April 2021

༄༅། །སྐྱབས་རྗེ་གཡུ་ཁོག་བླ་མ་བྱ་བྲལ་ཆོས་དབྱིངས་རང་གྲོལ་

༄༅། །སྐྱབས་རྗེ་གཡུ་ཁོག་བླ་མ་བྱ་བྲལ་ཆོས་དབྱིངས་རང་གྲོལ་

         མཆོག་གི་རྣམ་པར་ཐར་པ་མདོར་བསྡུས་སུ་བརྗོད་པ་

                     ཕྱི་རབས་དད་པའི་མཆོད་སྤྲིན་

                             ཞེས་བྱ་བ།

                          དང་པོ།  

མདོ་ཁམས་གཡུ་ཁོག་ཏུ་སྐུ་འཁྲུངས་ཤིང་ཆོས་སྒོར་འཛུད་པའི་བླ་མ་ཧོར་བླ་གཞན་ཕན་རིན་པོ་ཆེས་རྗེས་སུ་བཟུང་བའི་སྐོར།

     གཞི་དབྱིངས་ཀ་དག་གཉིས་ཆོས་ཡོངས་བྲལ་གདོད་མའི་ཆོས་སྐུ་ཀུན་ཏུ་བཟང་། །གཞི་སྣང་ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམས། །གཉིས་སུ་མེད་གང་རྫོགས་ཆེན་སྟོན་པ་སྤྲུལ་པའི་སྐུ་མཆོག་དགའ་རབ་སྟེ། །སྐུ་གསུམ་སྟོན་པར་མཉམ་ཉིད་ལྟ་དང་དྭངས་བའི་ཡིད་ཀྱིས་ཕྱག་བགྱིའོ། །འཇམ་དཔལ་རྣམ་སྤྲུལ་མཉྫུ་མི་ཏྲ་དང་། །ལྟ་བ་མཐར་སོན་ཤྲཱི་སེང་ཧའི་ཞབས། །འོད་ལུས་གྲུབ་པ་ཛྙཱ་ན་སུ་ཏྲ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །པཎ་གྲུབ་བྱེ་བའི་གཙུག་གི་རྒྱན་མཆོག་འཕོ་ཆེན་སྐུ་བརྙེས་བི་མ་ལ། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་གསང་ཆེན་སྟོན་པ་པདྨ་འབྱུང་། །རྣམ་སྣང་ལོ་ཙཱ་ཡེ་ཤེས་མཚོ་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་སོགས། །གྲུབ་བརྙེས་ལོ་པཎ་རྗེ་འབངས་ཚོགས་ཀྱིས་བྱིན་བརྒྱུད་རྟོགས་པའི་ཕ་ཕོག་སྩོལ། །གདོད་མའི་མགོན་པོ་ཀློང་ཆེན་རབ་འབྱམས་ཞབས། །ཀུན་མཁྱེན་གཉིས་པ་རིག་འཛིན་འཇིགས་མེད་གླིང་། །ཀུན་བཟང་གཞན་ཕན་རྒྱལ་བའི་མྱུ་གུ་སོགས། །དགོངས་བརྡ་སྙན་བརྒྱུད་བླ་མར་གུས་ཕྱག་འཚལ། །སྙིང་ཐིག་སྲོག་འཛིན་འཇིགས་མེད་ཆོས་ཀྱི་དབང་། །བཀའ་བབ་བདུན་ལྡན་མཁྱེན་བརྩེའི་དབང་པོ་དང་། །བརྒྱུད་སྲོལ་ཀུན་འདུས་དཔའ་བོ་རྡོ་རྗེ་སྟེ། །རྩ་རྒྱུད་བླ་མའི་ཚོགས་ཀྱིས་ཤིས་པ་སྩོལ། །ཆོ༷ས་དབྱིང༷ས་ཀ་དག་སྐྱེ་མེད་ཀློང་ནས་ཆོས་ཟད་དགོངས་པའི་ལྟ་བ་རྫོགས། །ར༷ང་གྲོལ༷་ལྷུན་གྲུབ་ལོངས་སྐུའི་ཞིང་གཟིགས་ཐོད་རྒལ་སྒོམ་པ་ཚད་ལ་ཕེབས། །ཟུང་འཇུག་སྣ་ཚོགས་སྤྲུལ་པའི་སྐུ་ཡིས་བྱར་མེད་སྤྱོད་པ་གོང་དུ་འཕེལ། །ཆོས་ཉིད་མངོན་གཟིགས་བྱ་བྲལ་བླ་མ་སྙིང་དབུས་དད་བརྒྱའི་པདྨོར་བཞུགས། །གང་གི་ཞིང་འདིའི་མཛད་རྣམ་ཕྱོགས་བསྡུས་ཤིག །ཕྱི༷་ར༷བས་ཁྱེད་རྗེས་སློབ་པར་ཁས་འཆེ་བས། །ད༷ད་གསུམ་གུས་པ༷འི་ཡིད་ཀྱིས་མཆོ༷ད་སྤྲིན༷་དུ། །འགོད་ལ་ལྷ་དང་བླ་མས་གནང་བ་སྩོལ། ། 

      ཞེས་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། འདིར་སྲིད་ཞིའི་ལེགས་ཚོགས་དང་ཕན་བདེ་མ་ལུས་པ་འབྱུང་བའི་གནས་གཅིག་པུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉག་གཅིག་ཡིན་ཞིང་། དེ་ཉིད་འཛིན་སྐྱོང་སྤེལ་བའི་བསྟན་འཛིན་སྐྱེས་ཆེན་དུ་མ་དུས་རབས་སོ་སོར་འཕགས་བོད་ཀྱི་ལྗོངས་སུ་ལེགས་པར་བྱོན་ཅིང་གང་ལ་གང་འདུལ་གྱི་མཛད་ཕྲིན་མཁའ་མཐར་ཁྱབ་པ་བརྗོད་ལས་འདས། ཁྱད་པར་བསིལ་ལྡན་བོད་ཀྱི་ལྗོངས་འདིར་རིས་མེད་རྒྱལ་བསྟན་སྐྱོང་བའི་མངའ་བདག་བསམ་བཞིན་བསྟན་འགྲོའི་ཆེད་དུ་བྱོན་པའང་བསམ་གྱིས་མི་ཁྱབ། དེ་ལས་འདིར་སྐབས་སུ་བབས་པ་ཉེ་རབས་སུ་མདོ་ཁམས་སྨད་ཀྱི་ཕྱོགས་འདིར། པཎ་ཆེན་བི་མའི་རྣམ་རོལ། མཁས་གྲུབ་བྱེ་བའི་གཙུག་རྒྱན། ཟབ་གསང་རྫོགས་ཆེན་ཀྱི་རྣལ་འབྱོར་བ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ སྐྱབས་རྗེ་གཡུ་ཁོག་བླ་མ་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་ཞེས་མཚན་གྱི་རྔ་གསང་སྲིད་པ་གསུམ་ན་ལྷང་ངེར་གྲགས་པ་གང་དེ་ཉིད་ཀྱི་མཛད་རྣམ་རགས་ཙམ་འགོད་པ་ལ། དེ་ཡང་སྐྱབས་རྗེ་དམ་པ་གང་ཉིད་ངེས་པའི་དོན་དུ་གདོད་ནས་རྒྱལ་བ་རྣམས་དང་གཉིས་སུ་མེད་པར་མངོན་པར་བྱང་ཆུབ་ནའང་ཇི་སྐད་དུ། ཇི་ལྟར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་དུ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཆར་འཆར། །ཞེས་གསུངས་པ་བཞིན་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་ངོར་གང་ལ་གང་འདུལ་གྱི་མཛད་པ་མཐའ་ཡས་པའི་ཚུལ་བསྟན་པ་ཉིད། རྡོ་བླ་བྱང་ཆུབ་རྡོ་རྗེ་དང་དཔའ་བོ་ཆོས་ཀྱི་རྡོ་རྗེ་སོགས་ཀྱི་ཟབ་གཏེར་དུ་མར་གུ་རུ་པདྨའི་ལུང་གིས་བསྔགས་པ་སྟེ། གཡུ་སྒྲའི་སྤྲུལ་པ་མདོ་ཁམས་སྨད་ནས་འབྱུང་། ཆོས་ཀྱི་མིང་ཅན་རྫོགས་ཆེན་རྣལ་འབྱོར་བ། གསང་སྔགས་བསྟན་པའི་བདག་པོ་ཁྱད་པར་འཕགས། རེ་ཞིག་བར་དུ་རྒྱ་འདྲེ་བཟློག་པར་བྱེད། ཞེས་དང་། ཡག་སྒང་དུ་བི་མའི་སྤྲུལ་བ་འབྱུང་། །ཞེས་དང་། རྫོགས་ཆེན་རྣལ་འབྱོར་དྷརྨཱའི་མཚན་ཅན་གྱིས། །འབྲེལ་ཚད་རིག་འཛིན་ཞིང་དུ་འདྲེན་པར་འགྱུར། །ཞེས་སོགས་གདན་ས་དང་སྤྲུལ་གཞི་མཚན་དང་མཛད་པའི་ཆེ་བ་བཅས་འཁྲུལ་བྲལ་བསླུ་མེད་རྡོ་རྗེའི་ལུང་གིས་བསྔགས་ཤིང་གཞན་ཡང་རིག་འཛིན་ནུས་ལྡན་གླིང་པས་གྲུབ་ཆེན་ཤཱ་བ་རི་པ་དང་། པཎ་ཆེན་བི་མ་མི་ཏྲ། ཁམས་གཡུ་སྒྲ་སྙིང་པོ་རྣམས་ཟུང་དུ་འཇུག་པའི་རྣམ་རོལ་ཡིན་པར་ལུང་གིས་བསྔགས་པར་མ་ཟད། རྗེ་ཉིད་ཀྱིས་ཀྱང་གསེར་ཡེ་ཤེས་སེང་གེ་དང་རྡོ་བླ་འཇིགས་མེད་སྐལ་བཟང་སོགས་གོང་མའི་བག་ཆགས་སད་ཚུལ་ཞལ་འཕྲོས་སུ་གསུངས་པ་སོགས་ཀྱིས་བསམ་བཞིན་བསྟན་འགྲོའི་དོན་དུ་སྤྲུལ་པའི་རྣམ་རོལ་གྱིས་ཕེབས་པར་གདོན་མི་ཟ་བའི་ཕྱིར། སྐུའི་འཁྲུངས་རབས་དང་སྐུ་ཚེ་འདིར་ཡང་གསང་བ་གསུམ་གྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དག་ནི་རྒྱལ་དང་རྒྱལ་བའི་སྲས་པོ་དག་གི་སྤྱོད་ཡུལ་ཉག་གཅིག་ལས་བདག་ལྟ་བུས་བརྗོད་པར་ག་ལ་ནུས། དེས་ན་འདིར་ཐུན་མོང་གི་ངོར་སྣང་བའི་མཛད་རྣམ་ཉུང་ངུ་ཐོས་འཛིན་གྱི་དགའ་སྟོན་ཏུ་སོན་པ་རྣམས་ཕྱོགས་གཅིག་ཏུ་འགོད་པ་ལ། མདོ་ཁམས་གཡུ་ཁོག་ཏུ་སྐུ་འཁྲུངས་ཤིང་ཆོས་སྒོར་འཛུད་པའི་བླ་མ་ཧོར་བླ་གཞན་ཕན་རིན་པོ་ཆེས་རྗེས་སུ་བཟུང་བའི་སྐོར། རིགས་སད་དེ་གསེར་སྨད་ལྷ་རྩེ་དགོན་དུ་གྱང་ཁང་སྐྱབས་མགོན་རིན་པོ་ཆེ་སོགས་བསྟེན་པའི་སྐོར། ལྕགས་སྐོང་བདུད་འཇོམས་རྡོ་རྗེའི་ལུང་བཞིན་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམ་འབྲུག་པ་རིན་པོ་ཆེ་དང་མཇལ་ནས་གདམས་ཟབ་ནོད་པའི་སྐོར། བླ་མའི་བཀའ་བཞིན་གནས་ངེས་མེད་དུ་གདན་ས་བཙལ་མཐར་གསེར་སྨད་ཡག་སྒང་དུ་གདན་སའི་རྟེན་འབྲེལ་འགྲིགས་ཤིང་བཞུགས་སྒར་བཏབ་པའི་སྐོར།    གཏེར་ཆེན་ལས་རབ་གླིང་པ་གསེར་ལྗོངས་སུ་ཆིབས་ཁ་བསྒྱུར་བའི་མཐུན་སྦྱོར་གནང་ཞིང་མཇལ་འཛོམས་ཀྱིས་ཟབ་དགུའི་ཆོས་ཚུལ་གསན་པའི་སྐོར། གདན་སར་སློབ་མ་བསྐྱངས་ཤིང་མཛད་འཕྲིན་མཁའ་མཐར་ཁྱབ་པའི་སྐོར། སྣང་བར་རང་དབང་འབྱོར་བའི་གྲུབ་རྟགས་དང་དུས་གསུམ་ས་ལེར་གཟིགས་པའི་མངོན་ཤེས་མངའ་ཚུལ་གྱི་སྐོར། མཐར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་དང་གསུང་ཆོས་སློབ་ཚོགས་བཅས་ཀྱི་སྐོར་ཏེ་བཀྲ་ཤིས་པའི་གྲངས་ལས་དང་པོ།

    དེ་ཡང་སྐྱབས་རྗེ་དམ་པ་གང་དུ་སྐུ་འཁྲུངས་པའི་ཡུལ་ནི། བསིལ་ལྡན་གངས་རིའི་ལྗོངས་ཀྱི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ། འབྲི་རྫ་ཟལ་མོ་སྒང་གི་ཉེ་ཞོལ། ཤར་མི་ཉག་རབ་སྒང་གི་གཡོན་ཟུར། རྒྱལ་མོ་ཚ་བ་རོང་དང་ཉེ་བའི་ཆར། སློབ་དཔོན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། ལྷ་ལུང་དཔལ་ཀྱི་རྡོ་རྗེ་སོགས་གྲུབ་བརྙེས་རྗེ་འབངས་དུ་མས་རྫུ་འཕྲུལ་གྱི་སྒོ་ནས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་དལ་འབབ་ཀྱི་ཆུ་བོས་གཡས་ནས་གཡས་སུ་བསྐོར་བའི་ལྗོངས། བོད་ཡུལ་སྐྱོང་བའི་དགེ་བསྙེན་ཉེར་གཅིག་གི་ཡ་གྱལ། གནས་བདག་དགེ་བསྙེན་ཆེན་པོ་རྡོ་རྗེ་གཡུ་ཁྲོམ་ཡུམ་སྲས་བློན་འཁོར་དང་བཅས་པས་ས་ཕྱོགས་བདག་གིར་མཛད་ཅིང་སྐྱོང་བའི་ཡུལ། གླིང་རྗེ་གེ་སར་རྒྱལ་པོས་བླ་གཡུ་ངོ་མཚར་བ་ཡུལ་ཕྱོགས་འདིའི་སའི་བཅུད་ཡུལ་རྟེན་དུ་གཏེར་དུ་སྦས་པ་དེ་ནས་བཟུང་གཡུ་ཁོག་ཅེས་གྲགས་པའམ་ཡང་ན་ས་ཕྱོགས་གཅན་གཟན་གཡི་དཀར་གྱི་པགས་པ་བསྐྱངས་པ་དང་འདྲ་བས་ན་གཡི་ཁོག་ཅེས་ཀྱང་གྲགས་པའི་གནས་མཆོག་དེར། དཀར་ནག་ཕྱུགས་ཀྱིས་འཚོ་བའི་འབྲོག་སྡེས་ཁྱབ་ཅིང་ཆོས་ལྡན་ཁྲིམས་ཀྱིས་སྐྱོང་བའི་དཔོན་རབས་རྣམས་ཀྱིས་མངའ་འབངས་བདེ་བས་བསྐྱངས། མཁས་ཤིང་གྲུབ་པ་བརྙེས་པའི་བསྟན་འཛིན་སྐྱེས་ཆེན་དུ་མ་བྱོན་ནས་སྔ་ཕྱིར་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་སོགས་ཕྱག་བཏབ་ཅིང་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་བསྐྱངས་པ་སོགས་ལུགས་གཉིས་ཀྱི་ལེགས་ཚོགས་གོང་དུ་འཕེལ་བའི་གནས་དེའི་ཆར། ཤར་རྒྱལ་མོ་ཚ་བ་རོང་གི་གནས་ཀྱི་གོང་བར་གྲགས་པ་རྗེ་བཙུན་འཕགས་མ་ཉེར་གཅིག་གིས་བྱིན་གྱིས་བརླབས་པའི་གནས་མཆོག་ཆུ་དབར་ཏ་རཱེའི་གནས་ཞེས་བྱིན་རླབས་ཀྱི་ན་བུན་འཐུལ་ཞིང་ལྗོན་ཤིང་དང་ཆུ་མཚོ་མེ་ཏོག་གིས་བརྒྱན་པའི་གནས་མཆོག་དེའི་ཉེ་འགྲམ་དུ་མཚན་དཔེའི་མེ་ཏོག་ཉེ་བར་བཞད་པ་སྟེ། དེ་ཡང་ཡབ་ཁྱི་ཤུལ་བཀྲ་ཚེ་དང་ཡུམ་ཨ་འཛི་བཟའ་བ་ལོ་ཞེས་པ་གཉིས་ལ་སྲས་ལྕམ་སྲིང་མང་དུ་འཁྲུངས་བའི་ནང་ནས་རྗེ་འདི་རབ་བྱུང་བཅོ་ལྔ་པའི་བགྲང་བྱ་དྲུག་པ་ཨང་གི་ར་སྟེ་ཆུ་ཕོ་སྤྲེལ་གྱི་ལོའི་༼ཕྱི་ལོ་༡༨༧༢༽གནམ་ལོ་གསར་དུ་ཚེས་པའི་དུས་ཚེས་བཟང་པོ་ཞིག་ཏུ་ངོ་མཚར་བའི་ལྟས་དང་བཅས་མངལ་གྱི་ཆུ་འཛིན་ལས་གྲོལ། རྗེ་འདིའི་མཆེད་ལྕམ་གཞན་དག་ནི། བླ་མ་སྒྲ་དབྱངས་རྒྱ་མཚོ་། ཁྱི་ཤུལ་མཁན་པོ་ཀུ་ལོ། བླ་མ་ནོར་ལྷུན། འགོ་ཚ་སྤྲུལ་སྐུ་ཐེག་མཆོག་བསྟན་འཛིན། ཀརྨ་སྒྲོན། གནས་སྐྱིད་བཅས་དང་གཞན་སྐུ་མཆེད་ཆུང་བ་གཉིས་ཆུང་དུས་ཆུར་ལྷུང་སྟེ་གཤེགས་པར་གྲགས། རྗེ་འདིི་ཆུང་ངུའི་དུས་མཚན་ལ་པདྨ་རྡོ་རྗེ་ཞེས་ཞུ་ཞིང་ཅུང་ཟད་སྐུ་ནར་སོན་སྐབས་ཕ་མ་གཉིས་ཀྱིས་སྐུ་ཉེ་ཨ་ནེ་རྒན་མོ་ཞིག་ལ་བུ་སྐལ་དུ་བྱིན་སྟབས་ཁོང་ཡང་བྱིས་པ་གཞན་དག་དང་མཉམ་དུ་ཕྱུགས་རྫི་དང་ནུས་ཚོད་ཀྱི་ལས་ཀར་བསྐུལ། དེ་ཡང་དམ་པ་རྣམས་ཀྱི་མཛད་སྤྱོད་ནི་གདུལ་བྱའི་དབང་གིས་མཐའ་གཅིག་ཏུ་མ་ངེས་ཏེ། ཁ་ཅིག་དང་པོ་ནས་སྐྱེས་སྦྱང་གི་རིགས་སད་ཅིང་ཞི་དུལ་གྱི་ཚུལ་དང་། ཡང་ཁ་ཅིག་ནི་དང་པོ་མཛད་སྤྱོད་ཐམས་ཅད་མ་ངེས་པའི་ཚུལ་དུ་སྟོན་པའང་ཡོད་པ་ལས་རྗེ་འདི་ཕྱི་མ་སྟེ། དེ་ཡང་ཅུང་ཟད་སྐུ་ཤེད་རྒྱས་སྐབས་རྒྱུན་དུ་མེ་མདའ་རྒྱབ་ཏུ་ཁུར། རལ་གྲི་སྐེད་ལ་དྲངས། རྟ་རྒྱུག་འབའ་ཞིག་གནང་བ་སོགས་མཛད་སྤྱོད་ཕལ་ཆེར་གཞན་དག་དང་མ་འདྲ་བར་གྲུབ་པའི་མཛད་སྤྱོད་ཁོ་ན་གནང་ཡང་ཡུལ་མི་ཀུན་གྱི་བློར་མ་ཤོང་བས་མ་དད་པ་སྐྱེས་པ་དང་མི་རྒོད་གདུག་རྩུབ་ཅན་ཞིག་ཏུ་ངོས་བཟུང་ཞིང་ཡུལ་མི་ཀུན་ཁོང་ལ་སྐྲག་ཅིང་ཞེད་དགོས་པ་ཞིག་ཏུ་གྱུར་པར་མ་ཟད་ཀུན་གྱིས་ཁོང་ལ་ཨ་འཛིའི་མི་སྨྱོན་ཞེས་ངན་སྨད་བྱེད། སྐབས་ཤིག་དགེ་བཤེས་རྒྱལ་པོ་ཆུ་དབར་ཁོག་ཏུ་ཚ་གཟིམ་དུ་ཕེབས་པ་ལ་ཁོང་གིས་ལམ་འཕྲང་དོག་ས་ཞིག་གི་ངོས་ནས་ཤིང་སྡོང་མང་པོ་བསྒྲིལ་བས་དཔོན་བློན་ཐམས་ཅད་ཀྱི་ཆིབ་རྟ་དང་མཛོ་སོགས་འདྲོ གས་ནས་ས་ལ་དྲུད་ཀྱང་ཉེས་སྐྱོན་མ་བྱུང་བ་དང་། ཡང་གནས་དེར་མཚོ་ནག་ཅེས་ཀླུ་གདུག་རྩུབ་ཅན་གནས་པའི་མཚོ་ཞིག་ཡོད་པ་དེའི་འགྲམ་དུ་ཐ་ན་སྐད་ཅོར་བརྒྱབ་ཀྱང་སེར་བ་འབབ་པའི་མཚོ་དེར་ཁོང་གིས་བྱིས་པ་མང་པོ་ཁྲིད་དེ་རྦབ་རྡོ་མང་དུ་བསྒྲིལ་ཡང་འཁུ་ལྡོག་མ་བྱུང་བ་སོགས་ཡ་མཚན་གྱི་མཛད་པའང་མང་མོད་ཡིད་ཆེས་བྱེད་མཁན་ཆེར་མ་བྱུང་། གཞན་ཡང་ཕྱུགས་རྫི་རྣམས་གྱི་བྲོ་ཆས་འཕྲོག་ནས་གསོལ་ཞིང་ཁོང་རྣམས་ལ་བརྡུང་བརྡེག་དང་གཡོག་ཏུ་བཀོལ་བ་སོགས་མཛད་པ་ཕལ་ཆེར་དེ་དག་གི་ཚེ་གེགས་བར་ཆད་སེལ་བྱེད་དུ་གྱུར་ཚུལ་སོགས་རྗེས་སུ་རྟོགས། དེ་སྐབས་ཏཱ་རེའི་གནས་སུ་ཧོར་བླ་མ་གཞན་ཕན་འོད་ཟེར་ཞེས་གྲུབ་ཆེན་ཨ་ཙར་ས་ལེའི་རྣམ་འཕྲུལ་དུ་གྲགས་པའི་གྲུབ་བརྙེས་གཏེར་ཆེན་དམ་པ་ཞིག་བཞུགས་པ་ཁོང་གིས་དུས་གསུམ་ས་ལེར་གཟིགས་པའི་མངོན་མཁྱེན་གྱིས་ཁོང་ལ་ཀློག་གི་ཕྱི་མོ་བསླབ་པ་སོགས་ཐབས་མཁས་ཀྱི་མཛད་པ་དུ་མས་རྗེས་སུ་བཟུང་ཞིང་། ཐུན་མོང་མ་ཡིན་པའི་བླ་མར་གྱུར་ཏེ་བཀའ་དྲིན་ཆེ་ཚུལ་ཕྱིས་ཀྱི་ཞུ་ཡིག་རྣམས་སུའང་གསལ་ལོ། །དེ་ལྟར་རང་ཡུལ་དུ་མཛད་སྤྱོད་ངེས་མེད་ཀྱིས་དགུང་གྲངས་བཅོ་བརྒྱད་བར་བཞུགས་པ་ཡིན།

Leave a Reply

Your email address will not be published. Required fields are marked *