དམ་ཆོས་གདནས་བསྐུལ་གྱི་མེ་ལོང་མ་ཎི་ཀ་ར།།
དམ་ཆོས་གདནས་བསྐུལ་གྱི་མེ་ལོང་མ་ཎི་ཀ་ར།།
ན་མོ་གུ་རུ་དྷརྨཱ་ཤྲཱིཿ་ཡེ།།
༼༡༽
ཀུན་མཁྱེན་བརྒྱུད་པའི་བསྟན་པ་རིན་པོ་ཆེ།།
མ་ནོར་ལམ་སྟོན་མཛད་པའི་བླ་མ་ལ།།
སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ནས།།
དམ་ཆོས་ཚུལ་བཞིན་སྒྲུབ་པའི་གཏམ་འདི་ཕུལ།།
༼༢༽
སྙིང་ནས་ཆོས་ལ་དུང་བའི་སྐལ་བཟང་གིས།།
ཐུན་མོང་ཐུན་མིན་གསང་བའི་སྔོན་འགྲོ་ལ།།
ཉམས་ལེན་གཞན་དྲིང་མི་འཇོག་ལུང་རྟོགས་ཆོས།།
ཐོས་བསམ་སྒོམ་པའི་གནད་ལ་གོམས་པར་གནད།།
༼༣༽
སྐྱོན་ཟད་ཡོན་ཏན་ལྡན་པའི་བླ་མར་བསྟེན།།
མོས་གུས་རྒྱུན་མི་ཆད་པའི་དད་པ་དང་།།
ངོ་ལྐོག་མཚུངས་པར་རྡོ་རྗེ་མཆེད་ལ་བརྩེ།།
ངན་ཚིག་ལྐོག་ལབ་མེད་པར་དམ་ཚིག་སྲུངས།།
༼༤༽
ཆགས་སྡང་རྨོངས་པའི་རྩ་བ་དྲུང་ནས་བྱུང་།།
སེམས་རྒྱུད་འདུལ་བ་མདོ་སྔགས་ཀུན་དང་མཐུན།།
གྲོང་དགོན་རི་ལུང་གང་དུ་བསྡད་པའི་ཚེ།།
སྒོ་གསུམ་དུལ་བ་སྒོམ་པའི་གནས་ལུགས་ཡིན།།
༼༥༽
རིས་མེད་གྲུབ་མཐའ་ཀུན་ལ་དག་སྣང་སྦྱོངས།།
རིང་ལུགས་ངེས་ཤེས་སྒྲོན་མེ་ནང་ནས་གསལ།།
ཁོག་ཡངས་བློ་རྒྱ་བསྐྱེད་པའི་ཤེས་རབ་ལས།།
འཁོར་འདས་བཙན་ས་ཟིན་ན་ཐར་བ་ལགས།།
༼༦༽
བློ་ལྡོག་རྣམ་བཞིས་བློ་སྣ་རབ་ཏུ་འདུལ།།
ཚད་མེད་རྣམ་བཞིས་བྱང་ཆུབ་སེམས་མཆོག་བསྐྱེད།།
སྲོག་སྡོམ་གཟེར་བཞིའི་གནད་གསང་གོམས་པའི་ཚེ།།
རིག་འཛིན་རྣམ་བཞིའི་འབྲས་བུ་མཐར་ཕྱིན་འགྱུར།།
༼༧༽
རབ་བྱུང་འདོད་ན་ཆགས་ཞེན་མེད་པར་མཛོད།།
བྱང་སེམས་ཡིན་ན་གཞན་ཕན་ཁོ་ནར་བརྩོན།།
སྔགས་འཆང་དམ་པས་བསྐྱེད་རྫོགས་རྫོགས་ཆེན་ལ།།
དཀའ་ཐུབ་གནང་བ་དམ་པ་གོང་མའི་ལུགས།།
༼༨༽
མདོར་ན་ལྷག་བསམ་དག་པའི་དགེ་བ་གྱིས།།
བསྟན་དང་འགྲོ་ལ་ཕྲིན་ལས་འཕེལ་བ་ཚེ།།
དལ་འབྱོར་སྙིང་པོ་ལོན་པའི་རྣལ་འབྱོར་ལ།།
གུ་ཡངས་བློ་བདེ་འདི་ཕྱི་བར་དོར་གྲོལ།།
——ཨེ་མ་ཧོས་གུས་པས་ཕུལ་བར་དགེའོ།།
སྤྱི་ལོ། ༣༠་༢་༢༠༢༡་ལའོ།།