November 2019

ན་རྒ་འཆི་མེད་ཀྱི་ཨ་ཕོ་ལྕང་ལོ་ཅན།
ན་མོ་མ་ཧཱ་གུ་རུ་ཤྲཱིཿཨེ་མ་ཧོ༔
༼༡༽
སྔོ་བསངས་བུ་མོའི་གཞིན་ལ་མ་ཆགས་ཤིང་།།
རྟ་བདུན་དབང་པོའི་དྲོད་ལ་མ་རེ་ནས།།
ཀུ་མུད་གཉེན་ལ་མ་བལྟས་སྒྱུ་ལུས་གར།།
ཨེ་ཝཾ་མཁྱེན་བརྩེའི་རིག་པ་ཤིན་ཏུ་གསལ།།
༼༢༽
ནམ་མཁའི་ཀློང་རལ་སྙམ་པའི་འཇིགས་སྣང་མེད།།
རྒྱ་མཚོའི་ཀླུང་ཡངས་སྐམ་པའི་དྭོགས་སྐྲག་མེད།།
མི་འདོད་དགྲ་གཅན་སྡུག་པའི་གནོད་པ་མེད།།
འཇིགས་མེད་རྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ལགས།།
༼༣༽
རྨད་བྱུང་ཛམ་གླིང་སྒང་ན་ལུང་རིགས་བདག།
ཀུན་བཟང་གཡུ་རལ་རྒྱས་པའི་སེང་ཕྲུག་ང་།།
ན་རྒས་ཉེར་འཚེའི་འབུ་སྲིན་རབ་དབེན་ཕྱིར།།
གང་ཤར་ཐོལ་བྱུང་མྱུར་བྲིས་ཐོགས་པ་མེད།།
༼༤༽
ལོག་སྨྲའི་ལྟ་ངན་འཇོམས་པའི་སེང་ཆེན་ཡིན།།
རིགས་པའི་གད་རྒྱངས་སྒྲོག་མཁས་སེང་གདངས་ཡིན།།
གངས་ལྗོངས་ལྷ་འབངས་སྐྱོང་བའི་སེང་རྒྱལ་ཡིན།།
སེང་ལྕམ་བརྩེ་བའི་ཉི་གཞོན་འཛུམ་མདངས་གསལ།།
༼༥༽
རྒྱལ་བསྟན་རིན་ཆེན་འཛིན་པའི་སྲོག་ཤིང་ཆེ།།
སྔ་འགྱུར་བཀའ་གཏེར་སྐྱོང་བའི་བསྟན་སྲུང་ཆེ།།
གཏེར་གསར་ཕྱོགས་དུས་སྤེལ་བའི་དེད་དཔོན་ཆེ།།
ཆེ་ཆོས་ཀུན་བཟང་ཕྲིན་ལས་བགྲེས་རྒུད་བྲལ།།
༼༦༽
མཁྱེན་པ་ནམ་མཁའི་མཐའ་བཞིན་ཀུན་ལ་ཁྱབ།།
འོད་གསལ་ལུང་རིགས་རྒྱུ་སྐར་ཉི་ཟླ་བཀྲ།།
ཕན་བདེས་སྣང་བ་སྦྱིན་པའི་དགེ་ཚོགས་ཤིས།།
བདེ་ལེགས་ཀུན་བཟང་དྲན་པ་བརྗེད་ལྐུགས་བྲལ།།
༼༧༽
ཨེ་ཝཾ་ཉི་ཟླས་འགྲོ་ཀུན་ཆོས་སྒོ་འབྱེད།།
ཕན་བདེའི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་སྤེལ།།
འཛམ་གླིང་ཞི་བདེའི་འོད་སྣང་རྟག་གསལ་ནས།།
མ་རིག་མུན་སེལ་འོད་གསལ་ཕུང་པོ་ལགས།།
༼༨༽
དབུ་ནག་ལྕང་ལོ་དར་མས་སྐུ་ལུས་གཏམས།།
བཞི་བཅུའི་དུང་སོ་དཔུང་མཉམ་མ་རལ་བརྟས།།
ཀུན་རྟོག་བརྒྱད་བཅུའི་རྒྱུ་བ་མ་འགགས་ཕྱིར།།
སྙན་ངག་མྱུར་བྲིས་བགྱི་བར་ཐོགས་མེད་ལགས།།
༼༩༽
ལ་དྭགས་གངས་ཀྱི་ར་བའི་བར་གསེང་ནས།།
ལྷག་བསམ་གངས་ལས་དཀར་བའི་གངས་ཅན་པ།།
འཇམ་དཔལ་གངས་ལ་གཏོར་བའི་འབྲས་དཀར་འདིས།།
མཁས་དབང་དམ་པའི་སྐུ་ཚེ་བརྟན་གྱུར་ཅིག།
ཅེས་རབ་གནས་ས་ཕག་ཐ་སྐར་ཟླ་ཚེ་ངན་པར་སྟོན་གླུའི་མཇུག་བྱང་དུ་དྲ་གྲོགས་ཤིག་གིས་མི་ཚེ་རིང་ན། མྱུར་བྲིས་མི་ཐུབ་པ་ཞིག་མི་འོང་ངམ། ཞེས་པའི་ལན་དུ་ཚིག་ཇ་ཁམ་གང་གི་ཚེ་དབྱིན་ཡུལ་ཨེ་ཝཾ་སྦྲང་རྩིའི་ཟ་ཁང་ནས་ཤྲཱིཿསྨྱོན་ཨེ་མ་ཧོས་བདེ་མྱུར་ཏུ་བྲིས་པར་དགེའོ།། །།

Leave a Reply

Your email address will not be published. Required fields are marked *