April 2020

སྙིང་གྲོགས་དགྱེས་པའི་ཐོལ་གླུ།།
ན་མོ་གུ་ར་ཝེ།།
མགོན་རྒྱལ་བ་ཀུན་འདུས་པདྨ་འབྱུང་།།
དཔལ་ཆོས་སྐྱོང་གར་བསྒྱུར་སེང་ཆེན་རྗེ།།
བུ་མོས་གུས་གདུང་བས་གསོལ་བ་འདེབས།།
བསྟན་འགྲོ་ལ་ཕན་བདེ་ལྷུན་གྲུབ་སྩོལ།།
སེང་དཀར་མོའི་རྟགས་ཀྱི་ཡུལ་གྲུ་ནས།།
གནམ་སྤྲིན་ཆེན་འདབ་མ་ཐོད་ཀྱིས་བརྒལ།།
ས་གོ་ལའི་ཡངས་རྩེ་དབྱིན་ཡུལ་ན།།
རྐྱེན་བར་ཆད་མེད་པར་བདེ་བར་འབྱོར།།
ཕྱི་རྒྱ་ནད་འཛམ་གླིང་སྤྱིར་ཁྱབ་ཀྱང་།།
ནང་གྲོགས་མཆེད་སྙིང་དམར་ཆེ་བའི་ཕྱིར།།
དོན་དཔལ་གདེང་ལྡན་པའི་རྣལ་འབྱོར་ང་།།
ཛ་དྲག་པོས་བདེ་མྱུར་རི་ཁྲོད་ཕྱིན།།
དབུ་ལྕང་ལོ་མཁའ་འགྲོ་བྱེ་བས་རྒྱན།།
ལུས་རྩ་གནས་ཞི་ཁྲོ་རབ་འབྱམས་གཏམས།།
དབུགས་འགྲོ་འོང་ཨོཾ་ཨཱཿཧཱུཾ་གིས་དབྱངས།།
སེམས་གཡོ་མེད་རིག་ཀློང་ངང་དུ་བཞུགས།།
ལུས་དཔལ་ཆེན་རྩ་རླུང་ཐིག་ལེ་དག།
ངག་དགྱེས་པ་ཛབ་བཟླས་ལོངས་སྤྱོད་རྫོགས།།
ཡིད་རྡོ་རྗེ་སངས་རྒྱས་ཡེ་ཤེས་སྨིན།།
སྒོ་ལུས་ངག་ཡིད་གསུམ་བདེ་ལགས་སོ།།
དཔའ་རྒྱ་སྟག་ངར་མ་འཛུམ་དྲུག་བརྟས།།
གངས་སེང་ཆེན་དཀར་མོ་གཡུ་རལ་བརྗིད།།
སྙན་གསེར་འབྲུག་སེར་པོས་རྔ་ཆེན་གྲགས།།
དབྲ་ཁྱུང་སྲས་སྔར་བཞིན་བདེ་འཚམས་ལགས།།
སྐུ་ཆོས་གོས་གསོལ་ཞིང་སྒོམ་ཐག་མཛེས།།
གསུང་དཀོན་མཆོག་འཆད་པའི་ཚངས་དབྱངས་སྙན།།
ཐུགས་འགྲོ་ཀུན་བྱམས་པའི་ཏིང་འཛིན་ཅན།།
བུ་དགྲ་ལྷ་རྩེ་རྒྱལ་བདེ་ལེགས་སོ།།
གནས་དབེན་པ་ཨེ་ཝཾ་ཆོས་སྒར་ན།།
གྲོགས་བྱ་དང་བྱེའུའི་དབྱངས་རོལ་ཉན།།
ཟས་བཅུད་ཆེན་རྩི་ཐོག་སྣ་ཚོགས་གསོལ།།
དུས་ཉིན་མཚན་མེད་པར་ཞི་ལྷག་གོམས།།
མ་དྲིན་ཆེན་འདས་པའི་གདུང་མཆོད་དང་།།
བུ་དམ་ཚིག་ལྡན་ལ་སྲུང་སྐྱོབ་ཕྱིར།།
ནད་རྡུལ་དུག་དགྲ་ལ་མ་འཇིགས་ནས།།
ཕྱོགས་ཀུན་ནས་བདེ་ལེགས་ངང་དུ་མཆིས།།
དྲིན་ཨ་མ་དྲན་ནས་སྨྱོས་ལ་ཁད།།
གྲོགས་སྙིང་དམར་ཡོད་ནས་དགའ་ཡ་ལེ།།
ངས་དགའ་སྐྱོ་དབེན་པའི་རི་ཀླུངས་ན།།
བྱམས་སྙིང་རྗེ་སྒོམ་ནས་མཚམས་སུ་བཞུགས།།
མགོན་པོ་སྐྱབས་ནས
ཕ་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི།།
བུ་གཅེས་ཕྲུག་སྣང་བུ་སྒོམ་ཐག་ཅན།།
དཔའ་ཁེར་འགྲོ་དམར་ཡག་སྟག་གི་སྤུན།།
སྐུ་གཟི་བརྗིད་ལྡེམ་མེ་བཞུགས་ལགས་སམ།།
མ་སྐྱ་ལོ་སེང་ལྕམ་འབྲུག་མོ་ཡི།།
བུ་འདང་ཆེན་ཨ་བུ་གྲུབ་རྟགས་ཅན།།
ངག་དྲུག་འགྱུར་ཐལ་ལེ་བདེ་ལེགས་སམ།།
གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི།།
བུ་ཚ་བོ་རིག་པའི་གཏེར་མཛོད་ཅན།།
ཐུགས་ཏིང་འཛིན་ཀློངས་ན་བཞུགས་ལགས་སམ།།
ཞེས་སྙིང་གྲོགས་སྨན་རམས་པ་མགོན་པོ་སྐྱབས་ཀྱི་འཕྲིན་ལན་དུ་ཨེ་མ་ཧོས་ཨེ་ཝཾ་རྫོགས་ཆེན་ཆོས་སྒར་ནས་འཕྲལ་དུ་ཕུལ་བར་དགེའོ།། །།

Leave a Reply

Your email address will not be published. Required fields are marked *