༄༅།།གཏེར་སྟོན་ཆེ་ཡོས་རིག་འཛིན་ཆེན་པོའམ་གཏེར་རྒན་འཇིགས་མེད་སྣ་ཚོགས་རང་གྲོལ་རིན་པོ་ཆེའི་མཛད་རྣམ་རགས་བསྡུས་བཞུགས་སོ།
༄༅།།གཏེར་སྟོན་ཆེ་ཡོས་རིག་འཛིན་ཆེན་པོའམ་གཏེར་རྒན་འཇིགས་མེད་སྣ་ཚོགས་རང་གྲོལ་རིན་པོ་ཆེའི་མཛད་རྣམ་རགས་བསྡུས་བཞུགས་སོ།
དེ་ཡང་གཏེར་སྟོན་ཆེ་ཡོས་རིག་འཛིན་ཆེན་པོ་ནི། སྔར་སྡེ་དགེའི་སྲིད་སྐྱོང་གོང་མ་ཞིག་གི་རིང་ལ། ཨ་པོའི་བན་སྐྱ་ལྔ་ཞེས་པའི་དཔའ་མཛངས་རྟུལ་ཕོད་ཅན། འགྲན་ཟླ་མ་མཆིས་ཤིང་གཞན་སྡེ་ཟིལ་གྱིས་གནོན་པའི་བུ་སྤུན་ལྔ་བྱུང་བ། སྤུན་འདི་ལྔ་བོས་ས་སྐྱོང་སྡེ་དགེའི་ཆབ་སྲིད་ལ་ཞབས་འདེགས་ཆེ་ངོས་ཞུས་པས། སྡེ་དགེའི་ས་སྐྱོང་དཔོན་པོ་ཐུགས་མཉེས་ཏེ། ཨ་པོ་སྤུན་ལྔའི་རིགས་རྒྱུད་རྣམས་ལ་རྩི་མཐོང་ཆེ་འཇོག་བྱས་ཏེ་ཅི་འདོད་དུ་གནས་ཆོག་པའི་བཀའ་ཡིག་དང་བདག་རྐྱེན་བསྩལ། སྤུན་དེ་ལྔའི་ནང་གི་ཨ་པོ་ཆེ་ཡོས་ཀྱི་བརྒྱུད་པར། ཨ་པོ་ནོར་ཚེ་ཟེར་བའི་མི་དྲག་འབྱོར་ལྡན་ཞིག་བྱུང་བ་ལ། བཀྲ་པ་དང་སྔོ་ཕྲུག་ཟེར་བའི་བུ་གཉིས་བྱུང་། དེའི་ཕྱི་མ་སྔོ་ཕྲུག་ལ་བུ་སྤུན་གཉིས་བྱུང་བ་ལས། ཆེ་བ་རྟ་མགྲིན་མགོན་པོ་ནི། གཏེར་སྟོན་ཆེ་ཡོས་རིག་འཛིན་ཆེན་པོའི་ཡབ་ཡིན་ལ། མ་ཡུམ་ཨ་ཚབ་བཟའ་བོ་དགའ་ཞེས་བ་གཉིས་ཀྱི་སྲས་སུ་། ཁམས་རི་བོ་ཆེ་དང་ཉེ་བའི་ལུང་བཟང་སྟོད་ཅེས་པའི་དྲུང་དུ། རབ་བྱུང་བཅུ་གསུམ་པའི་མེ་འབྲུག་(སྤྱི་ལོ་༡༧༩༦) ལོར་སྐུ་འཁྲུངས།
སྐུ་ན་ཕྲ་བའི་དུས་ནས་བཟུང་། ཨོ་ཊི་ཡ་ནའི་རིག་འཛིན་ཆེན་པོ་དངོས་ཉམས་རྨི་ལམ་ཅི་རིགས་པར་ཞལ་གཟིགས་ཤིང་ལུང་བསྟན་མང་དུ་མཛད། སྐུ་ཆུང་དུས་དེར་ས་སྐྱའི་དགོན་པ་ཞིག་ཏུ་བཞུགས་ནས་སློབ་གཉེར་གནང་། སྐུ་ན་ཅུང་ཟད་རྒྱས་ནས་ཕྱག་ཚ་རྟོགས་ལྡན་འཇིགས་མེད་ཆོས་དབྱིངས་རང་གྲོལ་ལོ་གསུམ་དུ་བསྟེན་ཞིང་ཟབ་ཆོས་མང་པོ་ཞུས་པ་དང་། ལྷུན་གྲུབ་སྒང་བ་དཔལ་ལྡན་རྒྱ་མཚོ་སོགས་བླ་མ་དེ་དག་གི་སྤྱན་སྔར། སྔ་འགྱུར་གྱི་དབང་བཀའ་དུ་མ་དང་། ཡེ་ཤེས་བླ་མའི་ཟབ་ཁྲིད་སོགས་གསན། ལུང་བསྟན་དུས་བབས་བཞིན། འཁྲུངས་ཡུལ་དང་ཉེ་བར། འབྲི་ར་སྤུན་གསུམ་དང་ལུག་སྟོད་བྲག་དཀར་སོགས་སུ་དམ་རྫས་དང་ལྷའི་སྣང་བརྙན་མང་བོ། གཞན་ཡང་ཕྱག་རྡོར་སྒྲུབ་སྐོར་སོགས་ཟབ་ཆོས་སྣ་ཚོགས་བཅས་གཏེར་ནས་བཞེས། ཕྱག་ཚ་རྟོགས་ལྡན་འཇིགས་མེད་ཆོས་དབྱིངས་རང་གྲོལ་གྱིས་དབང་བཀའ་མང་པོ་གནང་མཐར། གསང་མཚན་ འཇིགས་མེད་ཆོས་འབྱིངས་རང་གྲོལ་ཞེས་བསྩལ་ཞིང་མདོ་སྨད་དུ་འགྲོ་དོན་སྐྱོང་བར་ཕེབས་རྒྱུའི་བཀའ་གནང་བ་དང་། སྔར་སྡེ་དགེའི་ཚོང་དཔོན་གཡུ་རྣའི་སྲས་མོ། སྲི་བཅོལ་ནས་ཕྱག་ཚ་རིན་པོ་ཆེའི་མདུན་དུ་བཞག་ཡོད་པའི་མཁའ་འགྲོ་ཀུན་དགའ་ཆོས་སྒྲོན་ལགས། གཏེར་སྟོན་རིག་འཛིན་པའི་རིགས་མར་བསྩལ་ནས། མདོ་སྨད་དུ་རྫོང་བདའ་མཛད་སྐབས། ལུང་བསྟན་བསྩལ་བ་ནི།
Imageཞེས་བཀའ་ལུང་འགྱུར་བ་མེད་པས་གཙུག་ཏུ་དབང་བསྐུར་བ་ལྟར། གཏེར་སྟོན་རིག་འཛིན་ཡབ་ཡུམ་མདོ་སྨད་ཕྱོགས་སུ་ཞབས་ཐང་ལ་བྱོན་པའི་ལམ་དུ། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་དང་མཇལ་ནས། ཁོང་གི་དྲུང་དུ་ཀློང་ཆེན་སྙིང་ཐིག་གི་སྐོར་རྫོགས་པར་གསན། ཁོང་གིས་ཀྱང་། བུ་སློབ་ཁྱོད་ནི་ཕྱག་ཚའི་བཀའ་བཞིན་མདོ་སྨད་དུ་སོང་དང་འགྲོ་དོན་རྒྱ་ཆེན་པོ་ཡོད་པས་སྐྱོང་ཤིག་དང་། ཁྱེད་ནི་སྔོན་རྒྱལ་སྲས་ལྷ་རྗེ་དང་། ཉི་མའི་སྙིང་པོ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། དྭགས་པོ་ཟླ་འོད་གཞོན་ནུ། གཏེར་སྟོན་ཨོ་རྒྱན་གླིང་པ་སོགས་ཀྱི་སྐྱེས་ཕྲེང་ཁྱད་པར་བ་བཅུ་གཉིས་ཀྱིས་དབུས་གཙང་ཕྱོགས་ཀྱི་འགྲོ་དོན་བསྐྱང་ཟིན་པ་ཡིན། ད་སྐྱེ་བ་བཅུ་གསུམ་པ་ནས་མདོ་སྨད་དུ་གདུལ་བྱ་སྐྱོང་བའི་དུས་ལ་བབས་པ་ཡིན་གསུངས་ནས། ཡོངས་སུ་གྲགས་པའི་མཚན། རིག་འཛིན་བདེ་ཆེན་རྡོ་རྗེ་ཞེས་གསོལ་ཞིང་། ཁོང་གི་ཡོན་ཏན་ལ་ཆེ་བ་མཛད་པ་ནི།
ཞེས་བསྔགས་ཤིང་ཕེབས་བསྐུལ་གནང་བ་བཞིན་རིམ་གྱིས་མདོ་སྨད་དུ་ཨ་སྐྱོ་བ་མཛད་ནས་ཕེབས། དང་པོར་ཕེབས་ཡུལ་མཚོ་སྔོན་སོག་ཡུལ་དང་། མ་ཧཱ་དེ་ཝའི་གནས་ནི་མཚོ་སྙིང་མ་ཧཱ་དཱེ་བ་ཡིན་པར་དགོངས་ནས། མཚོ་སྔོན་པོའི་མཐའ་འཁོར་གྱི་སོག་ཡུལ་དུ་བྱོན་ཀྱང་གདུལ་བྱ་མ་བྱུང་། དེ་ནས་ཆོས་རྗེ་གསེར་ཁང་བ་ཆེན་པོར་མཇའ་ནས། དགའ་ལྡན་ལྷ་བརྒྱ་མའི་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་། དགེ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་སོགས་གསན། ཆོས་རྗེས་ཐུགས་དགྱེས་ཚོར་ཆེན་པོ་གནང་། དེ་ནས་མཚོ་སྙིང་དུ་བྱོན་ཏེ། རྗེ་བདག་ཉིད་ཆེན་པོའི་ཞལ་གཟིགས་ཤིང་། ལྗགས་བརྐྱངས་པའི་སྣེ་ལས་བདུད་རྩི་བབས་པ་ནུ་མ་ནུ་བ་ལྟར་བཏུང་པས། དེ་ནས་བཟུང་སྟེ་མཁྱེན་རབ་ཀྱི་ཀློང་རྡོལ་ཏེ། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་བྱུང་བ་ཡིན་གསུངས། དེ་ནས་སྐུ་འབུམ་བྱམས་པ་གླིང་དུ་བྱོན་ཏེ། ཕྱག་མཆོད་གནད་མ་གནང་ཞིང་། མར་མི་དྭགས་གསུམ་བཀའ་འབུམ་གྱི་ལུང་གསན། དྭགས་པོ་ལྷ་རྗེ་དང་མི་ལ་བཞད་པའི་རྡོ་རྗེ་ཡི་ཞལ་གཟིགས། དེ་ནས་བྲག་དཀར་སྤྲེའུ་རྫོང་གནས་ཀྱི་སྙན་པ་གསན་ནས་དེར་བྱོན་ཞིང་སྒྲུབ་པ་མཛད་ནས་རེ་ཞིག་བཞུགས། དེ་ནས་རེབ་གོང་གྲུབ་གནས་བརྒྱད་ལ་མཇལ་གཟིགས་བྱེད་ཆེད། ཁྲི་ཀ་བརྒྱུད་ནས་ཕེབས་ལམ་བསམ་སྦྱོར་ངན་པ་ཅན་ཞིག་གིས་དུག་ཟས་དྲང་བ་ཡིན་འདུག་ཀྱང་སྤྱན་ཡངས་སུ་བཅང་བས་མ་ཚོར། དེ་ནས་རེབ་གོང་སྟོད་ཀྱི་ཆོས་དབྱངས་སྟོབས་ལྡན་སྒར་ཁར་ཕེབས་ཏེ། ཁོང་གི་མདུན་ནས་ལུང་ཁྲིད་དུ་མ་གསན་སྐབས། ཡུམ་མཁའ་འགྲོ་ཀུན་དགའ་ཆོས་སྒྲོན་ལ་རིགས་སྲས་ཞིག་འཁྲུངས་བ། ནང་ཆེན་དེའི་སྒར་གཞིས་ནས་བསླང་པས་ཕྱིན་ཏེ་བཞག ཕྱིས་སུ་གཏེར་སྟོན་དུ་མ་རོ་གཅིག་གི་སྐྱེ་བར་གྲགས་པ་སོག་པོའི་རྒྱ་ཁྲི་ཚང་ཡིན་ནོ། དེ་ནས་གྲུབ་དབང་ཞབས་དཀར་བ་དང་གྲུབ་དབང་ནམ་མཁའ་ཚང་གཉིས་ལས་ཀྱང་དབང་ཁྲིད་དུ་མ་གསན། དེ་ནས་རེབ་གོང་གྲུབ་གནས་བརྒྱད་དུ་གནས་མཇལ་ཞུས་ནས་རྩེ་གཞུང་དམག་སར་དུ་བྱོན་ཏེ། དམག་སར་པཎྚིཏ་ཀུན་བཟང་སྟོབས་ལྡན་དབང་པོའི་མདུན་དུ་མཇལ་བར་ཕེབས་པ་ན། ཁོང་གིས་གཟིགས་མ་ཐག་ཁྱེད་ཀྱི་སྤྱན་དམར་པོར་འཁྲུགས་ཡོད། དུག་གི་རྟགས་ཡིན། ལྟོ་བ་མི་བདེ་བ་ཡོད་པ་འདྲ་གསུངས་པས། ལན་ཞིབ་པར་ཞུས་བ་ན། མྱུར་དུ་ཀརྨ་ལྷ་སྟངས་སུ་ཕེབས་དགོས། ཞེས་གསུངས་པ་ལྟར་དང་དུ་བླང་ནས་རྐང་ལམ་མགྱོགས་ཤད་ཀྱིས་ཕེབས་ནས་སྡེ་དགེའི་ཀརྨ་ལྷ་སྟངས་སུ་བྱོན་པ་ན། སྡེ་དགེའི་འཇིགས་མེད་སྐལ་བཟང་མཆོག་གིས་ཕུར་བརྒྱུད་ཀྱི་དབང་གནང་པ་དང་དུས་འཛོམ་ནས་དབང་གསན། དུག་གིས་ན་བའི་རྒྱུ་མཚན་ཞུས་པ་ན། བཀའ་གནང་ལྟར་ཞག་བདུན་དུ་སྒྲུབ་པ་མཛད་ནས་དུག་དངོས་སུ་སྤྱངས་ཏེ་སྤྲིན་དང་བྲལ་བའི་ཟླ་བ་བཞིན་དུ་གྱུར་རོ།།
དེ་ནས་གཏེར་སྟོན་བདེ་ཆེན་རྡོ་རྗེའི་ཐུགས་དགོངས་ལ། ད་སྐབས་བླ་མ་རིན་པོ་ཆེ་(ཕྱག་ཚ་རྟོགས་ལྡན་ཚང་)་ཡང་བཞུགས་མེད་པས། ཁོང་གི་ལུང་བསྟན་གྱི་མདོ་སྨད་ཀྱི་གནས་གསལ་བོ་མི་ངེས་པ་དང་། གདུལ་བྱ་ཡང་དཀོན་པར་འདུག་པས། ད་ནི་དབུས་གཙང་ཕྱོགས་སུ་སོང་ན་ཇི་འདྲ་ཡིན་སྙམ་ནས། བླ་མ་རྡོ་གྲུབ་རིན་པོ་ཆེའི་མདུན་དུ་ཞུ་བར་སོང་། གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱི་སྔར་གསུངས་ལྟར། ཁྱོད་དབུས་གཙང་ན་གདུལ་བྱ་མེད། སྐྱེས་ཕྲེང་བཅུ་གསུམ་པ་ཁྱོད་ནས་བཟུང་སྟེ་མདོ་སྨད་དུ་གདུལ་བྱ་སྐྱོང་བའི་དུས་ལ་བབས་པ་ཡིན། ཕྱག་ཚའི་ལུང་བསྟན་ལ་འཁྲུལ་བ་མེད། སྔར་ཁྱོད་ཀྱི་གནས་ངོས་མ་ཟིན་པ་ཡིན། མཚོ་སྔོན་སོག་པོ་མིན་སྟེ། རྩེ་མིང་ཅན་གྱི་སོག་པོ་ཡིན། མ་ཧཱ་དེ་ཝའི་གནས་ནི་ལྷ་མོའི་དངུལ་ཁང་རྫོང་ཡིན་པས། དེ་ནས་གནས་སྒོ་འབྱེད་ཚེ་དཔལ་གྱི་ལྷ་མོས་སྡོང་གྲོགས་བྱེད་པ་ཡིན་གསུངས་ནས། སྐུ་ཕྲེང་གསུམ་གྱི་ལུང་བསྟན་གསང་བ་ཚིག་བཅད་མ་གནང་ནས། འགྲོ་ལམ་གསལ་བའི་མུན་སེལ་སྒྲོན་མེ་ཡིན། གསུངས་ནས་ཆེད་གཉེར་གྱིས་མགོན་པོའི་ཚོགས་བདག་གི་དབང་སྩལ་ཏེ། འདི་ནི་ཁྱོད་མདོ་སྨད་དུ་འགྲོ་བའི་བྲོ་དང་ལག་ཆ་ལྟ་བུ་ཡིན་གསུངས་ནས། རྡོ་གྲུབ་རིན་པོ་ཆེའི་སློལ་ཆེན་རྡོ་རྗེ་འཛིན་པ་བཅུ་གསུམ་གྱི་གྲས་སུ་བསྔགས་པར་མཛད་དོ།། དེ་ནས་རིག་འཛིན་གཏེར་སྟོན་པ་ཁོང་སྐུ་ཡུལ་དུ་བྱོན་ནས་འགྲོ་ཆས་གྲ་སྒྲིག་བྱས་ཏེ། རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེའི་མདུན་དུ་སྐྱབས་འཇུག་ཞུས་པར། ཁོང་གིས་ཀྱང་ཕྱག་ཚ་རིན་པོ་ཆེ་དང་རྡོ་གྲུབ་ཆེན་གྱི་གསུང་ལྟར་མདོ་སྨད་དུ་ཕེབས་ན་འཕྲིན་ལས་རྒྱས་ཤིང་འགྲོ་དོན་འབྱུང་བའི་ལུང་བསྟན་སྔར་དང་འདྲ་མཚུངས་སུ་གསུངས་སོ།།
དེ་ནས་ཁོང་ཡབ་ཡུམ་གཉིས་རྩེ་གཞུང་སོག་པོ་མདའ་བཅུ་གཅིག་གི་མངའ་རིས་སུ་ཕེབས་ནས་མཐའ་ཡན་འཁྱིལ་དུ་བཞུགས། དང་པོའི་མདོ་འདི་ཀུན་མཁྱེན་གོང་མ་དབུས་ནས་ཡུལ་འདིར་དང་པོར་བྱོན་པའི་གནས་ཡིན་ཞིང་། ཁོང་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྲུལ་བ་ཡིན་པས་བྱིན་རླབས་ཀྱི་རྟེན་འབྲེལ་ལ་དགོངས་ནས། ཁོང་གིས་མ་ཎི་དུང་ཕྱུར་སྟན་ཐོག་གཅིག་ཏུ་སྒྲུབ་པ་མཛད་པ་དང་། སྨྱུང་བར་གནས་བ་སོགས་ཀྱིས་དུས་འདས་པར་མཛད། སྔོན་ཀུན་མཁྱེན་གོང་མ་དང་པོའི་མདོར་བཞུགས་སྐབས་ཕྱི་དྲོ་ཁམས་སང་ལ་བྱོན་དུས་གཟིམ་གུར་དང་ཉེ་སར་རྡོ་ཕ་བོང་ཞིག་ཡོད་པ་ལ་ནམ་རྒྱུན་སྐུ་བཅག་བྱས་པས། ཕྱི་རབས་པ་རྣམས་ཀྱིས་རྡོ་དེ་ལ་མཇལ་་མི་མང་ཞིང་ཞབས་རྗེས་ཀྱང་མཐོང་། གཏེར་རྒན་ཚང་གིས་རྡོ་དེ་མཐའ་ཡན་འཁྱིལ་འཚམ་ཁང་གཡས་ཕྱོགས་སུ། རྡོ་སྤུང་མཆོད་རྟེན་གྱི་དབྱིབས་སུ་བརྩིགས་ནས། དེའི་མདུན་དུ་རྡོ་ཁྲི་ཞིག་གི་ཁར་བཞག་ཡོད། རྡོ་འདི་ཁུར་ནས་མཆོད་རྟེན་དེ་ལ་བསྐོར་བ་ལན་གསུམ་བྱས་ན་ཕ་མའི་དྲིན་ལན་བསབ་ཐུབ་ཅེས་གསུངས་པ་ལྟར་ཡུལ་མི་རྣམས་ཀྱིས་མཇལ་སྐོར་གྱི་སྲོལ་ཐོག་མར་བྱུང་ངོ། དེ་ནས་གནས་གཟིགས་རིམ་གྱིས་མཛད་པས་ལྷ་མོའི་དངུལ་ཁང་རྫོང་གི་གནས་ནི་ཇི་གིན་གྱི་གནས་དེ་ཡིན་པར་མཁྱེན་ཏེ། སྐལ་ལྡན་རྒྱ་མཚོའི་སྒོམ་ཁང་གི་ཞོལ། ལྷ་མོའི་གནས་ཀྱི་ཕུག་པར་བཞུགས། ཡབ་རྗེ་སྐལ་ལྡན་རྒྱ་མཚོ་མཆོག་ནི་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་རྣམ་སྤྲུལ་ཡིན་པས་གནས་འདི་བྱིན་རླབས་ཆེ་གསུངས་ནས། བཅུ་གཅིག་ཞལ་གྱི་སྒོམ་བཟླས་ཟླ་དུ་མར་མཛད་པ་ན། ཐུགས་རྗེ་ཆེན་པོ་བཅུ་གཅིག་གི་ཞལ་གཟིགས་ཐོབ་ཤིང་། ཞལ་གཟིགས་པའི་ཐུགས་རྗེ་ཆེན་པོ་དེ་ཉིད་བྲག་ལ་ཐིམ་པ་གཟིགས་པས། འཕགས་པ་བཅུ་གཅིག་ཞལ་བྲག་རང་བྱོན་འབུར་དུ་ཐོན་པ་ད་ལྟ་མཇལ་རྒྱུ་ཡོད་དོ། གནས་དེར་བཞུགས་སྐབས། མདུན་གྱི་ཇི་གིན་ཨ་མཆོད་ཅེས་པའི་རི་རྩེར། རྔ་དང་དུང་གླིང་རོལ་མོའི་སྒྲ་གྲགས་པ་དང་། མེ་མཆོད་མཐོང་པ་སོགས་ཀྱི་རྐྱེན་བྱས་ཏེ་ཡུན་རིང་བརྟག་པ་ན་ཕལ་ཆེར་ཚེས་བཅུ་ནམ་ཡིན་ལ་དེ་འདྲ་གྲགས་འདུག་སྟབས། ནམ་རྒྱུན་ཡར་ངོའི་ཚེས་བཅུ་ལ་ཕེབས་ནས་ཚོགས་མཆོད་མཛད་པས། ཉིན་ཞིག་ཚོགས་མཆོད་སྐབས་ས་གཡོ་ཞིང་། འཇའ་ཚོན་གྱི་གུར་ཕིབས་པ་གཟིགས་པའི་རྐྱེན་བྱས་ཏེ་སློབ་དཔོན་རིན་པོ་ཆེའི་ཞལ་གཟིགས་ཞིང་ལུང་བསྟན་ཀྱང་ཐོབ་པས་ན། གནས་འདི་ཟངས་མདོག་དཔལ་གྱི་རི་བོ་དང་གཉིས་སུ་མེད་པའི་པདྨ་རི་ཕྱོར་ཞེས་བསྔགས་པ་ཡིན་ནོ། སྐབས་དེ་ཙམ་དུ་ཐོར་གོད་དཔོན་སྡེ་འབངས་བཅས་ལ་མནན་གཏད་ཡོད་པ་མོ་རྩིས་ནང་བབས་ནས། ཇ་སག་དཀོན་མཆོག་གིས་སྐྱབས་མཆོག་འཇིགས་མེད་རྒྱ་མཚོར་ལུང་བསྟན་ཞུས་པའི་བཀའ་ལན་དུ་སེང་གདོང་མ་དུང་ཕྱུར་སྒྲུབ་རྗེས། གཏེར་སྟོན་ཚང་བ་བསྲུང་ཟློག་བྱེད་དུ་བཅུག་ན་ལེགས་ཞེས་བཀའ་བསྩལ་བ་ལྟར། གཏེར་སྟོན་ཚང་ཐོར་གོད་དཔོན་ཚང་ནས་གདན་འདྲེན་ཞུས་ཏེ་བསྲུང་ཟློག་བྱེད་པར་གསོལ་བ་བཏབ་པ་ན། ཁོང་གིས་རྡོ་གྲུབ་རིན་པོ་ཆེའི་ལུང་བསྟན་ཐོག་ཏུ་བབས་པར་དགོངས་ནས་མགོན་པོའི་ཚོགས་བདག་གི་སྒྲུབ་པ་མཛད། དཔོན་བློན་ཀུན་གྱིས་མནན་གཏད་འདོན་པར་ནན་ཞུ་བྱས་བས། ཁོང་གི་ཞལ་གྱིས་བཞེས་ཏེ། ང་སྒྲུབ་པ་མཛད་ནས་འགྲོ་ཁོམས་མེད། མི་དྲུག་སོང་ལ་མདོ་གསུམ་གྱི་ལམ་བཞི་མདོར་མཚན་གཅིག་ལ་ཉལ་ནས་སྲུང་སྡོད་དང་མནན་གཏད་ལོན་པར་འགྱུར་རོ། ཞེས་གསུངས་པ་ལྟར་མི་དྲུག་སོང་ནས་ལམ་རྒྱ་གྲམ་སྟེང་ཉལ་བ་ན། ས་འོག་ནས་ཁྱི་སྤྱང་གི་ངུ་ཟུག་བྱེད་པ་ལྟ་བུ་ཐོས་ཤིང་། འོག་ནས་ཡར་བརྐོས་ཡོང་པའི་སྣང་བ་བྱུང་ཏེ་གཉིད་དུ་མི་སྟེར་བས། ཁོ་ཚོ་སྲུང་མི་རྣམས་ཅུང་ཕྱིར་བཀྱེད་ནས་ཉལ་བས། ཕྱིའི་ནང་མོར་གཉིད་སད་ནས་བལྟས་པ་ན། ས་ཁར་རང་ཤུགས་ཀྱིས་ཕྱིར་ཕྱུངས་ཡོད་པས། དེའི་རྒྱུ་མཚན་སྙན་དུ་གསོལ་པ་ན། གཏད་ཕྱུང་མཁན་ནི་ཕུར་སྲུང་བཅུ་གཉིས་ཡིན་པས་མ་ལུས་བར་བཏོན་ཚར་བ་ཡིན་གསུངས་པས། ཡུལ་མི་ཀུན་ཀྱང་རྩོད་་མེད་ཀྱི་དད་པ་ཐོབ་ནས་མཚན་སྙན་གྱི་གྲགས་པ་བྱུང་ངོ། དེ་ནས་རྗེའི་སྒྲུབ་ཕུག་ཏུ་ཕེབས་ཏེ་ཡུན་རིང་བཞུགས་པས། རྗེའི་ཞལ་གཟིགས་གཉིས་བ་བྱུང་། ཨ་མྱེ་རྨ་ཆེན་གྱིས་ཀྱང་བསྙེན་བསྐུར་ཞུས་པས། སྒྲུབ་ཕུག་མདུན་གཡས་ཀྱི་བྲག་རི་ལ་གནས་བཀོད་པའི་ལོ་རྒྱུས་ལྟར་ཡིན། རྗེ་གསེར་ཁང་རིན་པོ་ཆེའི་མདུན་དུ་ཡང་ཡང་བྱོན་ནས་བཀའ་ཆོས་གསན་པ་དང་། ཀུན་མཁྱེན་འཇིགས་མེད་རྒྱ་མཚོ་ཡུལ་འདིར་བྱོན་པའི་དྲུང་ནས་ཡང་ཆོས་བཀའ་དུ་མ་གསན་བཞེས་མཛད། གཙང་དགོན་དོན་གྲུབ་རབ་བརྟན་གླིང་དུ་གྲྭ་སྲི་ཞིག་བྱུང་བ་ལ། རིགས་གྲྭ་གྲུབ་ཆེན་གྱི་ཐུགས་བརྟག་ལ། གཏེར་སྟོན་ཚང་ལ་ཞུས་ན་བཟློག་ནུས་པར་གསུངས་པ་ལྟར། གདན་དྲངས་པས་རྟ་མགྲིན་ཡང་གསང་གི་སྒྲུབ་པ་མཛད་པས་གྲྭ་སྲི་ཆད་ཞིང་ལེགས་ལམ་བྱུང་བས་མཚན་སྙན་ལྷག་པར་རྒྱས།
ཤིང་བྱ་ལོར་རྗེ་གསེར་ཁང་བའི་མདུན་ནས་ལམ་རིམ་ཆེན་མོའི་ཞལ་ལུང་གསན་སྐབས། རྗེ་གསེར་ཁང་བས་ཁྱེད་ནི་གཏེར་སྟོན་ཡིན་ཟེར་མཁན་གཞན་དང་མི་འདྲ་བའི་དམ་པ་ཞིག་ཡིན་ངོས་པས། མང་ཚོགས་ལ་དགེ་བསྐུལ་རྒྱ་ཆེན་པོ་མཛོད་དང་ཁྱེད་ཀྱིས་ལས་དོན་འགྲུབ་པ་ཡིན་གསུངས། མེ་སྤྲེལ་ལོའི་ཉིན་ཞིག་ཕེབས་ལམ་ཞིག་ནས། གནའ་དུས་འབྲུག་དུང་ཞེས་གྲགས་པའམ་བྲག་ཧ་ར་ཆི་ཞེས་པའི་ས་དེར་ཞབས་ཀྱིས་བཅག་ནས་ཞག་བཞུགས་མཛད་པ་ན། ནུབ་དེར་མཚན་ལམ་དུ་གནས་བདག་དཔལ་ལྡན་ལྷ་མོ་ཡིན་ཟེར་བ་ཞིག་གིས། གནས་འདི་ནི་དཔལ་འཁོར་ལོ་བདེ་མཆོག་གི་གནས་ཡིན་པས་སྒོ་འབྱེད་པའི་དུས་ལ་྄བབས་འདུག ཁྱེད་ཀྱིས་མདུང་ལྕགས་གཏེར་མ་འདིས་གནས་སྒོ་ཕྱེ་ཤིག་ཅེས། མདུང་ལྕགས་མེའི་ཚ་ཚ་འཕྲོ་བ་ཞིག་ཕྱག་ཏུ་གཏད་ཞིང་། ལུང་བསྟན་གང་མང་གནང་བ་དང་། སྒོ་སྲུང་གསེར་ལྡན་འབར་བས་ཡང་བཀའ་བཞིན་སྒྲུབ་པར་ཞལ་གྱིས་བཞེས་བ་བྱུང་ངོ་། ཕྱིའི་ནང་བར་མནལ་སད་པ་ན། མདུན་དུ་མདུང་ལྕགས་གཏེར་མ་དང་ཐོ་བ་ཞིག་དངོས་སུ་བཞག་འདུག་པས། ཁོང་གིས་དེ་ཕྱག་ཏུ་བསྣམས་ནས་དཔོན་སློབ་ཐམས་ཅད་བྲག་ཧ་ར་ཆི་ཞེས་པ་གནས་ཀྱི་ཁྱམས་ར་དང་འདྲ་བ་དེའི་ནང་དུ་བྱིན་ནས། ཤ་རིའི་ལབ་རྩེ་བརྩིགས་ཤིང་བསང་བཏང་། ས་འདུལ་གྱི་གར་སྟབས་སྣ་ཚོགས་མཛད་ནས། ནུབ་ལ་ཕྱོགས་པའི་ཤར་ངོས་ཀྱི་བྲག་བརྐོས་པ་ན། དེ་མ་ཐག་ཏུ་ཕུག་པ་ཞིག་བྱུང་ཞིང་རིམ་གྱིས་གནས་སྒོ་ལེགས་པར་བྱེས་པ་ན། ནམ་མཁའ་འཇའ་འོད་ཀྱིས་ཁྱབ་ཞིང་། བར་སྣང་ནས་འབྲུག་སྒྲ་གྲགས། ས་སྟེང་དུ་སྦྲང་ཆར་གྱིས་གང་བ་སོགས་ངོ་མཚར་བའི་ལྟས་བཟང་དུ་མ་བྱུང་བར་གྲགས་སོ། ནང་གི་ཕོ་བྲང་དུ་བྱོན་ནས་ཡར་གཟིགས་ཚེ། ཀླད་ཀྱི་བྲག་ངོས་སུ་རྒྱལ་བ་འོད་དཔག་མེད་དང་། རྡོ་རྗེ་མཁའ་སྤྱོད་མའི་སྐུ་རང་བྱོན་ཚོན་གྱིས་བྲིས་པ་ལྟར་བཞུགས་པ་དང་། མཁའ་འགྲོའི་ཚོགས་ཁང་གི་ངོས་ཀྱི་སྟེང་ཕྱོགས་ན་དཔལ་འཁོར་ལོ་སྡོམ་པའི་སྐུ་རང་བྱོན་དུ་བཞུགས་པ་དང་། མདུན་གྱི་ཚོགས་བསྐོར་སའི་གཡང་གཞིའི་གཤོང་དུ། སྙིང་དང་གློ་བ་མཆིན་པ་སོགས་དོན་ལྔ་དང་། རྒྱུ་མ་དཀར་ནག་ནང་ཁྲོལ་སོགས་ཚང་བར་འབུར་དུ་དོད་ནས་རང་བྱོན་དུ་ཤར་ཡོད་ལ། དེའི་གོང་དུ་རྡོའི་ཚོགས་གཏོར་ཡང་མཛེས་བར་བཀོད་ཡོད། ཚོགས་ཁང་གི་ཀླད་ངོས་གནམ་རྒྱན་ལྟ་བུར་ཐོད་སྐམ་གྱི་ཕྲེང་བས་བསྐོར་བ་སོགས་རང་བྱོན་སྣ་ཚོགས་ཀྱི་མཐོང་ཚུལ་བསམ་ལས་འདས་སོ།
འཕྲིན་སྟེགས་འདིར་དོ་ཁུར་དང་བརྒྱུད་བསྐུར་གང་མང་གནང་དང་ཁྱེད་ཀྱི་ཆོས་རིག་ཀྱི་སྣང་བ་རིམ་བཞིན་རྒྱས་འོང་།