༄།།རེབ་གོང་སྔགས་མང་གི་འབེལ་གཏམ་ལུགས་གཉིས་གསལ་བའི་མེ་ལོང་ཞེས་བྱ་བཞུགས་སོ།
༄།།རེབ་གོང་སྔགས་མང་གི་འབེལ་གཏམ་ལུགས་གཉིས་གསལ་བའི་མེ་ལོང་ཞེས་བྱ་བཞུགས་སོ།
ཨོཾ་སྭ་སྟི།
ཚོགས་གཉིས་ཆུ་གཏེར་ཡུན་དུ་བསྲུབས་པ་ལས།།
དོན་གཉིས་འོད་དཀར་བརྙེས་པའི་བསིལ་ཟེར་གྱིས།།
འཛིན་མའི་ཁྱོན་ཀུན་འགེངས་བའི་ཐུབ་དབང་གིས།།
དགེ་ལེགས་སྣང་བའི་མེ་ཏོག་ཆར་དུ་སྙིལ།།
སོ་ཐར་སྡོམ་པའི་རྩ་བ་ཤིན་ཏུ་བརྟན།།
གཞན་ཕན་བྱང་ཆུབ་སེམས་ཀྱི་ཁོ་ལག་རྒྱས།།
གསང་སྔགས་སྡོམ་པའི་དྲི་བསུང་ཕྱོགས་བཅུར་འཐུལ།།
སློབ་དཔོན་མཚོ་སྐྱེས་རྡོ་རྗེས་རྟག་ཏུ་སྐྱོངས།།
གྲུབ་ཐོབ་བརྒྱད་ཅུ་རྗེ་འབངས་ཉི་ཤུ་ལྔ།།
སོ་ཟུར་གནུབས་གཉགས་གཏེར་ཆེན་བརྒྱ་རྩ་དང་།།
གཏེར་ཕྲན་སྟོང་རྩས་ཉམས་རྟོགས་ཡོན་ཏན་སྤོར།།
རོང་ཀློང་རྣམ་གཉིས་འཇིགས་མེད་གླིང་པ་དང་།།
སྨིན་གླིང་གཏེར་བདག་གླིང་པ་ཡབ་སྲས་དང་།།
མཁྱེན་བརྩེ་ཀོང་སྤྲུལ་མི་ཕམ་ལ་སོགས་པའི།།
སྔ་འགྱུར་མཁས་དབང་ཚོགས་ཀྱིས་ཤེས་རབ་སྩོལ།།
རྒྱུད་སྡེའི་གསང་མཛོད་དཔལ་ལྡན་བཀྲ་ཤིས་དང།།
ཁྱུང་དགོན་གྲུབ་དབང་མག་སར་ཞབས་དཀར་པ།།
ཆོས་དབྱིངས་སྟོབས་ལྡན་རྩ་བའི་བླ་མ་སོགས།།
མཁས་གྲུབ་གསེར་རིའི་ཕྲེང་བར་གུས་ཕྱག་བརྩེགས།།
འོ་ལགས་སོ།།ད་དེ་རིང་སྟོན་འཁོར་ལྷན་འཛོམས་ཀྱི་བཀྲ་ཤིས་པའི་ཉིན་མོ་འདིར།ཕྱི་ནང་གི་རྟེན་འབྲེལ་རང་འགྲིགས་སུ་སོང་ནས།བླ་སློབ་ཡོན་བདག་གི་དད་པ་དང་དམ་ཚིག་གཙང་ཞིང་གཤིས་རྒྱུད་འཇམ་པ། ལས་སྨོན་གྱི་འཕྲོ་བཟང་པ། ཚོགས་གཉིས་ཀྱི་རྒྱ་མཚོ་འཕེལ་ཞིང་ཉམས་རྟོགས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་པ། བཟང་ངན་གྱི་འབྲེལ་བ་ཐོགས་ཚད་ཀྱི་རྒྱུད་ལ་ཐར་བའི་ས་བོན་སྐྲུན་པ། ལྷ་དང་བླ་མའི་བྱིན་རླབས་ཀྱི་ན་བུན་འཐུལ་པ། སྔ་འགྱུར་རྙིང་མ་པའི་ཕ་ཆོས་གནམ་ལྕགས་ཀྱི་རལ་གྲི། ནང་རྒྱུད་སྡེ་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་དང་སྦྱོར་སྒྲོལ་ཟབ་མོ་ལ་མངའ་དབང་འབྱོར་པའི་སྔ་འགྱུར་ཆེ་བ་དྲུག་ལྡན་གྱི་གོས་དཀར་ལྕང་ལོའི་སྡེའི་དགེ་འདུན་འདུས་པ་རྒྱ་མཚོ་གོང་དུ་གྲལ་བསྒྲིགས། ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གཉན་པོ་ཞལ་ཕྱེ། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག། བར་ན་སྨན་རག་བདུད་རྩིའི་མཚོ་མ་བསྐམས། འོག་ན་མ་དང་མཁའ་འགྲོའི་ཞལ་རླངས་མ་ཡལ། ཆོས་ཀྱི་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ། བརྒྱུད་པ་དྲུག་ལྡན་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པ། འགྲོ་དྲུག་གནས་ནས་འདྲེན་པའི་ཐབས་ཟབ་མོ། ཚིག་ཙམ་རྣ་བར་ཐོས་པས་གྲོལ་བའི་ཕན་ཡོན་ལྡན་པ། མཐའ་ན་གསང་སྔགས་ཟབ་མོའི་ཆོས་ལ་ཡིད་ཆེས་དང་གཏོང་ཕོད་ལྡན་པའི་བསྟན་པའི་སྦྱིན་བདག་བགྲང་གིས་མི་ལངས་པ་འཛོམས་པའི་གྲལ་གྱི་དབུས་སུ། ང་ཞུ་བ་པོ་སྐྱེས་སྦྱངས་ཀྱི་ཤེས་རབ་ནར་མ་སོན་པས་ཞུ་མི་ཤེས་ཀྱང་། རེབ་གོང་སྔགས་མང་གིས་བཀའ་གནམ་ལྕགས་ཀྱི་རལ་གྲི་ལག་ལ་བཞག། གསུང་རིན་ཆེན་གྱི་ཕྲེང་པ་སྐེ་ལ་བསྐོན། རིག་འཛིན་འདུས་པ་རྒྱ་མཚོའི་དགེ་སྐོས་ལ་བཞག་པའི་མི། བཙུགས་པའི་ཤིང་། ཆོས་ཁྲིམས་དར་གྱི་མདུད་པའི་ཁྲིམས་འཇོག་མཁན་ཡིན་དུས། ཁྱེད་མཁས་དབང་རིག་པ་འཛིན་པ་རྣམས་ཀྱི་སྙན་དབང་གསེར་གྱི་པདྨོ་བཞད་པའི་དྲུང་དེར། མཁས་པ་དགྱེས་པའི་ལེགས་བཤད། བླུན་པོ་དགའ་བའི་ཚིག། ཐམས་ཅད་མགུ་བའི་དོན་ཡོད་པ་ཞིག་བཤད་ན། ཇི་སྐད་དུ། ལོ་རྒྱུས་དོན་གྱིས་མ་བཤད་ན།།གསང་ཆེན་ངེས་པའི་བཀའ་འདི་ལ།། ཡིད་མི་ཆེས་པའི་སྐྱོན་དུ་འགྱུར།། ཞེས་གསུངས་པ་ལྟར་ཡིན་པས་ཞི་ཁྲོའི་ལོ་རྒྱུས་ནི། ཨོ་རྒྱན་སངས་རྒྱས་གཉིས་པའི་གཏེར་ལུང་ལས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ནིཿསྤེལ་བར་ཕངས་པས་རིན་ཆེན་གཏེར་དུ་སྦསཿཨེ་མ་དེ་ཉིད་འདོན་པའི་སྐལ་ལྡན་རིགས་ཀྱི་བུཿམདོག་དཀར་གཟུགས་རིང་སྨྲ་མེད་ཁྲོ་བོའི་དབྱིབསཿརེས་འགའ་ངམ་ནག་གླེན་པ་ལྟ་བུ་ལཿརེས་འགའ་གཏད་མེད་བྱིས་པའི་རྣམ་པ་ཅནཿམ་དང་མཁའ་འགྲོ་འདུ་བ་རིགས་ཀྱི་བུཿདད་པ་སྟོབས་ཆེན་ཤེས་རབ་དབང་པོ་རྣོཿམི་སེམས་མི་འཛིན་དཔའ་བོའི་ཚུལ་འཛིན་པཿའབྲུག་སྦྲུལ་ལོ་པ་དཔལ་གྱི་མིང་ཅན་འབྱུངཿདེ་ཉིད་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་ནོཿ
ཞེས་དང་། ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མའི་དུསཿདེ་དུས་འདི་འདྲའི་གདམས་པ་མེད་པ་ཀུནཿངན་སོང་གནས་སུ་འགྲོ་བར་ཐེ་ཚོམ་མེདཿདེ་ཕྱིར་སྙིགས་མའི་སེམས་ཅན་ལ་ཕན་ཕྱིརཿཡི་གེར་བཏབ་ནས་སྒམ་པོའི་རི་ལ་སྦསཿདེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་གཅིགཿཕ་མ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུངཿཀརྨ་གླིང་པ་ཞེས་བྱའི་སྙིང་སྟོབས་ཅནཿབརླ་གཡས་སྨེ་བ་ཡེ་ཤེས་སྤྱན་འདྲའི་མཚནཿའབྲག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོའི་རིགསཿསྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོགཿཅེས་པ་ལྟར་དྭགས་པོའི་ཡུལ་གྱི་སྟོད་གྲོང་ཁྱེར་གྲུབ་ཅེས་པར་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་ཆེ་ཤོས་རབ་བྱུང་དྲུག་པའི་ནང་སྐོར་འབྲུག་སྦྲུལ་ལོ་པ་གང་རུང་དུ་སྐུ་འཁྲུངས། ཕ་ཡབ་ཉི་ཟླ་སངས་རྒྱས་ནི་དགུང་ལོ་བརྒྱ་དང་ཉི་ཤུའམ་ལོ་རྒྱུས་འགའ་ཞིག་ལས་ཉིས་བརྒྱར་བཞུགས་པར་བཤད་པས་གང་ལྟར་ཡང་འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པའི་གྲུབ་ཆེན་ཞིག་ཡིན། རྟེན་སྔགས་འཆང་། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པས་མངོན་ཤེས་དང་ཕྲིན་ལས་གང་ལའང་ཐོགས་པ་མེད་པའི་བདག་ཉིད་མངའ། དགུང་ལོ་བཅོ་ལྔ་པར་ལུང་བསྟན་དང་རྟེན་འབྲེལ་འཛོམས་ཏེ་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་ཞི་ཁྲོ་དགོངས་པ་རང་གྲོལ་དང་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སོགས་གཏེར་ནས་སྤྱན་དྲངས། སྐུའི་སྲས་ཉི་ཟླ་ཆོས་རྗེ་དང་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་སོགས་ལུང་ཟིན་གྱི་གཏེར་སློབ་བཅུ་བཞི་ལ་པདྨ་ཞི་ཁྲོའི་སྐོར་དང་ཐུན་མོང་གི་རྫོགས་རིམ་བར་དོ་དྲུག་ཁྲིད་སོགས་གནང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྐོར་རྣམས་བཀའ་རྒྱ་དམ་པས་སྲས་ཁོ་ན་ལ་བཀའ་ཕལ་ཆེར་ཐོབ། བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་ལས་སྤེལ་མི་ཉན་པའི་བཀའ་རྒྱས་བཏབ། ཉི་ཟླ་ཆོས་རྗེས་མཁས་གྲུབ་ཉི་ཟླ་འོད་ཟེར་ལ་གནང་། དེས་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ལ་གནང་། ཕྱིས་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ཆོས་སྒོ་སྐྱེལ་དུ་ཕེབས་ནས་དབང་བཞི་ཡོངས་རྫོགས་དང་འོག་སྒོ་བདེ་ཆེན་སྐོར་གནང་བས་ཆོས་འདིའི་བཀའ་བབས། བརྒྱུད་པ་གསུམ་པ་ཡིན་པས་ཁྱབ་བརྡལ་དུ་སྤེལ་བའི་བྱེད་པོར་ལུང་བསྟན་པ་ལྟར། སྐུ་ཚེ་སྟོད་ལ་དབང་བསྡུས་པ་གཏོར་དབང་རེག་པ་དོན་ལྡན་དང་ཆོ་གའི་ཕྱག་ལེན་བསྡུས་པ་སྤེལ་བ་རཏྣ་གླིང་པའི་གཏེར་སློབ་དགོངས་འདུས་པ་ཆོས་ཀྱི་རྒྱལ་མཚན་པ་ནས་བྱ་བྲལ་བློ་གྲོས་རྒྱ་མཚོ་ལ་བརྒྱུད་དེ་ཟུར་མང་ལུགས་བྱུང་། བར་དུ་དབང་འབྲིང་པོ་འགྲོ་དྲུག་རང་གྲོལ་དང་ཆོ་གའི་ཕྱག་ལེན་འབྲིང་པོ་མཛད་པའི་རྒྱུན་རིག་འཛིན་སངས་རྒྱས་བཀྲ་ཤིས་ནས་བརྒྱུད་དེ་སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ་དང་ཧེ་པ་ཆོས་འབྱུང་སོགས་ཀྱི་བཀའ་སྲོལ་ཀཿ་ཐོག་ལུགས་བྱུང་། སྐུ་ཚེ་སྨད་ལ་དབང་རྒྱས་པ་འཕྲད་ཚད་རང་གྲོལ་དང་ཆོས་བཀའ་ཡོངས་རྫོགས་གསན་པས་དབང་བཞི་ཁྲིད་དང་སྦྲེལ་ཞིང་ཆོ་གའི་ཕྱག་ལེན་རྒྱས་པ་མཛད་ཅིང་ཉིད་ཀྱི་གདན་ས་པ་སྤྲུལ་སྐུ་ཐུགས་རྗེ་འོད་ཟེར་ནས་བརྒྱུད་དེ།མཁས་གྲུབ་ཀརྨ་ཆགས་མེད་ཀྱི་བཀའ་སྲོལ་གནས་མདོ་ལུགས་བྱུང་།བརྒྱུད་པ་དེ་གསུམ་ཀའང་ལུགས་སྲོལ་འདིར་ཚང་བ་ཡིན།གཏེར་ལུང་ལས།མི་རབས་གསུམ་དུ་གཅིག་བརྒྱུད་གྱིསཿདེ་ནས་འགྲོ་དོན་དཔག་མེད་འབྱུངཿཞེས་དང་། དེས་ཀྱང་བརྒྱུད་པ་གསུམ་གྱི་བར་དག་ཏུཿཞི་ཁྲོ་དགོངས་པ་རང་གྲོལ་ཆོས་སྐོར་རྣམསཿརླུང་ཕྱོགས་ཙམ་ཡང་སུ་ལ་བསྒྲག་མི་རུངཿགལ་ཏེ་བསྒྲགས་ན་བར་ཆོད་འབྱུང་ཏ་རེཿ་ཞེས་དང་། འགྲོ་དོན་བྱང་ཀོང་བྲག་ལོང་ཡུལ་དུ་འགྲིམཿཀརྨ་གླིང་པའི་འགྲོ་དོན་བྱང་ཕྱོགས་འབྱུངཿཞེས་པ་ལྟར་བཀའ་རྒྱ་བཀྲོལ་ནས་རྒྱ་ཆེར་འཕེལ་བ་ཡིན་ཏེ། དབུས་གཙང་ཁམས་ཨ་མདོ་ཕྱོགས་སོ་སོར་དབང་ལུང་ཁྲིད་ཀྱི་ཕྲིན་ལས་ད་ལྟའི་བར་དར་རྒྱས་སུ་བཞུགས། སྟག་བླ་པདྨ་མ་ཏི་ནས་སྟག་བུ་ལུགས་དང་། ཧེ་པ་ཆོས་འབྱུང་ནས་ཀཿཐོག་ལུགས་དང་། ལྕགས་མདུད་ཤེས་རབ་རྒྱལ་མཚན་ནས་ཉག་ལུགས་དང་། གསེར་པ་ཡེ་ཤེས་སེངྒེ་ནས་གསེར་པའི་ལུགས་ལ་སོགས་པ་དུ་མ་འཕེལ་ལོ།། དེའང་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱི་མཐར་ཐུག་པ། བསྐྱེད་རྫོགས་ཟུང་འཇུག་གི་ཐེག་པ། སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་ཆོས་སྡེ། ཨོ་རྒྱན་དུས་གསུམ་མཁྱེན་པའི་བཀའ་ལུང་དྲི་མ་མེད་པ། བརྒྱུད་པ་དྲུག་ལྡན་གྱི་རིག་འཛིན་བླ་མའི་གསེར་ཟམ་མ་ཆད་པ། ཟབ་གཏེར་ཌཱ་ཀི་འབུམ་གྱི་ཞལ་རླངས་ཀྱི་དྲོད་མ་ཡལ་པ། འབྲེལ་ཚད་དོན་ལྡན་དུ་གྱུར་པའི་ཟབ་ཆོས་དགོངས་པ་རང་གྲོལ་འདི་རིག་འཛིན་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཕ་ཆོས་ཟབ་མོ། སྔ་འགྱུར་གཏེར་མའི་ཉིང་ཁུ།དམ་པ་གོང་མའི་ཐུགས་དམ་གྱི་མཐིལ། གཅིག་ཤེས་ཀུན་གྲོལ་གྱི་གདམས་པ། རང་གཞན་ཀུན་གྱི་ཉམས་ལེན་ཡིན་པས་ཡིད་ཆེས་པའི་གནས་སུ་ལགས་སོ།། འདིའི་དབང་རྒྱས་འབྲིང་བསྡུས་གསུམ་གང་རུང་ངམ་གསུམ་ཀས་རང་རྒྱུད་སྨིན་པའི་རིག་པ་འཛིན་པ་རྣམས་ཀྱིས་དམ་ཚིག་བསྲུང་རྒྱུ་གལ་ཆེ་སྟེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་སྟེ།། ཞེས་དང་།དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན།། སྐྱེ་བ་བཅུ་དྲུག་དག་ནས་འགྲུབ།། ཞེས་གསུངས་པ་ལྟར་དམ་ཚིག་བསྲུང་ན་ཕན་ཡོན་ཆེ་ཞིང་། མ་བསྲུང་ན་ཉེས་པ་ཆེ་བའི་ཕྱིར་ན་སྤྱི་དང་བྱེ་བྲག་ཁྱད་པར་གྱི་དམ་ཚིག་རྣམས་མ་ཉམས་པར་བསྲུང་པ་གནད་ཆེ་བས།ཞི་ཁྲོའི་སྒྲུབ་མཆོད་ཆེན་མོ་འདི་དང་འབྲེལ་བའི་དམ་ཚིག་ནི། ཀུན་མཁྱེན་མི་ཕམ་རྒྱ་མཚོས། རལ་པའི་ཁ་དོག་གནག་ཅིང་འཚེར་བ་འདི།།ཆོས་སྐུ་མི་འགྱུར་སྟོང་པ་ཆེན་པོའི་བརྡ།། རལ་བའི་ལན་བུ་དཔག་ཏུ་མེད་པ་འདི།། གཟུགས་སྐུ་གཉིས་ཀྱིས་ཚད་མེད་ཐུགས་རྗེའི་བརྡ།། རལ་བའི་ཐོར་ཅོག་སྤྱི་བོར་བཅིངས་པ་འདི།། བླ་མ་འབྲལ་མེད་སྤྱི་བོར་བསྒོམས་པའི་བརྡ།། རལ་བའི་ལན་ཆེན་ལྔ་བཅུ་རྩ་བརྒྱད་འདི།། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས་པའི་གནས།། ལན་ཕྲན་གྲངས་མེད་དཔག་ཏུ་མེད་པ་འདི།། མཁའ་འགྲོ་བྱེ་བ་འབུམ་སྡེ་བཞུགས་པའི་གནས།། ཐོར་ཅོག་བྱས་ན་སྔགས་འཆང་མཛེས་པའི་རྒྱན།། སིལ་བུར་ཁྲོལ་ན་སྔགས་འཆང་བརྗིད་པའི་ཆོས།།ཐོད་དུ་དཀྲིས་ན་ཉི་ལྷག་སྐྱོབ་པའི་ཐབས།། ས་ལ་གདབ་ན་དགྲ་བགེགས་གཞོམ་པར་འགྱུར།། སྔོན་བྱོན་གྲུབ་ཐོབ་གོང་མའི་ཆ་ལུགས་ཡིན།། ཨོ་རྒྱན་པདྨ་འབྱུང་གནས་རྗེས་འཇུག་ཡིན།། ཐབས་ཀྱི་མཚོན་དོན་གཡས་སུ་གཅུས་གྱུར་ནས།། ཤེས་རབ་མཚོན་དོན་གཡོན་དུ་དཀྲིས་པ་ཡིན།། རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་གི་ཚུལ།། གནད་དུ་བསྣུན་ལས་ཡེ་ཤེས་འཆར་བའི་ལམ།། མ་རྙེད་རལ་བའི་ཁུར་འཆང་བུད་མེད་ལུས།། བསྟེན་པ་ཙམ་གྱིས་སུ་ཞིག་སྔགས་པར་འགྱུར།། ཞེས་དང་།
ཀུན་མཁྱེན་འཇིགས་མེད་གླིང་པས། རལ་པ་ཐོར་ཚུགས་ཀྱི་ལན་བུ་ཅན།། གསང་སྔགས་ཀྱི་བསྟན་པ་དར་བ་དང་།། སྣང་བ་ཟིལ་གནོན་གྱི་རྟེན་འབྲེལ་ཡིན།། ལེགས་འདོད་དང་ཚུལ་འཆོས་བྱས་སྙམ་མེད།། ཅེས་དང་། མཁའ་ཀློང་ཡངས་པའི་རྒྱུད་ལས།མ་བཅོས་བཞི་ལྡན་རྣལ་འབྱོར་མཆོག། སྐྲ་ནི་མ་བཅོས་ལྕང་ལོ་ལ།།གོས་ནི་མ་བཅོས་དཀར་པོ་སྟེ།། སེམས་ནི་མ་བཅོས་གཉུག་མ་ལ།། རྒྱན་ནི་མ་བཅོས་ཆོས་བརྒྱད་ལྡན།། ཞེས་མ་བཅོས་བཞི་ལྡན་གྱི་རྣལ་འབྱོར་དང་། ཡང་ན་སྐྲ་མ་བཅོས་པ་ལན་བུའམ་སིལ་བུ། གོས་མ་བཅོས་པ་དཀར་པོ།སེམས་ཉིད་མ་བཅོས་པ་གཉུག་མའམ་སྤྱོད་ལམ་མ་བཅོས་པ་གཏད་མེད་བྱུང་རྒྱལ་ཡིན་པར་ཤེས་ནས་གསང་བ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་གོས་སོགས་རྒྱུད་དང་དམ་པ་གོང་མའི་ཕྱག་སྲོལ་དང་མཐུན་པར་ཚང་རྒྱུ་གལ་ཆེ་སྟེ། རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཁྲུངས་ཞེས་པ་ལྟར། མ་དག་ཐ་མལ་གྱི་བག་ཆགས་རང་སར་དག།རིག་པ་ཡེ་ཤེས་ཀྱི་རྩལ་རྫོགས།སྣང་སྲིད་ཟིལ་གྱིས་གནོན།མི་དང་མི་མ་ཡིན་དབང་དུ་འདུ། ཕྲིན་ལས་རབ་འབྱམས་འགྲུབ་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ།། གཞན་ཡང་རྡོར་དྲིལ་དང་ཌཱ་མ་རུ་བགྲང་འཕྲེང་སོགས་མཁོ་བའི་ཡོ་བྱད་རྣམས་མ་དང་མཁའ་འགྲོ་འདུ་བའི་དམ་ཚིག་གི་རྫས་ཡིན་པས་འཛོམས་དགོས།བླ་མ་དང་གྲུབ་མཐའི་ཆགས་སྡང་གིས་ཕྱོགས་རིས་བྱེད་པ། ཚོགས་སུ་ལོང་གཏམ་སྨྲ་བ།འཇིག་རྟེན་པ་མ་དད་པར་འགྱུར་བའི་བག་མེད་ཀྱི་སྤྱོད་པ་བྱེད་པ། རང་བསྟོད་གཞན་སྨད་ཀྱི་ཆགས་སྡང་རང་མཚན་པ།གྱོད་ཁ་མཆུ། དགེ་འདུན་ནང་འཁྲུགས་ཀྱི་རྩོད་པ།ཐ་མལ་གྱི་སྐྱ་ཆོས།མ་རབས་ངན་སྤྱོད་རྣམས་སྤངས་ཏེ།ཕན་ཚུན་གཅིག་གིས་གཅིག་ལ་དད་པ་དང་དག་སྣང་། དམན་པ་ལ་བརྩེ་བ།རྡོ་རྗེ་སློབ་དཔོན་དང་དགོན་པའི་ལས་སྣེ་པ་རྣམས་ལ་གུས་བརྩི་དང་བཀའ་དང་ལེན།སྤྱི་ཕན་གྱི་བསམ་བློ།བསྟན་པ་ལ་ཤ་ཞེན།མདོར་ན་དགེ་སྐོས་ཀྱི་བཀའ་ཆོས་བཞིན་རྒྱུད་སྡེ་བཞིན་གསུང་པ་ལ་དང་ལེན་དང་རྗེས་སུ་ཡི་རངས་པས་ཁ་ལགས་སོ་དང་ལུས་གུས་པའི་རྣམ་འགྱུར་སྟོན་པ།གྲལ་གྱི་མགོ་རྔ་ཚང་མ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་ཡ་ཡོ་མེད་པར་བསྒྲིག། རྒྱབ་ནས་བལྟས་ན་གོར་གོར་རྔ་འདྲ་བ།མདུན་ནས་བལྟས་ན་གྲིས་བཅད་པ་ལྟ་བུ།སྐུ་ལུས་ཀྱི་བཞུགས་སྟངས་དྲང་པ།
སྐུ་ཟིལ་ཆེ་བ། བྱིན་རླབས་ཀྱི་གཟི་བྱིན་འཐུལ་པ། དད་ལྡན་དང་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས།མཇལ་ན་མི་མཐུན་པ་མེད་པ། འདོན་རྟ་སྔ་ཕྱི་དང་སྐད་གདངས་མཐོ་དམན་མེད་པར་དབུ་མཛད་དང་བསྟུན་ཤེས་པ། བསྐྱེད་རིམ་གསལ་འདེབས་རྗོད་པ་ཚིག་གི་སྒོ་ཡིན་པས། ཚིག་རྗེས་དོན་དྲན་གྱི་འདོན་པ་སྒྲ་ཁ་གསལ་ལ་སྙན་པ།ཀུན་གྱི་ཡིད་དུ་འོང་བ། སྲོག་སྡོམ་གཟེར་བཞིས་ཟིན་པའི་བསྙེན་པ་དལ་བྲེལ་དང་མཐོ་དམན་རན་པ། དག་དང་མ་དག་བརྒྱ་འགྱུར་དང་ཏིང་འཛིན་ཡོད་མེད་འབུམ་འགྱུར་ཡིན་པས་སྒྲ་དག་པ།ཆད་ལྷག་མེད་པ། ཕྱག་རྒྱ་གསལ་བ། དག་རྫོགས་སྨིན་གསུམ་གྱི་བསྐྱེད་རིམ།ཐུན་མོང་གི་བསྐྱེད་རིམ་བར་དོ་དྲུག་དང་། རྩ་ཐིག་རླུང་གསུམ་གྱི་རྫོགས་རིམ་མཚན་བཅས་དང་། མཚན་མེད་རྣལ་འབྱོར་གྱི་རྫོགས་རིམ་འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་དང་ཐོད་རྒལ། གར་ཐིག་དབྱངས་གསུམ་གྱི་ཕྱག་ལེན།འབུད་དཀྲོལ་རྡུང་གསུམ་གྱི་རོལ་མོ། མན་ངག་གི་ཞལ་ཤེས་རྣམས་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བའམ། ཡང་ན་ནང་རྒྱུད་སྡེ་གསུམ་གང་རུང་གི་ལྟ་བའམ། གཞུང་འདི་མ་ཧཱ་ཡོ་ག་ཡིན་པས་སྣང་སྲིད་དག་མཉམ་གྱི་ལྟ་བས་རྒྱས་འདེབས་པ་གལ་ཆེ་བས་ལྟ་བ་དེས་གཞི་བཟུང་། སྒོམ་པས་ངང་སྐྱོང་། སྤྱོད་པས་བོགས་དབྱུང་། དམ་ཚིག་ལས་མི་འདའ་བར། མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འབྱིན་པའི་ཐབས་སུ་ཁུངས་རྒྱུད་སྡེ་ལ་གཏུགས་ཤིང་ཨོ་རྒྱན་སངས་རྒྱས་གཉིས་པའི་མན་ངག་དང་མྱོང་བས་བརྒྱན་པའི་སྔ་འགྱུར་གྱི་དམ་པ་གོང་མའི་ཕྱག་སྲོལ་ལྟར་མཛད་རྒྱུ་དང་། མ་ཚད་རྟོགས་པ་ལྷ་དང་མཉམ་རུང་སྤྱོད་པ་མི་དང་བསྟུན། ལྟ་བ་ནམ་མཁའ་དང་མཉམ་རུང་སྤྱོད་པ་བག་ཕྱེ་ལྟར་ཞིབ་དགོས་པས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ། མི་རིགས་མཐུན་སྒྲིལ་ལ་གནོད་པ། སྤྱི་ཚོགས་འཆམས་མཐུན་ལ་གཏོར་བཤིགས། འཚོ་བ་ཡར་རྒྱས་ཀྱི་བཀག་རྡོ། ཚན་རིག་དང་འཛུགས་སྐྲུན་གཏོར་བརླག། རང་གཞན་གྱི་མདུན་ལམ་ལ་གནོད་འཚེ། སྤྱི་ཚོགས་བདེ་འཇགས་བཅས་ལ་གནོད་པའི་བསམ་སྦྱོར་སྤངས་ཏེ། དུས་རབས་གསར་བའི་ཁ་ཕྱོགས་དང་མཐུན་པའི་སྙིགས་དོར་བཅུད་ལེན་གྱིས་ཡུལ་སྲོལ་གོམས་གཤིས་ཇེ་ལེགས་དང་སྤུས་ཀ་ཡོད་པ།གནའ་དེང་གི་རིག་གནས་ལ་སློབ་སྦྱོང་དང་། ཚན་རིག་དང་མཐུན་པའི་ནང་ཆོས་སྤེལ་བ། དེང་རབས་ཀྱི་མིའི་བསམ་བློ་དང་མི་འགལ་བ། རྒྱལ་གཅེས། ཆོས་གཅེས། དམངས་གཅེས་ཀྱིས་རྒྱལ་ཁྲིམས་དང་མི་འགལ་བར་ཆོས་སྒྲུབ་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ཡུན་རིང་དུ་གནས་ཏེ་བསྟན་འགྲོའི་རྒུད་པ་སེལ་ཞིང་ཐམས་ཅད་ཞི་བདེའི་དཔལ་ལ་ལོངས་སྤྱོད་པའི་ཐུགས་སྨོན་མཛད་རོགས་ཞུ།
སླར་སྨྲས་པ།
ཆོས་དབྱིངས་མཐའ་བྲལ་སྟོང་པའི་ནམ་མཁའ་རུ།།
འོད་གསལ་ཡེ་ཤེས་ཉིན་མོར་བྱེད་པའི་གཟིས།།
མ་རིག་མུན་པའི་བདུད་དཔུང་མཐར་བྱེད་པའི།།
བརྒྱུད་གསུམ་རིག་འཛིན་བླ་མས་སླར་ཡང་སྐྱོངས།།
བདག་ཅག་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ།།
སྔ་འགྱུར་རིག་འཛིན་བརྒྱུད་པས་རྗེས་གཟུང་སྟེ།།
བསྟན་དང་འགྲོ་བའི་དོན་ཆེན་རབ་འགྲུབ་པའི།།
རྡོ་རྗེ་འཛིན་པའི་ས་མཆོག་འཐོབ་པར་ཤོག།
ལུས་ལ་གོས་དཀར་ལྕང་ལོའི་བཀྲ་ཤིས་ཤོག།
ངག་ལ་རྒྱུད་སྡེ་བཞི་ཡི་བཀྲ་ཤིས་ཤོག།
སེམས་ལ་དགའ་བ་བཞི་ཡི་བཀྲ་ཤིས་ཤོག།
ཀུན་ལ་དག་པ་རབ་འབྱམས་བཀྲ་ཤིས་ཤོག།
སྡོམ་པ་གསུམ་ལྡན་གོས་དཀར་ལྕང་ལོའི་སྡེ།།
འདུས་པའི་ཚོགས་ཀྱིས་གནས་འདིར་ཡོངས་གང་ཞིང་།།
ཐོས་བསམ་སྒོམ་པས་རྡོ་རྗེ་ཐེག་པ་ཡི།།
བསྟན་པ་ཐ་གྲུར་ཁྱབ་པའི་བཀྲ་ཤིས་ཤོག།
ཅེས་རེབ་གོང་སྔགས་མང་གི་འབེལ་གཏམ་འདིའང་དམོད་པ་དྲག་སྔགས་ལ་བཀའ་བབས་པའི་རིག་འཛིན་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དགེ་སྐོས་ཆེན་མོའི་ལས་ཐོག་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་སྔགས་འཆང་རྡོ་རྗེ་དབང་རྒྱལ་གྱིས་བསྐུལ་པ་དོན་ཡོད་པར་བྱ་བའི་ཕྱིར་དུ་སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་རིག་འཛིན་གྱི་མྱུ་གུ་མཁའ་སྤྱོད་བཞད་པའི་རྡོ་རྗེའམ་ཁྲོཾ་སྨྱོན་ཧེ་རུ་ཀས་མགྱོགས་པོར་བྲིས་པའི་དགེ་བས་རེབ་གོང་སྔགས་མང་གི་བསྟན་པ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག།།།