སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཞལ་ཐང་དང་ལོ་རྒྱུས་མདོར་བསྡུས།
Original — 两大教言平台 Today
སྟོན་མཆོག་ཐུབ་པའི་དབང་པོ་ལ་ཕྱག་འཚལ་ལོ།།
________རྩོམ་པ་པོ་ཁམས་སྨན
སྔ་འགྱུར་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ།།
ཤངས་པ་ཞི་བྱེད་རྡོ་རྗེའི་རྣལ་འབྱོར་དང་།།
རྡོ་རྗེའི་བསྙེན་སྒྲུབ་བཅས་ཏེ་བརྒྱད་པོ་ལ།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཐ་སྙད་གྲགས།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད།
༡༽ སྔ་འགྱུར།
དེ་ཡང་སྔ་འགྱུར་ཆོས་ཀྱི་མཚན་གཞི་ནི།།
མཁན་སློབ་ཆོས་གསུམ་དུས་སུ་བསྒྱུར་བཤད་པའི།།
བཀའ་མའི་མདོ་སྒྱུ་སེམས་གསུམ་སྒྲུབ་སྡེའི་སྐོར།།
གཉགས་དང་གནུབས་དང་མཐའ་མར་ཟུར་ལ་བབས།།
ཆུ་བོ་བཞི་འདུས་སྒོ་ནས་རིམ་པར་དུ།།
ཀློང་ཆེན་རབས་འབྱམས་རིག་འཛིན་གཏེར་བདག་གླིང་།།
བརྒྱུད་པའི་མདོ་སྔགས་བསྟན་པ་རྒྱ་ཆེར་ཡོད།།
རིང་ལུགས་འདི་ཡིས་བསྟན་པ་རྣམ་གཉིས་ལས།།
གཙོ་བོར་རྟོགས་པའི་བསྟན་པ་སྒྲུབ་ལ་བརྩོན།།
མཆོག་གི་དངོས་གྲུབ་ཚེ་འདིར་གྲུབ་པ་བརྙེས།།
གདོས་བཅས་འཇའ་ལུས་འོད་ཕུང་དེངས་པ་མང་།།
རྟོགས་པའི་བསྟན་ལ་བཀའ་དྲིན་ལྷག་ཏུ་ཆེ།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད།
༢༽ བཀའ་གདམས།
བཀའ་གདམས་མན་ཆོད་གསར་མའི་ཕྱོགས་གཏོགས་ཡིན།།
ནག་ཚོ་ལོ་ཙཱ་ཚུལ་ཁྲིམས་རྒྱལ་བ་ཡིས།།
དཔལ་ལྡན་ཇོ་བོ་ཨ་ཏི་ཤ་སྤྱན་དྲངས།།
དེ་ཡིས་ལྟ་བ་དབུ་དང་སྤྱོད་པ་འདུལ།།
གཙོར་སྟོན་གདམས་ངག་བྱང་ཆུབ་ལམ་སྒྲོན་གསུངས།།
སྐྱེས་བུ་གསུམ་གྱི་ལམ་རིམས་ཡོངས་རྫོགས་བསྟན།།
སློབ་མའི་གཙོ་བོ་ཁུ་རྔོག་འབྲོམ་གསུམ་ལས།།
རིམ་པར་བརྒྱུད་ལ་བཀའ་གདམས་པ་ཞེས་གྲགས།།
ཕྱིས་དུས་རང་རྐང་འཛིན་པར་ཅུང་ཟད་འགྲིབ།།
རྗེ་བཙུན་འཇམ་དབྱངས་རྣམ་འཕྲུལ་ཙོང་ཁ་པས།།
བཀའ་གདམས་གཞུང་གི་བཤད་པ་གཙོར་བཏོན་ནས།།
ལུགས་གསུམ་ཟབ་དོན་མན་ངག་ཏུ་དྲིལ་བ།།
བྱང་ཆུབ་ལམ་རིམ་ཆེན་མོ་མཛད་པ་འདི།།
གདམས་པའི་སྲོག་ཏུ་འཛིན་ནས་འཆད་པ་ལ།།
བཀའ་གདམས་གསར་མ་ཞེས་པའི་ཐ་སྙད་ཐོབ།།
ད་ལྟའི་སྐབས་ཀྱི་རི་བོ་དགེ་ལྡན་པ།།
སྔགས་ཕྱོགས་གསང་བདེ་འཇིགས་གསུམ་གཙོར་སྟོན་པའི།།
ཕྱི་འགྱུར་རྒྱུད་སྡེ་རྣམས་ཀྱི་བཀའ་སྲོལ་སྐྱོངས།།
རིང་ལུགས་འདི་ཡིས་གཙོ་བོར་བཤད་པ་ལ།།
བརྟེན་ཕྱིར་ལུང་གི་བསྟན་ལ་བཀའ་དྲིན་ཆེ།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད།
༣༽ ལམ་འབྲས་ནི།
གསང་སྔགས་ཕྱི་དར་སྐབས་ཀྱི་དུས་ཤིག་ལ།།
བླ་ཆེན་འབྲོག་མི་ཤཱཀྱ་ཡེ་ཤེས་ལ།།
བཀའ་བབས་ཀྱེཻ་ཡི་རྡོ་རྗེའི་བསྐྱེད་རྫོགས་ཀྱི།།
རྣལ་འབྱོར་གྲུབ་ཆེན་བི་རཱུ་པ་དང་ནི།།
མཚོ་སྐྱེས་ཞབས་སོགས་ལམ་སྲོལ་དགུའི་གདམས་བཅུད།།
མཁས་པ་སྒོ་དྲུག་ཆོས་འབྲེལ་རྩ་བ་བཅས།།
ཕྱིས་སུ་ས་ཆེན་ཀུན་དགའ་སྙིང་པོ་ལ།།
ཉེ་བརྒྱུད་བྱུང་བའི་ལམ་དེ་སྦས་བཤད་དང་།།
གྲགས་པ་རྒྱལ་མཚན་བརྡ་དོན་གསལ་བ་སོགས།།
གདམས་ངག་ལམ་དང་འབྲས་བུ་ཚང་བར་བཅས།།
ཡིག་གེ་དྲུག་ཅུའི་མན་ངག་ཕྲ་མོ་ལ།།
དེང་སང་ལམ་འབྲས་ཞེས་པ་ཡོངས་སུ་གྲགས།།
འབྲོག་མའི་སློབ་བརྒྱུད་ལས་ནི་རིམ་བཞིན་དུ།།
བརྒྱུད་སྲོལ་བཅོ་བརྒྱད་ཙམ་དུ་གྱེས་པ་ལས།།
དེས་ལས་གཙོ་བོར་ས་སྐྱ་པ་ལ་བབས།།
འཇམ་དཔལ་དབྱངས་དངོས་ས་སྐྱ་པཎ་ཆེན་དང་།།
འགྲོ་མགོན་ཆོས་འཕགས་གདུང་བརྒྱུད་ཕྲེང་བ་དང་།།ཀུན་དགའ་བཟང་དང་བློ་གསལ་རྒྱ་མཚོ་སོགས།།
སློབ་བརྒྱུད་མཁས་གྲུབ་ཆེན་པོར་བསམ་མི་ཁྱབ།།
རིམ་བཞིན་བྱོན་ནས་ཚོགས་བཤད་སློབ་བཤད་ཀྱིས།།
དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་འཕྲིན་ལས་བཅས།།
ད་ལྟའི་བར་དུ་མི་ཉམས་དར་རྒྱས་སུ།།
བསྟན་པ་འཛིན་སྐྱོངས་སྤེལ་མཛད་ལམ་འབྲས་པ།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད།
༤༽ བཀའ་བརྒྱུད་པ་ནི།
ཌོམྦི་ཧེ་རུ་ཀ་ཡི་རྣམ་འཕྲུལ་ལས།།
ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཉིད།།
རྒྱ་གར་འཕགས་པའི་ཡུལ་དུ་ལན་གསུམ་བྱོན།།
ནཱ་རོ་པ་གཙོས་མཁས་ཤིང་གྲུབ་བརྙེས་ཀྱི།།
བླ་ཆེན་མང་པོ་བསྟེན་ནས་གདམས་ངག་གསན།།
བདེ་དགྱེས་གསང་གསུམ་གཙོས་པའི་རྒྱུད་སྡེའི་སྐོར།།
དབང་བཤད་གདམས་ངག་སྙན་བརྒྱུད་བཅས་པ་གསན།།
ཁྱད་པར་ནཱ་རོ་པ་དང་མཻ་ཏྲི་པ།།
གཉིས་ཀྱིས་བྱང་ཕྱོགས་ཁ་བ་ཅན་འདུལ་བའི།།
རྒྱལ་ཚབ་དབང་བསྐུར་བརྙེས་པ་དེ་ཉིད་ལ།།
སློབ་བུའི་གཙོ་བོར་ཀ་ཆེན་བཞིའི་ནང་ནས།།
རྔོག་མཚུར་མེས་གསུམ་གཙོས་བྱས་བཤད་པ་ཡི།།
བཀའ་བབས་བརྒྱུད་འཛིན་བུ་སློབ་མང་འཕེལ་ཏེ།།
མཛད་པ་འཕྲིན་ལས་རྒྱ་ཆེར་དར་བ་བྱུང་།།
ལྷག་པར་རྗེ་བཙུན་མི་ལ་རས་པ་ལ།།
སྒྲུབ་བརྒྱུད་བཀའ་བབས་སྐུ་ཚེ་དེ་ཉིད་ལ།།
ཟུང་འཇུག་གོ་འཕང་མངོན་དུ་གྱུར་མཛད་ནས།།
མི་དང་མི་མིན་འགྲོ་བ་ཚད་མེད་བཏུལ།།
སློབ་ཚོགས་མང་ཡང་གཙོ་བོའི་ཐུགས་ཀྱི་སྲས།།
སྙན་བརྒྱུད་འཛིན་པའི་ཐུགས་སྲས་ཟླ་བ་ལྟར།།
རས་ཆུང་རྡོ་རྗེ་གྲགས་དང་ཉི་མ་ལྟར།།
མཉམ་མེད་དྭགས་པོ་ལྷ་རྗེ་མཚན་ཡང་གྲགས།།
རས་ཆུང་པ་ཡིས་ལུས་མེད་མཁའ་འགྲོ་ཡི།།
ཆོས་སྐོར་ཕྱི་མ་སྤྱན་དྲངས་སྙན་བརྒྱུད་དུ།།
ཀར་འབྲུག་གཉིས་ལ་བཀའ་བབས་ཁྱད་པར་དུ།།
ཚེ་དཔག་མེད་ཀྱི་འགྲོ་དོན་ཤམ་བུ་ཅན།།
ས་ཀར་དགེ་གསུམ་ཐམས་ཅད་ཁྱབ་པར་གྱུར།།
དྭགས་པོ་ལྷ་རྗེ་རྒྱལ་བས་ལུང་བསྟན་བཞིན།།
དགེ་སློང་འཚོ་བྱེད་ཅེས་པ་ཡོངས་གྲགས་ལྟར།།
མཐོང་ཐོས་དྲན་རེག་ཐམས་ཅད་སྨིན་གྲོལ་མཛད།།
སློབ་མ་ལས་ཅན་མང་ཡང་གཙོ་བོར་ནི།།
ཐུགས་སྲས་ཁམས་པ་མི་གསུམ་བྱུང་བར་གྲགས།།
དེས་ལས་བུ་སློབ་ཡང་སློབ་རིམ་གྱེས་ཏེ།།
བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་གྲགས་པར་བྱུང་།།
དེ་རྣམས་རེ་རེ་ལའང་ཆོས་བརྒྱུད་དང་།།
གདན་ས་ལ་སོགས་གྲུབ་ཐོབ་ཚང་ཆེན་བརྡོལ།།
ད་ལྟའི་བར་དུ་དྭགས་པོ་བཀའ་བརྒྱུད་ཅེས།།
བསྟན་པ་སྒྲུབ་པས་འཛིན་ལ་ཁྱད་པར་འཕགས།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད།
༥༽ ཤངས་པ་བཀའ་བརྒྱུད་ནི།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཞེས་བྱ་བས།།
འཕགས་པའི་ཡུལ་ནས་ཡེ་ཤེས་ཌཱ་ཀི་གཉིས།།
ཁྱད་པར་འཕགས་པའི་བླ་མ་བཅུ་གསུམ་དང་།།
རྩ་བའི་བླ་མ་རྣམ་བཞི་ལ་སོགས་པའི།།
མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་ཀྱི།།
ཆོས་ཀྱི་མཛོད་རྣམས་མ་ལུས་གསན་མཛད་དེ།།
གཙང་གི་གཡས་རུ་ཤངས་ཀྱི་ཞང་ཞང་དུ།།
གདན་ས་མཛད་པས་བླ་མ་ཤངས་པ་དང་།།
བརྒྱུད་འཛིན་རྣམས་ལ་ཤངས་པ་བཀའ་བརྒྱུད་གྲགས།།
དེ་ལ་སྔ་བུ་ལྔ་དང་ཕྱི་བུ་གཅིག།
དེ་དྲུག་གཙོས་པའི་བཤེས་གཉེན་ཁྲི་བཅོ་བརྒྱད།།
ལ་སོགས་གདུལ་བྱ་མཐའ་ཡས་སྨིན་གྲོལ་མཛད།།
རིན་ཆེན་བདུན་བརྒྱུད་སྔ་ཕྱི་རིམ་པར་བཞིན།།
སློབ་བརྒྱུད་མང་དུ་གྱེས་ཤིང་བཀའ་སྲོལ་རྣམས།།
བར་མ་ཆད་པར་བྱུང་བ་རིང་བརྒྱུད་དང་།།
མཁའ་འགྲོ་ནི་གུ་མ་ཡིས་དངོས་གནང་བའི།།
གྲུབ་ཆེན་ཐང་སྟོང་རྒྱལ་པོར་བཀའ་བབས་ནི།།
སྔ་ཕྱི་བར་དང་བཅས་པ་ཉེ་བརྒྱུད་ཡིན།།
ཡེ་ཤེས་ཌཱ་ཀིས་འཇམ་མགོན་ཀུན་དགའ་བ།།
གྲོལ་མཆོག་རྗེས་སུ་བཟུང་བའི་ངོ་མཚར་ཅན།།
ཤིན་ཏུ་ཉེ་བརྒྱུད་རྩ་བ་ཤངས་པ་ཡི།།
སྙན་དུ་བརྒྱུད་པའི་གསེར་ཆོས་གཙང་མ་ལ།།
གདམས་ངག་རྣོ་སོ་ཉེ་བརྒྱུད་མཁའ་འགྲོ་ཡི།།
ཁ་རླངས་ཅན་གྱིས་ཟུར་བརྒྱན་ཐང་བརྡལ་མ།།
གསང་བདག་སྒྲོལ་མགོན་ཞབས་ཀྱི་བཀའ་སྲོལ་སོགས།།
སྨིན་གྲོལ་མཛད་པའི་ཕྲིན་ལས་མ་ཉམས་བཞུགས།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད།
༦༽ ཞི་བྱེད་ནི།
འཕགས་ཡུལ་གྲུབ་ཆེན་ཀ་མ་ཤཱི་ལ་འམ།།
བོད་དང་རྒྱ་གར་དམ་པ་སངས་རྒྱས་ཞེས།།
ཡོངས་སུ་གྲགས་པ་དེ་ཉིད་བོད་ནང་དུ།།
ལན་ལྔར་ཕེབས་ཏེ་ཁམས་དབང་ཇི་བཞིན་གཟིགས།།
དེ་དང་མཐུན་པའི་གདམས་ངག་སྣ་རེས་ཀྱང་།།
གྲོལ་བར་མཛད་པས་གཞུང་དང་ལུགས་སྲོལ་དག།
གཅིག་ཏུ་འདི་ཞེས་ངེས་པར་མེད་མོད་ཀྱང་།།
ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད།།
ཕྱག་རྒྱ་ཆེན་པོ་བརྡ་ཡི་རྒྱུད་སོགས་ལ།།
གཙོ་བོར་བརྟེན་ནས་ཆོས་ཀྱི་འཁོར་ལོ་བསྐོར།།
ལས་ཅན་སྐར་མའི་གྲངས་ལྟར་བསྒྲལ་མཛད་པས།།
ཆོས་དེའི་སྤྱི་མིང་སྒེར་ལ་མིང་ཐོག་སྟེ།།
དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་སུ་གྲགས།།
བརྒྱུད་པ་སྔ་ཕྱི་བར་གསུམ་བཀའ་བབས་ཞིང་།།
རྒྱ་ཆེར་སྤེལ་བས་ཕྲིན་ལས་མ་ནུབ་མཆིས།།
དེ་དང་འབྲེལ་བ་ངོ་བོ་ཕ་རོལ་ཕྱིན།།
སྔགས་དང་རྗེས་སུ་མཐུན་པའི་གདམས་པ་ལ།།
དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ།།
སྐྱོ་ཡི་ཤཱཀྱ་ཡེ་ཤེས་ཞེས་བྱ་དང་།།
ཡར་ལུང་སྨ་ར་སེར་པོ་རྣམ་གཉིས་ལ།།
དམ་པས་མདོ་ལུགས་རང་རྐང་གཅོད་དང་ནི།།
ཨཱརྱ་དེ་བའི་གཞུང་ཆུང་ལྔ་བཅུ་པའི།།
གདམས་ངག་བྲུལ་ཚོ་དྲུག་པ་ཞེས་བྱ་བ།།
གནང་བ་སྨྱོན་པ་བེ་རེ་སོགས་ནས་བརྒྱུད།།
འདི་ལ་བརྒྱུད་པ་ཕོ་ཡི་གཅོད་དུ་གྲགས།།
མ་གཅིག་ལབ་ཀྱི་སྒྲོན་མས་ཤེར་ཕྱིན་གྱི།།
དགོངས་དོན་དེ་ཉིད་དགོངས་ཉམས་ལས་འཁྲུངས་པའི།།
རྟོགས་ཆོས་གཅོད་ཡུལ་ཞེས་སུ་ཡོངས་གྲགས་པའི།།
ལམ་སྲོལ་རྒྱ་ཆེར་ཕྱེས་པའི་གཞུང་གདམས་བཅས།།
བརྒྱུད་པ་འདི་ལ་མོ་གཅོད་ཞེས་སུ་གྲགས།།
ཞལ་སློབ་བུ་ཆེན་དྲུག་ཅུ་གཙོར་གྱུར་པའི།།
གྲུབ་ཐོབ་ཕོ་མོ་བརྒྱ་རྩ་བརྒྱད་ལ་སོགས།།
སློབ་ཚོགས་རྣམས་ཀྱིས་སྤེལ་ནས་རིམ་བཞིན་དུ།།
འགྲོ་དོན་ཕྲིན་རྒྱུན་མ་ཆད་པར་བྱུང་།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད།
༧༽རྡོ་རྗེའི་རྣལ་འབྱོར་ནི།
དུས་འཁོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་སོགས།།
སྔགས་རྒྱུད་རྒྱས་པ་རྣམས་ཀྱིས་མགྲིན་གཅིག་ཏུ།།
གསལ་བར་བསྟན་པའི་རྫོགས་རིམ་ཐམས་ཅད་ཀྱི།།
སྙིང་བཅུད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་།།
འབྲེལ་བའི་སྦྱོར་བ་ཡན་ལག་དྲུག་པ་ཞེས།།
བླ་མེད་ནས་གསུངས་རིམ་གཉིས་སྐྱེལ་སོ་སྟེ།།
ཟླ་བ་བཟང་སོགས་ཆོས་རྒྱལ་བདུན་པ་དང་།།
འཇམ་དཔལ་གྲགས་སོགས་རྡོ་རྗེའི་རིགས་ལྡན་དང་།།
ཞལ་ལུང་དུས་ཞབས་ཆེ་ཆུང་སོགས་ནས་བརྒྱུད།།
བོད་དུ་སྔོན་བྱོན་བཞི་དང་བར་བྱོན་ལྔ།།
ཕྱིས་བྱོན་གཉིས་སུ་གྲགས་པ་གཙོར་གྱུར་པ།།
ལ་སོགས་ལུགས་སྲོལ་ཉི་ཤུ་ཐམ་པའི་རྒྱུན།།
ཀུན་སྤང་ཐུགས་རྗེ་བཙོན་འགྲུས་ལ་འདུས་ཤིང་།།
གོ་བྲག་པ་སོགས་ལུགས་གཞན་མང་པོ་བྱུང་།།
ཀུན་གྱི་བཀའ་རྣམས་ཀུན་མཁྱེན་དོལ་པོ་དང་།།
རྗེ་བཙུན་སྒྲོལ་མགོན་ཞབས་ལ་བབས་པ་ཡི།།
ཤིང་རྟའི་ལམ་སྲོལ་ཕྱེས་པ་ནས་བཟུང་སྟེ།།
རིམ་བཞིན་སྒྲུབ་བརྒྱུད་འདི་ཡི་བསྟན་པ་ནི།།
མ་ཉམས་ད་ལྟའི་བར་དུ་བཞུགས་པའོ།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད།
༨༽ རྡོ་རྗེའི་བསྙེན་སྒྲུབ་ནི།
གྲུབ་ཆེན་ཨོ་རྒྱན་རིན་ཆེན་དཔལ་དེ་ཉིད།།
རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་བྱོན།།
རྡོ་རྗེ་རྣལ་འབྱོར་མ་ལས་དངོས་གསན་པ།།
བསྙེན་སྒྲུབ་སྒྲུབ་ཆེན་གསུམ་གྱི་མན་ངག་ལ།།
བརྟེན་ནས་བཙོན་འགྲུས་ཅན་རྣམས་ཚེ་གཅིག་ལ།།
སྐུ་གསུམ་མངོན་དུ་བྱེད་པའི་གདམས་ཟབ་མོ།།
བོད་དུ་བྱོན་ནས་མཁའ་འགྲོའི་ལུང་བསྟན་བཞིན།།
རིན་ཆེ་མཁར་ཆུང་བ་ལ་གནང་བ་ནས།།
བརྒྱུད་པ་རིམ་པར་འཕེལ་ཞིང་ལྷག་པར་དུ།།
ཀུན་མཁྱེན་རང་བྱུང་རྡོ་རྗེས་གདམས་ངག་གི།
གནད་རྣམས་གསལ་བར་མཛད་དེ་སློབ་བརྒྱུད་བཅས།།
རྒྱ་ཆེར་སྤེལ་བས་བཀའ་སྲོལ་མ་ཉམས་པར།།
ཕྲིན་ལས་ད་ལྟའི་བར་དུ་བཞུགས་པ་འོ།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་རྒྱས་སྨོན་ལམ།
གང་གི་ཐེག་མཆོག་སྙིང་པོའི་རིང་ལུགས་ཆེ།།
བསིལ་ལྡན་ཁ་བའི་ལྗོངས་འདིར་དར་བ་ལ།།
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཅེས་ཡོངས་གྲགས་པའི།།
བསྟན་དང་བསྟན་འཛིན་ཕྱོགས་མཐར་རྒྱས་གྱུར་ཅིག།
འདི་ནི་སྤྱི་ལོ་2020 ལོའི་སྤྱི་ཟླ་1 པོའི་ཚེས 19 དང་བོད་རབ་གནས་ས་མོ་ཕག་གི་ལོར་ཧོར་ཟླ་༡༢ པའི་ཚེས་༢༦ ཉིན་ཁམས་སྨན་སྡོང་ནས་འབད་པ་ཆེན་པོས་སྡོམ་ཚིག་ཏུ་བཀོད་པ་ཡིན་པས་རྐུ་ཁྱེར་སོགས་མི་བྱེད་རོགས།