April 2021

༄༅། །མཁའ་འགྲོའི་དབང་ཕྱུག་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་གསོལ་འདེབས་རིག་པ་འཛིན་མའི་རྣ་རྒྱན་ཞེས་བྱ་བ།

༄༅། །མཁའ་འགྲོའི་དབང་ཕྱུག་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་གསོལ་འདེབས་རིག་པ་འཛིན་མའི་རྣ་རྒྱན་ཞེས་བྱ་བ།

ཐུབ་བསྟན་གངས་དཀར་ལྷུན་པོའི་ཆུ་རྒྱུན་དེ།།

ཡངས་པའི་ས་ཆེན་དུ་མར་བབས་པ་ལས།།

ཚེ་གཅིག་ཟུང་འཇུག་གྲུབ་པ་བོད་ཀྱི་ཆོས།།

གསང་སྔགས་བསྟན་པའི་ཆེ་བ་རྨད་དུ་བྱུང་།།

ས་མཐོ་རི་གཙང་ཟབ་མོའི་ཆོས་གཏེར་མང་།།

དཔའ་བོ་མཁའ་འགྲོའི་འདུ་བ་རྒྱུན་མི་ཆད།།

བསིལ་ལྡན་ལྗོངས་འདི་སྦས་པའི་ཞིང་གཅིག་སྟེ།།

ཨོ་རྒྱན་མཁའ་འགྲོའི་གླིང་དང་གཉིས་སུ་མེད།།

གདོང་དམར་ཅོལ་ཆུང་སྤྲེལ་གྱི་བུ་རྒྱུད་ལ།།

མཁའ་འགྲོ་གཏེར་སྟོན་རིག་འཛིན་གྲུབ་ཐོབ་སོགས།།

འཛམ་གླིང་ཡུལ་གྲུ་ཕལ་ལ་མ་གྲགས་པའི།།

ངོ་མཚར་སྐྱེས་ཆེན་རྒྱུ་སྐར་གྲངས་ལས་བརྒལ།།

ཡེ་ཤེས་མཚོ་རྒྱལ་མ་ཅིག་ལབ་ཀྱི་སྒྲོན།།

ཀུན་དགའ་འབུམ་དང་ཇོ་མོ་སྨན་མོ་སོགས།།

འབྲེལ་ཚད་མཁའ་སྤྱོད་ཞིང་དུ་ཁྲིད་པ་ཡི།།

མི་དང་མི་མིན་བར་གྱི་དེད་དཔོན་མང་།།

སྐྲ་ལོའི་ཉག་མས་གཏེར་གྱི་སྒྲོམ་བུ་འབྱེད།།

བརྡ་དང་གླུ་ཡིས་དུས་གསུམ་ལུང་དུ་སྟོན།།

ཟབ་མོ་གསང་ཆེན་ཆོས་ཀྱི་ལྡེ་མིག་ལ།།

དབང་བའི་རིགས་བཟང་ལྷ་མོ་ཞིང་འདིའི་རྒྱན།།

མཁའ་སྤྱོད་ཞིང་དུ་འཕུར་བའི་འགྲོས་ཀྱིས་གཤེགས།།

འདི་ཕྱིའི་བར་ལ་འཕྲིན་གྱི་སྐྱེལ་མ་མཛད།།

གནས་ཡུལ་དུར་ཁྲོད་ཚོགས་ཀྱི་ཕུད་ལ་དབང་།།

སྔགས་སྐྱེས་རིག་འཛིན་མཁའ་འགྲོའི་ཆེ་བ་མང་།།

འཇམ་དབྱངས་ཐུགས་སྲོག་མུ༵་ཡིག་ཟླ་བའི་མདངས།།

མཚུངས་མེད་བླ་མའི་ཐུགས་རྗེའི་འོད་ཟེར་གྱིས།།

ཡང་ཡང་བསྐུལ་བས་མཁའ་འགྲོ་རྒྱ་མཚོ༵་ཡི།།

གཙུག་གི་མེ་ཏོག་མདོ་ཁམས་ཕྱོགས་སུ་བབས།།

གངས་ཅན་སྐྱེ་འགྲོའི་ཤ་དང་ཁྲག་གི་རྒྱུན།།

འཕགས་མའི་སྐུ་ཡི་རྒྱུད་ལས་ཆད་པས་ན།།

བརྩེ་ཆེན་མ་དེའི་ཐུགས་རྗེའི་སྒྲོན་མེ་གཅིག།

དུས་མཐའི་མུན་པའི་ཁྲོད་ནས་སླར་ཡང་འབར།།

སྣང་ས་འོད་འབུམ་མི་འགྱུར་དཔལ་སྒྲོན་དང་།།  

འཕྲིན་ལས་ཆོས་སྒྲོན་གོ་འཇོ་མཁའ་འགྲོ་སོགས།།   

རྨད་བྱུང་སྤྲུལ་བའི་མཛད་པ་དུ་མ་ཡིས།།

བྱམས་བརྩེའི་པང་ནས་འགྲོ་འདི་འདོར་མ་མྱོང་།།

ཆུང་ངུའི་དུས་ནས་དག་པའི་བག་ཆགས་སད།།

རྩི་ཤིང་ནགས་ཚལ་ལོ་འདབ་རེ་རེའི་རྩེར།།

མྱ་ངན་མེད་མཆོག་ཆོས་ཀྱི་རྒྱལ་པོ་ཡི།།

མཐོང་གྲོལ་མཚན་དཔེའི་ཞལ་བཟང་ཡང་ཡང་མཇལ།།

ཁྱབ་བདག་བླ་མ་འཇམ་པའི་རྡོ་རྗེ་དང་།།

སྐྱེ་བའི་ཕྲེང་བར་སྨོན་ལམ་ལས་ཀྱིས་འབྲེལ།།

དོན་བརྒྱུད་རྟོགས་པའི་ཉི་མ་སྙིང་ནས་ཤར།།

ཤེས་བྱའི་ཆོས་ལ་ཐེ་ཚོམ་མུན་པ་སངས།།

ཆོས་བརྒྱད་ཆགས་སྡང་གཏམ་གྱི་ཚིག་ཟུར་མེད།།

དོན་ཆུང་བྲེལ་འཚུབ་བྱ་བའི་གཡེང་བ་སྤངས།།

དམ་ཆོས་བྱང་ཆུབ་ཁོ་ནར་ཐུགས་འདུན་ཕྱོགས།།

ཁྱེད་ནི་ཐར་འདོད་སྐྱེ་བོའི་རྟེན་ས་ཡིན།།

ངེས་འབྱུང་ཆར་གྱིས་བརླན་པའི་སྐྱེད་ཚལ་དུ།།

བསླབ་གསུམ་པདྨོའི་འདབ་སྟོང་རྒྱས་པ་ལས།།

འདུལ་འཛིན་བུང་བས་འཕུར་ལྡིང་ཕྱོགས་དེར་རྩེ།།

ཁྱེད་ནི་ངུར་སྨྲིག་འཛིན་པའི་འཁོར་ས་ཡིན།།

མཐོན་པོའི་དཔོན་ལ་ངོ་སྲུང་བསྟོད་བསྔགས་མེད།།

དམའ་མོའི་དུད་འགྲོ་ཡན་ཆད་བརྩེ་བས་སྐྱོང་།།

ཐུགས་རྗེ་ཟླ་བའི་འོད་དཀར་ཀུན་ནས་སྙོམ།།

ཁྱེད་ནི་རྒྱལ་སྲས་སེམས་མའི་མིག་ལྟོས་ཡིན།།

འཇིགས་རུང་དུར་ཁྲོད་བརྒྱད་ཀྱི་ཚོགས་ཁང་ན།།

བརྟུལ་ཞུགས་གྲུབ་པའི་དཔའ་བོ་མཁའ་འགྲོ་ཡིས།།

མི་རྐང་གླིང་བུ་སིང་སིང་འབུད་པའི་དུས།།

ཁྱེད་ནི་གནས་ཡུལ་མཁའ་འགྲོའི་ཚོགས་དཔོན་ཡིན།།

བརྒྱུད་གསུམ་བླ་མའི་བྱིན་རླབས་གངས་ཀྱི་རི།།

དད་གུས་ཉི་མའི་འོད་ཀྱིས་ཞུ་བ་ལས།།

སྨིན་གྲོལ་ཆུ་བོས་ཐུགས་ཀྱི་རྒྱ་མཚོ་གང་།།

ཁྱེད་ནི་མཚུངས་མེད་བླ་མའི་རྒྱལ་ཚབ་ཡིན།།

འདོད་རྒུའི་རེ་བ་སྩོལ་བའི་ཡིད་བཞིན་ནོར།།

ལྷོ་གླིང་འཛིན་མའི་རྒྱན་དུ་མ་བཞུགས་ཀྱང་།།

ཐུགས་ཀྱི་དགོངས་པ་འཕོ་ས་ཁྱེད་ཡིན་པས།།

ཁྱེད་ནི་ང་ཅག་སློབ་མའི་སེམས་རྟེན་ཡིན།།

བྱ་རྒྱལ་ཐང་དཀར་རྒོད་པོའི་འཕུར་འགྲོས་ཀྱིས།།    

བམ་ཆེན་ཚོགས་ཀྱི་འཁོར་ལོར་དགྱེས་རོལ་བའི།།  

ཤ་ཟ་མཁའ་འགྲོ་འབུམ་གྱི་གཙོ་མོར་བཞུགས།།

མུ་མེད་ཡེ་ཤེས་མཚོ་མོར་གསོལ་བ་འདེབས།།

རྣལ་འབྱོར་རིག་འཛིན་གྲུབ་པའི་ཚོགས་ཁང་ཉུལ།།      

དཀར་ནག་ལས་ལ་ཚར་གཅོད་རྗེས་སུ་འཛིན།།

དམ་ཚིག་མཁའ་འགྲོ་རྒྱ་མཚོའི་གཙུག་ན་བརྗིད།།

མུ་མེད་ཡེ་ཤེས་མཚོ་མོར་གསོལ་བ་འདེབས།།  

བོད་ཡུལ་གྲུབ་པའི་གནས་ཆེན་དུ་མ་ན།།

པདྨའི་ཟབ་གཏེར་སྲུང་བའི་བཀའ་ཉན་མ།།

བསྟན་སྲུང་མ་མོ་མཁའ་འགྲོའི་སྙིང་གི་ནོར།།

མུ་མེད་ཡེ་ཤེས་མཚོ་མོར་གསོལ་བ་འདེབས།།

ལྷ་ཡི་དར་དཔྱངས་རིན་ཆེན་རྒྱན་ཆས་མཛེས།།

མེ་ཏོག་ཚལ་ན་རྫུ་འཕྲུལ་གར་གྱིས་རྩེ།།

མཁའ་སྤྱོད་ཞིང་གི་མཁའ་འགྲོ་བྱེ་བའི་ཚབ།།

མུ་མེད་ཡེ་ཤེས་མཚོ་མོར་གསོལ་བ་འདེབས།།

ཆུང་ནས་བཟུང་སྟེ་དམ་པའི་ཆོས་ལ་མོས།།  

དད་དང་དམ་ཚིག་གཙང་མས་ཐུགས་རྒྱུད་མཛེས།།  

ཞིང་སྐྱེས་རིགས་བཟང་མཁའ་འགྲོའི་དད་པའི་རྟེན།།

མུ་མེད་ཡེ་ཤེས་མཚོ་མོར་གསོལ་བ་འདེབས།།

མཐའ་དག་འགྲོ་ལ་ཐུགས་རྗེ་སྙོམ་པའི་མ།།

སྒྲོལ་མ་དཀར་མོ་ཉིད་དང་དབྱེར་མེད་དུ།།

མུ་མེད་ཡེ་ཤེས་མཚོ་མོར་གསོལ་བ་འདེབས།།

བྱང་ཆུབ་སེམས་ཀྱིས་རང་རྒྱུད་ཐུལ་བར་ཤོག།

རྒྱལ་ཀུན་ཚངས་དབྱངས་གསུང་གི་ཡོན་ཏན་གཟུགས།།

ངག་དབང་དབྱངས་ཅན་ལྷ་དང་དབྱེར་མེད་དུ།།

མུ་མེད་ཡེ་ཤེས་མཚོ་མོར་གསོལ་བ་འདེབས།།

ཐོས་བསམ་སྒོམ་པའི་ཤེས་རབ་འཕེལ་བར་ཤོག།

ཨུཏྤལ་མདའ་གཞུས་ཕྱག་རྒྱས་སྲིད་གསུམ་འགུགས།།

རིགས་བྱེད་དབང་མོ་ཉིད་དང་དབྱེར་མེད་དུ།།

མུ་མེད་ཡེ་ཤེས་མཚོ་མོར་གསོལ་བ་འདེབས།།

བསླབ་པ་གསུམ་གྱི་དཔལ་ལ་དབང་བར་ཤོག།

ཨོ་རྒྱན་རིག་འཛིན་མཁའ་འགྲོའི་གཙུག་གི་རྒྱན།།

རྡོ་རྗེ་ཕག་མོ་ཉིད་དང་དབྱེར་མེད་དུ།།

མུ་མེད་ཡེ་ཤེས་མཚོ་མོར་གསོལ་བ་འདེབས།།

ལྟ་སྒོམ་སྤྱོད་པའི་རྩལ་ཆེན་རྫོགས་པར་ཤོག།

གངས་ཅན་འགྲོ་ལ་ཐུགས་བརྩེ་མི་གཡེལ་བའི།།

ཡེ་ཤེས་མཚོ་རྒྱལ་ཉིད་དང་དབྱེར་མེད་དུ།།

མུ་མེད་ཡེ་ཤེས་མཚོ་མོར་གསོལ་བ་འདེབས།།

ལྷ་དང་བླ་མའི་ཐུགས་དགོངས་ལོན་པར་ཤོག།

མཚུངས་མེད་བླ་མའི་ཞབས་པད་ཡུན་ཏུ་བརྟན།།

སྨིན་གྲོལ་ཆོས་ཀྱི་དགའ་སྟོན་ཉམས་པ་མེད།།

སྙན་གྲགས་དབྱར་གྱི་རྔ་སྒྲས་སྐྱེ་རྒུའི་ཡིད།།  

ཐར་ལམ་ཞི་བའི་ཕྱོགས་སུ་ཁྲིད་པར་ཤོག།

བདག་ཀྱང་སྐྱེ་བའི་ལུས་རྟེན་འདི་ཉིད་དུ།།   

ཡེ་ཤེས་མཁའ་འགྲོས་འབྲལ་མེད་རྗེས་བཟུང་ཞིང་།།    

དམ་ཆོས་སྒྲོན་མེའི་འོད་སྣང་དཀར་པོ་ལ།།     

འགལ་རྐྱེན་རླུང་གིས་གཡོ་འགུལ་མེད་པ་དང་།།

 སྟོང་གཟུགས་སྒྱུ་མའི་ལུས་འདི་རྗེ་བའི་ཉིན།།

གནས་ཡུལ་མཁའ་འགྲོའི་གཙོ་མོ་ཁྱེད་ཉིད་ཀྱིས།།  

ནུབ་ཕྱོགས་བདེ་ལྡན་དག་པའི་ཞིང་ཁམས་ཀྱི།།

མཚུངས་མེད་བླ་མའི་དྲུང་དུ་ཁྲིད་པར་ཤོག།

ཅེས་པ་འདི་དར་རྩེ་མདོ་བྱང་པ་རྡོ་རྗེ་བྲག་གི་དགོན་དུ་སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་འདྲེན་མཆོག་བླ་མ་དམ་པ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་གང་གི་སྐྱབས་འོག་པ་འཆི་མེད་རིག་འཛིན་གྱིས་རང་ལྟ་བུའི་བརྩམས་ཚིག་ལ་བྱིན་རླབས་དང་དགོས་པ་མེད་པར་ཤེས་ཀྱང་། སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་ཅན་གྱི་རྩ་བའི་བླ་མ་དམ་པ་དག་གི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་འགལ་བའི་ཉེས་སྒྲིབ་མཐའ་དག་དག་ཅིང་།   ཐུགས་ཀྱི་དགོངས་པ་ཟབ་མོ་ཚུལ་བཞིན་ལོན་པའི་རྟེན་འབྲེལ་བཟང་པོའི་མཚམས་སྦྱོར་དུ་དམིགས་ཏེ་སྨྲས་པ་གཞན་ལ་ཡི་གེར་ཕབ་ཏུ་བཅུག་པ་སྟེ།  དགེ་བས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་མཆོག་འཁོར་ལོའི་མགོན་པོ་རྣམ་གཉིས་ཀྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།  །།

Leave a Reply

Your email address will not be published. Required fields are marked *