གསང་སྔགས་ཆོས་བཤད་བྱེད་པ་ལ་་གནད་དོན་འདི་དག་ཤེས་དགོས་གསུངས་པ་ལྟར། །གསང་སྔགས་ངོ་མ་མཐའ་དྲུག་དང། །ཚུལ་བཞིའི་སྒོ་ནས་བཤད་དགོས་པ་དང་། །མཁྱེན་རྟོགས་ངེས་པར་དུ་བྱེད་དགོས་པ་ཡིན་གསུངས་པ་ལྟར་བྱས་ན་འདི་ཙམ་ཞིག་ཞུས་ན་བསམ། །དེ་ལ་ཡང་འདོད་ལུགས་མང་ཙམ་ཡོད་པའི་དང་པོ་ནི། ༡༽ གསང་སྔགས་ལག་ལེན་གྱི་མཐའ་ཅན། ༢༽ལག་ལེན་བླ་མའི་མཐའ་ཅན། ༣༽བླ་མ་གདམས་ངག་གི་མཐའ་ཅན། ༤༽གདམས་ངག་མྱོང་བའི་མཐའ་ཅན། ༥༽མྱོང་བ་བསྒྲུབ་པའི་མཐའ་ཅན། ༦༽བསྒྲུབས་པ་འབྲས་བུའི་མཐའ་ཅན་ནོ། །འདི་གུ་རུ་པདྨ་འབྱུང་གནས་ཀྱི་དགོངས་པ་ཡིན།། །གཉིས་པ་ནི་ལ་ལར། ༡༽ཐག་གཅིག་ཐོག་དུ་ལྟ་བས་བཅད་ཤེས་དགོས། ༢༽དེངས་གྲོལ་ཐོག་དུ་བཅའ་ཡིས་སྤྱོད་པས་དོར། ༣༽ཚུལ་ཁྲིམས་དམ་ཚིག་གིས་བཟུང་ལ་གཙང་དག་ཐུབ། ༤༽རིམ་པ་དབང་གིས་བསྐྱོད་ལ་སྨིན་ལུགས་ཤེས། ༥༽ཉམས་སུ་ཏིང་ངེ་འཛིན་བླངས་ནས་གྲོལ་ངེས་དགོས། ༦༽དོན་མན་ངག་གིས་བསྒྲུབ་ནས་ཚེ་འདིར་དག །ཅེས་སོ།། །གསུམ་པ་དཔལ་འབྲི་གུང་བས་ནི། །དྲང་དོན་ངེས་དོན་གཉིས། །སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་གཉིས། །དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་གཉིས་ཏེ་དྲུག་དུ་འདོད་པ་ཡིན་ནོ། དེ་ཡང་ཧ་ལས་ཡས་ཡག་གི ། །བཞི་བ་ཡོངས་རྫོགས་རྒྱུད་ལས་ནི། །རྒྱས་བསྡུས་རིམ་པ་རིང་ལུགས་བཞིན། །རིམ་པ་དབང་གི་བསྒྲོད་པར་བྱ། །ས་མ་ཡ་ནི་ཤེལ་སྒོང་ལྟར། །གཞི་ནི་དམ་ཚིག་གཙང་མས་བཟུང། །ཏིང་འཛིན་ལུས་དང་གྲིབ་མ་ལྟར། །ཉམས་སུ་ཏིང་ངེ་འཛིན་གྱིས་བླངས། །མན་ངག་གར་ཆང་འཐུང་བ་ལྟར། །དོན་ནི་མན་ངག་ཟབ་མོས་བསྒྲུབས། །ལྟ་བ་ནམ་མཁའི་མདུང་སྐོར་བཞིན། །ཐག་དང་འཕོང་ནི་ལྟ་བས་བཅོད། །སྤྱོད་པ་མི་ཤ་རློན་པ་བཞིན། །ལ་ནི་སྤྱོད་པས་དོར་བར་བྱ། །ཞེས་མཐའ་དྲུག་ཏུ་གསུངས་སོ།
ཚུལ་བཞི་ཞེས་པ་ནི་འདི་ལྟར་ཡིན་སྟེ། །ཡི་གེའི་ཚུལ། སྤྱིའི་ཚུལ། སྦས་པའི་ཚུལ། མཐར་ཐུག་གི་ཚུལ་ལོ།། ཡང་ན། ༡༽རང་བཞིན་གྱི་ཚུལ། ༢༽གབ་བའི་ཚུལ། ༣༽སྦས་པའི་ཚུལ། ༤༽མི་བསྟན་པའི་ཚུལ་རྣམས་སོ།། །དེ་ལ་གསལ་བར་དབྱེ་ན། ཡི་གེའི་ཚུལ་ནི། ཨེ༽ མེ། དྲག༽ བམ༽ ཆུ། དབང༽ ལམ༽ ས། རྒྱས༽ མ། རླུང༽ ཞི། བཞིས་འཁོར་ལོ་བཞི་སྟོན་པ་ལྟ་བུའོ། །ཡང་སྤྱིའི་ཚུལ་ནི། །ཕར་ཕྱིན་གྱི་ལམ་སྔགས་ཀྱིས་ཀྱང་བརྗོད་བྱར་བསྟན་པས་ཐུན་མོང་བ་ཡིན་པས་སོ།། དེ་བཞིན་དུ་སྦས་པའི་ཚུལ་ནི། གོང་མའི་ཡུལ་དུ་གྱུར་པ་ལ་འོག་མའི་ཡུལ་དུ་མ་གྱུར་པའོ།། ཧ་ལས་ཡས་ངོ་མ་དེ་མཐར་ཐུག་གི་ཚུལ་ནི། །དེ་ལས་གོང་དུ་བོགས་དབྱུང་དུ་མེད་པ་སངས་རྒྱས་ཀྱི་ཡེ་ཤེས་དང་གནས་ལུགས་ཁྱབ་གདལ་གྱི་དགོངས་པ་རྫོགས་པ་ཆེན་པོའི་ཤིས་ལུགས་སོ། །ཡང་ཚུལ་བཞི་ལ་འདྲེན་ཚུལ་གཞན་ཞིག་སྟེ། །སྤྱིའི་དོན། གཞུང་གི་དོན། རྒྱས་པའི་དོན། མཐར་ཐུག་གི་དོན་རྣམས་མངོན་སུམ་དུ་གྱུར་བཅས་བཞིའོ།།