སྒོམ་ཐབས་ཡེ་ཤེས་ཀྱི་མེ་ལོང་།།
སྒོམ་ཐབས་ཡེ་ཤེས་ཀྱི་མེ་ལོང་།།
བླ་མ་མཁྱེན་ནོ།།
༼༡༽
དལ་འབྱོར་རྙེད་དཀའ་མི་རྟག་འཆི་བ་སྒོམས།།
ལས་འབྲས་བསླུ་མེད་འཁོར་བའི་སྡུག་བསྔལ་ལས།།
སྒྲོལ་ཕྱིར་སྐྱབས་འགྲོ་སེམས་བསྐྱེད་རྒྱུན་དུ་འབད།།
ཚོགས་བསགས་སྒྲིབ་པ་དག་པའི་ཐབས་ཤེས་བྱ།།
༼༢༽
སངས་རྒྱས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ།།
ཡི་དམ་སྤྱི་གཟུགས་རྡོ་རྗེ་གོ་ཁྲབ་གསོལ།།
མཁའ་འགྲོའི་གཙོ་མོ་སེངྒེའི་གདོང་པ་ཅན།།
ཆོས་སྐྱོང་གེ་སར་སྙིང་གི་དཀྱིལ་ནས་མཆོད།།
༼༣༽
སྣང་གྲགས་རིག་པ་ལྷ་སྔགས་བླ་མའི་ངང་།།
དྲན་ཤེས་བག་ཡོད་མཛད་པ་བླ་མའི་ཐུགས།།
སྒོ་གསུམ་སྣང་བ་རྒྱ་ཡན་བླ་མའི་དཔལ།།
སྐུ་གསུམ་རྒྱན་ཏུ་ཤར་བའི་གནད་ལ་བརྩོན།།
༼༤༽
ཆོས་ཉིད་མངོན་སུམ་མཇལ་བ་བླ་མའི་སྐུ།།
ཉམས་སྣང་གོང་དུ་འཕེལ་བ་བླ་མའི་གསུང་།།
རིག་པ་ཚད་དུ་ཕེབས་པར་བླ་མའི་ཐུགས།།
ཆོས་ཉིད་ཟད་སར་ཕྱིན་པ་བླ་མའི་དཔལ།།
༼༥༽
སྣང་བ་བརྡ་ཡི་བླ་མའི་ངོ་བོ་དག།
དད་གུས་ཞིང་གི་བླ་མའི་རང་བཞིན་རྫོགས།།
སངས་རྒྱས་ཡེ་ཤེས་བླ་མའི་ཐུགས་རྗེར་སྨིན།།
ཀུན་འདུས་གུ་རུ་པདྨ་སིདྡྷི་ཧཱུཾ།།
༼༦༽
བློ་ལྡོག་རྣམ་བཞིའི་ཞིང་སའི་རྩ་བ་བཟང་།།
ཚད་མེད་རྣམ་བཞིའི་སྡོང་བོའི་ཡལ་ག་རྒྱས།།
སྲོག་སྡོམ་གཟེར་བཞིས་ལོ་འདབ་ཡོངས་སུ་བཀྲ།།
རིག་འཛིན་རྣམ་བཞིའི་འབྲས་བཟང་སྨིན་གྲོལ་རྒྱལ།།
༼༧༽
དང་པོ་ཀུན་སློང་བསམ་པ་བཟང་པོའི་ངང་།།
བར་དུ་བསྐྱེད་རྫོགས་རྫོགས་ཆེན་དམིགས་མེད་ངང་།།
མཐར་ཕྱིན་བསྔོ་བ་སྨོན་ལམ་ཟབ་རྒྱས་མཛོད།།
བསྟན་འགྲོའི་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར།།
༼༨༽
དད་གུས་དག་སྣང་ཕྱུག་པའི་མཁའ་འགྲོ་འགས།།
ཡང་ཡང་དམ་ཚིག་བདེན་པས་སྐུལ་བའི་ངོར།།
གང་སྒྲུབ་གཞན་དོན་གཉེར་བའི་ཨེ་མ་ཧོས།།
སྒོམ་ཐབས་ཡེ་ཤེས་མེ་ལོང་མཆོད་པར་བཤམས།།
ཞེས་པ་འདི་ཡང་རབ་གནས་ལྕགས་གླང་ནག་པ་ཟླ་བའི་ཡར་ངོའི་རྒྱལ་བ་གཉིས་པར་ཆོས་མཆེད་མཁའ་འགྲོ་མ་དུ་མས་ཡང་ཡང་བསྐུལ་ངོར་ཨེ་མ་ཧོས་ཐོ་རངས་ཁར་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་དུ་ཐུགས་དམ་གླུ་རུ་བླངས་པར་དགེའོ།། །།