བྱོན་ཤོག །གཡོན་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག །མོ་རྒྱུད་མཛེས་པའི་བྱིན་ཆེན་ཕོབ་ཤོག།བུ་མོས་ཨ་མ་བརྗེད་པ་མི་སྲིད། །ངས་ནི་མི་བརྗེད་གསོལ་བ་འདེབས་སོ། །ཡིད་ལ་དྭངས་སྨན་ཌཱ་ཀི་དྲན་ནས། །རྐང་བའི་བྲོ་དང་ལག་པའི་གར་ཐབས།།ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། །མཁྱེན་པའི་ཉི་མ་གསལ་བའི་མཁའ་འགྲོ། །བརྩེ་བའི་ཟླ་བ་རྒྱས་པའི་ཡུམ་ཆེན། །བྱིན་རླབས་གློག་ལྟར་མྱུར་བའི་དྭངས་སྨན། །དགྱེས་ཡུམ་བཀྲ་ཤིས་གསང་བའི་ལྷ་མོ།།འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག །སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག །དགྱེས་པའི་ཐུགས་ཀྱིས་དགོངས་ལ་བྱོན་ཤོག །བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག །ཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག །ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན།།མ་གཡེལ་ཐུགས་རྗེས་དགོངས་ཤིག་སྒྲོལ་མ། །མ་ཡིས་བུ་མོ་བརྗེད་པ་མི་སྲིད། །མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག །ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག ། ཨ་ཧོ་ཡ། ཨ་ཧོ་ཡ། ཞེས་སོ། །
དེ་ནས་མཆོད་ཅིང་བསྟོད་པའི་གླུ། །ཕོ་མོ་ཁྱད་མེད་ཅི་བདེར་བླངས། །བཀྲ་ཤིས་དར་གྱི་འཕྱངས་འཕྲུལ་ཐོགས། །སྒེག་ཅིང་འཛུམ་པའི་ཚུལ་གྱིས་ནི། །ཡིད་འཕྲོག་ངག་གིས་བླང་བར་བྱ། ། ཨཱཿ སྐུ་རྗེ་སེང་ཆེན་ཡིད་བཞིན་ནོར་བུ། །རྩ་གསུམ་དགྲ་བླའི་སྤྲིན་དཔུང་འཁྲིགས་པ། །བདེ་ཆེན་དྭངས་སྨན་ཌཱ་ཀིའི་ཚོགས་དང་། །དགྱེས་བཞད་ཆགས་པའི་ཉམས་འགྱུར་གཡོ་ཞིང་། །ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། བྱིན་རླབས་གཟི་བྱིན་འབར་བར་བཞུགས་ལ། །འདིར་ཚོགས་དད་ལྡན་བདག་ཅག་རྣམས་ཀྱིས། །གནས་ལུས་ལོངས་སྤྱོད་མཆོད་པར་འབུལ་ན། །བརྩེ་བའི་ཐུགས་ཀྱིས་བཞེས་པར་མཛོད་ཅིག ། ཨ་ལ་ལ་སོགས། མཛེས་མཛེས་ལུས་ཀྱི་བྲོ་གར་སྟངས་སྟབས། །སྙན་སྙན་ངག་གི་གླུ་དབྱངས་འགྱུར་ཁུགས། །དུང་དུང་སེམས་ཀྱི་དད་གུས་གདུང་ཤུགས། །ཡང་ཡང་སེང་ཆེན་རྗེ་ལ་མཆོད་དོ། ། ཨ་ལ་ལ་སོགས། སྔོན་ཚེ་སེར་པོ་ཧོར་གྱི་ས་ནས། །སྟོང་ཉིད་མགར་བཟའ་ཆོས་ཀྱི་སྒྲོན་མས། །དགྲ་བླའི་སྐུ་ཆས་ཁྱེད་ལ་གསོལ་བས། །བསྟན་དགྲ་ཐུལ་བའི་རྟེན་འབྲེལ་འགྲིགས་སོང་། ། ཨ་ལ་ལ་སོགས། སྔོན་ཚེ་དྭངས་སྨན་མཁའ་འགྲོའི་ཚོགས་དང་།།ལྷ་ཀླུ་མི་ཡི་དྲེགས་ལྡན་རྣམས་ཀྱིས། །སྣ་ཚོགས་རྫས་མཆོག་ཁྱེད་ལ་ཕུལ་བས། །ཕྲིན་ལས་ཀུན་འགྲུབ་རྟེན་འབྲེལ་འགྲིགས་སོང་། ། ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། དེ་བཞིན་ད་ལྟ་མོས་ལྡན་ངེད་ཀྱིས། །དགྲ་བླའི་སྐུ་ཆས་རྟེན་འབྲེལ་རྫས་མཆོག ། སྣ་ཚོགས་སྤྲིན་ལྟར་གཏིབས་པའི་མཆོད་པས། །དགྲ་བླ་ཝེར་མའི་དབུ་འཕང་བསྟོད་ན། །ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། འཛུམ་འཛུམ་སྤྱན་གྱིས་གཟིགས་ལ་བཞེས་ཤིག ། དགྱེས་དགྱེས་ཐུགས་ཀྱིས་དགོངས་ལ་བཞེས་ཤིག །བྱམས་བྱམས་ཕ་མ་ལྟ་བུའི་ཚུལ་གྱིས། །ཡང་ཡང་མགོན་སྐྱབས་སྡོངས་གྲོགས་མཛོད་ཅིག ། ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། བྲོ་ལེའུ་ཚན་གཉིས་པའོ། །
དེ་ནས་སྣ་ཚོགས་ཕྲིན་ལས་བྲོ། །དཔའ་བརྗིད་རྔམ་པའི་ཚུལ་གྱིས་བརྡུང་། །དགྲ་བླའི་ཆས་སམ་གང་མཛེས་སུ། །འཇིགས་ལ་ཟིལ་ཆེ་སྙན་པའི་དབྱངས།།རིག་པའི་བརྟུལ་ཞུགས་བཅས་ཏེ་བླང་། ། ཧཱུཾཿ སྔོན་ཚེ་འཛམ་གླིང་ནོར་བུ་དགྲ་འདུལ། །དགྲ་བླའི་སྐུ་ཆས་སྐུ་ལ་མནབ་ནས། བདུད་དང་སྲིན་པོ་འདུལ་དུ་གཤེགས་ཤིང་། །ནག་ཕྱོགས་ཧོར་བདུད་གདན་ལ་བཞུགས་ཚེ། །དགྲ་བླ་ཝེར་མའི་དམག་དཔུང་འདུས་སོང་། །འཇམ་དཔལ་རྣོན་པོ་ཤེས་རབ་རལ་གྲིས། །ལྔ་ཕུང་སྒྱུ་མའི་དྲྭ་བ་བཤིག་ནས། །ཤ་ཁྲག་དགྲ་བླའི་མཆོད་སྟོན་འགྱེད་སོང་། །དགྲ་བླ་དཔའ་བའི་གད་རྒྱང་བསྒྲགས་སོང་། །དགྲ་བླ་དཔའ་བའི་སོགས་ཉིས་བསྐྱར། ས་སྟེང་བདུད་སྲིན་བསྟན་པ་ནུབ་སོང་། ། ས་སྟེང་སོགས་གཉིས་བསྐྱར། དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེངས་སོང་། ། དཀར་ཕྱོགས་དགའ༴ ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་། ། ལྷ་ཀླུས་སྐྱིད་པའི༴ ཡང་ཅིག་འཛམ་གླིང་ལྷ་ཡི་ནོར་བུས། །དགྲ་བླའི་སྐུ་ཆས་སྐུ་ལ་མནབ་ནས། །རྫུ་འཕྲུལ་རྟ་རྒྱུག་མཛད་པ་བསྟན་ཅིང་། །རིན་ཆེན་གསེར་གྱི་ཁྲི་ལ་བཞུགས་ཚེ། །དགྲ་བླ་ཝེར་མའི་དམག་དཔུང་འདུས་སོང་། ། འདི་གཉིས་བསྐྱར་སོགས་གོང་གི་རིགས་འོག་མ་ཀུན་ལ་འགྲེས་ཤེས་པར་བྱ། རྟ་མཆོག་རོལ་བ་དབང་གི་ང་རོ། །བཞད་པ་བརྒྱད་ཀྱི་དབྱངས་སུ་འཚེར་བས། །སྣང་སྲིད་འདོད་དགུ་དབང་དུ་བསྡུས་ནས། །དགྲ་བླ་དགྱེས་པའི་མཆོད་སྟོན་མཛད་སོང་། །ས་སྟེང་བདུད་སྲིན་བསྟན་པ་ནུབ་སོང་།།དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེངས་སོང་། །ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་།།ཡང་ཅིག་སེང་ཆེན་སྐྱེས་བུ་དོན་གྲུབ། །དགྲ་བླའི་སྐུ་ཆས་སྐུ་ལ་མནབ་ནས། །སྣ་ཚོགས་མཛད་པའི་རོལ་རྩེད་ངོམས་པས། །མཐའ་བཞིའི་ཆེ་དགུ་ཆབ་འོག་འཛུད་ཚེ། །དགྲ་བླ་ཝེར་མའི་དམག་དཔུང་འདུས་སོང་། ། དགྲ་བླ་སོགས། མཐུ་སྟོབས་མཚུངས་པ་མེད་པའི་ལྷ་མཆོག ། ཐོགས་མེད་རྡོ་རྗེའི་ནུས་རྩལ་ལྡན་པས། །གང་འདོད་ཕྲིན་ལས་རང་དབང་བསྒྱུར་ནས། །དགྲ་བླ་དགྱེས་པའི་མཆོད་སྟོན་མཛད་སོང་། །ས་སྟེང་བདུད་སྲིན་བསྟན་པ་ནུབ་སོང་། །ས་སྟེང་སོགས་ཉིས་བསྐྱར་སྔ་མ་ལྟར་རོ།། དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེངས་སོང་། །ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་། །ཡང་ཅིག་སྐྱེས་མཆོག་གེ་སར་རྒྱལ་པོ། །བསམ་གྲུབ་བདེ་མཆོག་ནོར་བུའི་ཕོ་བྲང་། །བཀྲ་ཤིས་གསེར་གྱི་ཁྲི་ལ་བཞུགས་ཏེ། །དད་དམ་དག་པ་འདུས་པའི་འཁོར་ལ།།རང་སྣང་ཆོས་སྐུའི་དགོངས་པ་གཏད་ཚེ། །མཐོང་བ་ཀུན་སྨོན་གླིང་དཀར་ཡུལ་གྱི། །དཔའ་ཐུལ་དྭངས་སྨན་འདུས་པའི་ཚོགས་ཀྱིས། །རང་རིག་ཀུན་བཟང་དགོངས་པ་མཐོང་ནས། །འཆི་མེད་འོད་ལུས་དྭངས་མ་གྲུབ་སོང་། །དེ་ཚེ་རྩ་གསུམ་སྲུང་མའི་ཚོགས་རྣམས། །ཡེ་ཤེས་དགྲ་བླ་ཝེར་མའི་རྣམ་པས། །ངོ་མཚར་ཤིས་པའི་གད་རྒྱངས་བསྒྲགས་སོང་།།ངོ་མཚར་ཤིས་སོགས་ཉིས་ཟེར། ས་སྟེང་བདུད་སྲིན་བསྟན་པ་ནུབ་སོང་། །དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེང་སོང་། །ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་།།འདི་ནས་དབྱངས་དལ་བུས་ལུས་ཀྱི་སྟབས་རྣམས་བྱ་སྟེ། ལག་གཡས་ཐབས་ཆེན་དཔའ་བོའི་ཕྱག་རྒྱ། གཡས་གྱེན་དུ་གདངས། རྔམ་རྔམ་ནམ་མཁའི་ཁམས་ལ་གདེངས་སོང་། །ལག་གཡོན་ཤེས་རབ་དཔའ་མོའི་ཕྱག་རྒྱ། །མཛེས་མཛེས་ས་གཞིའི་ངོས་ལ་གཏད་སོང་། ལག་གཡོན་མཛེས་པར་བསྒྱུར་ཞིང་ཐུར་དུ་ཕབ། རྐང་པ་གཡས་གཡོན་སྟོང་ཉིད་སྙིང་རྗེ། །ལྡེམ་ལྡེམ་གཡོ་བའི་བྲོ་ར་འགྲིགས་སོང་། །རྡོག་བྲོ་རེས་འཐབ་དང་མཉམ་སྡེབ། རོ་སྟོད་དགྱེ་དགུ་གཡུ་འབྲུག་འཁྱུག་འགྲོས། །སྟོད་འཁྱུག་ལྡེམ། རྐང་པ་དམར་ཡག་སྟག་གི་མཆོངས་སྟངས། །རྐང་འདེགས་མཆོང་ཆེན། ལག་པ་ཁྱུང་ཆེན་གཤོག་པའི་ལྡིང་སྟབས། །བརྐྱང་འདེགས། མགོ་བོ་སེང་གེ་རྔམ་པའི་ལྟ་སྟངས། །ཕྱོགས་སུ་བརྗིད་པར་བལྟ། ཝེར་མ་ལུས་ལ་ཆགས་པའི་སྒྱུ་རྩལ། །ཁམས་གསུམ་ཟིལ་གནོན་བྲོ་ཡི་སྟབས་ཀྱིས། །མི་འདོད་དགྲ་བདུད་ཆམ་ལ་ཕབ་སོང་། ། འཁྲབ་ཆུང་། མི་འདོད་དགྲ་བདུད་ཆམ་ལ་ཕབ་སོང་། ། འཁྲབ་ཆེན། དེ་ནས་དལ་བུས་བྲོ་གྲལ་གཡས་སུ་བསྐོར་ལ། གཡས་བསྐོར་ཕོ་རྒྱུད་དཔའ་བོའི་དཔའ་དར། གཡོན་དུ་བསྐོར་ལ། གཡོན་སྐོར་མོ་རྒྱུད་དཔའ་མོའི་དཔའ་སྐྱེམས། །བྲོ་ཡི་རོལ་རྩེད་དེ་རིང་ངོམས་ན། །དགྲ་བླ་དགྱེས་པའི་དབུ་འཕང་བསྟོད་ཅིང་། །ཝེར་མ་དགའ་བའི་ངོ་སོ་མཐོ་བའི། །དགའ་སྟོན་བྲོ་གར་རྟེན་འབྲེལ་འདི་ཡིས། །རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་རྒྱས་ཤིང་། །འདིར་ཚོགས་ཡོངས་ལ་དགེ་ལེགས་འཕེལ་ཤོག ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ། །དེ་རིང་ལྷུན་གྱིས་འགྲིགས་པར་ཤོག་ཅིག ། ཨ་ཏེ་ཧོ། ཨ་ཏེ་ཧོ། ཞེས་འཁྲབ་ལ་རྒྱ་རོལ་བསྒྲགས། དེ་ནས་དཔའ་སྐྱེམས་དྲངས་བར་བྱའོ། ། བྲོ་ལེའུ་ཚན་གསུམ་པའོ། །
༈ དེ་ནས་བཀྲ་ཤིས་རྫས་སྣ་ཚོགས། །ཐོགས་ལ་དལ་བུར་བག་ཕེབས་ཤིང་། །ཡིད་འོང་ཚིམ་པའི་ཚུལ་གྱིས་སུ། །བཀྲ་ཤིས་དབྱངས་སྙན་བླང་བར་བྱ།། ཧོ། རྩ་གསུམ་ཀུན་འདུས་སེང་ཆེན་རྒྱལ་པོ། །མཆོག་གསུམ་བཀྲ་ཤིས་སྙན་པའི་ནོར་བུ། །སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ། །བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་མཛོད། །ཨེ་མ་ཧོ། ཨེ་མ་ཧོ། ཀུན་ལ་འགྲེ། སྐུ་ཡི་བཀྲ་ཤིས་ཡིད་འོང་བྱིན་ཆགས། །ནད་མེད་བདེ་སྐྱིད་འཕེལ་བའི་རང་བཞིན། །མི་ནུབ་རྒྱལ་མཚན་ལྟ་བུའི་བཀྲ་ཤིས། །འདིར་འཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག། ཨེ་མ་ཧོ། ཨེ་མ་ཧོ། གསུང་གི་བཀྲ་ཤིས་དགའ་སྐྱིད་གླུ་དབྱངས། །སྙན་གྲགས་ས་སྟེང་ཁྱབ་པར་སྒྲོགས་པ། །འགག་མེད་དུང་སྒྲ་ལྟ་བུའི་བཀྲ་ཤིས། །འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག ། ཨེ་མ་ཧོ། ཨེ་མ་ཧོ། ཐུགས་ཀྱི་བཀྲ་ཤིས་ཆོས་ཀྱི་ཞིང་ས། །བདེ་སྟོང་གསལ་འབར་བག་དྲོ་ལྷུན་ཆགས། །མི་འགྱུར་ནམ་མཁའ་ལྟ་བུའི་བཀྲ་ཤིས། །འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག། ཨེ་མ་ཧོ། ཨེ་མ་ཧོ། ཡོན་ཏན་བཀྲ་ཤིས་དགོས་འདོད་ཀུན་འབྱུང་། །ཆོས་སྲིད་ཕུན་ཚོགས་བསྟན་པ་དར་རྒྱས། །བསམ་འཕེལ་ནོར་བུ་ལྟ་བུའི་བཀྲ་ཤིས། །འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག ། ཨེ་མ་ཧོ། ཨེ་མ་ཧོ། འཕྲིན་ལས་བཀྲ་ཤིས་མཐུ་སྟོབས་དཔལ་འབར། །ཕྱོགས་ལས་རྣམ་རྒྱལ་དབུ་འཕང་མཐོ་བའི། །དགུང་ལ་ཉི་ཟླ་ལྟ་བུའི་བཀྲ་ཤིས། །འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག །ཨེ་མ་ཧོ། ཨེ་མ་ཧོ། གནས་འདི་མཁའ་སྤྱོད་མཐོང་བ་ཀུན་སྨོན། །འདིར་ཚོགས་དཔའ་ཐུལ་དྭངས་སྨན་རིག་འཛིན། །མི་འབྲལ་ཚོམ་བུ་གཅིག་ཏུ་ཚོགས་ནས། ། བདེ་ཆེན་འགྲུབ་པའི་བཀྲ་ཤིས་ཤོག་ཅིག །ཨེ་མ་ཧོ། ཨེ་མ་ཧོ། བྲོ་ལེའུ་ཚན་བཞི་པའོ། །
བྲོ་ཡི་དགའ་སྟོན་འདིར་འབྲེལ་བར། །ལྟད་མོ་རྣམ་པ་སྣ་ཚོགས་བྱ། །འདུས་པ་རྣམས་ཀྱིས་སེང་ཆེན་རྗེ། །དྲན་པས་གསོལ་འདེབས་དབྱངས་སྙན་བསྒྲགས། །དེས་ནི་གནས་སྐབས་དགའ་བ་དང་། །ཡུན་དུ་ཆོས་སྲིད་ལེགས་ཚོགས་འཕེལ། །རྟེན་འབྲེལ་བཟང་པོའི་སྒོ་འཕར་དབྱེ། །བཀྲ་ཤིས་དོན་གྲུབ་ཕྱོགས་ལས་རྒྱལ། །ས་མ་ཡ། ཞེས་པའང་བསེ་རུ་འོད་ལྡན་དཀར་པོས་དགོས་པ་ཁྱད་པ་ཅན་གྱི་ཕྱིར་བྲིས་པ་མངྒལཾ། ། ། །

Leave a Reply

Your email address will not be published.