སློབ་དཔོན་པདྨས་མཁའ་འགྲོའི་ཚོགས་དཔོན་མཛད་པའི་ཚེས་བཅུའི་དུས་ཆེན།
སློབ་དཔོན་པདྨས་མཁའ་འགྲོའི་ཚོགས་དཔོན་མཛད་པའི་ཚེས་བཅུའི་དུས་ཆེན།
ཚེས་བཅུའི་ཕན་ཡོན་སྡུག་བསྔལ་ཀུན་སེལ་ལས།
ཨེ་མ་ཧོ༔ སྤྲུལ་པའི་ཕ་གཅིག་པདྨ་ང་ལ་ཉོན༔ ད་དུས་བསྐལ་པ་བཟང་ཞིང་བསོད་ནམས་དར༔ སྙིགས་མའི་དུས་ན་སྡིག་སྤྱོད་འགྲོ་བ་རྣམས༔ ངན་འགྲོའི་གནས་འགྲིམས་ཐར་པ་ཐོབ་པར་དཀའ༔ དེ་དོན་པདྨ་བདག་གིས་རྟོགས་གྱུར་ནས༔ ཕྱི་རབས་དོན་དུ་ཟབ་མོ་སྙིང་པོའི་བཅུད༔ བདེ་གཤེགས་རྣམས་ཀྱི་ཐུགས་ཀྱི་ཚལ་པ་རྣམས༔ ཤར་ལྷོ་ནུབ་བྱང་སྟོད་སྨད་ཐམས་ཅད་དུ༔ རིན་ཆེན་གཏེར་དུ་སྦས་ནས་བཀའ་རྒྱས་བཏབ༔ དུས་མཐར་སྨོན་ལམ་ལས་དག་སྐྱེས་བུ་ཡི༔ ཆ་ལུགས་མ་ངེས་སྤྲུལ་པའི་སྐུ་མཆོག་འགས༔ ཐར་ཐོར་འབྱུང་ཞིང་ཟབ་གཏེར་རྒྱ་བཀྲོལ་ཏེ༔ འགྲོ་བ་འགའ་ཞིག་ཐར་པའི་ལམ་བཀོད་ནས༔ སྐྱེས་བུ་རྣམས་ནི་ཞིང་ཁམས་ཕྱོགས་ཕྱོགས་གཤེགས༔ དེ་དུས་པདྨ་ང་ནི་ལྷོ་ནུབ་ཏུ༔ མ་རུངས་སྲིན་པོའི་ཁ་གནོན་བྱེད་པར་འགྱུར༔ ཕྱི་རབས་དུས་ཀྱི་ལས་ལྡན་སྐྱེས་བུ་དང༔ དམ་ཆོས་སྤྱོད་པའི་རྣལ་འབྱོར་ཕོ་མོ་རྣམས༔ དུས་བཟང་ཡར་གྱི་མར་ངོའི་ཚེས་བཅུའི་དུས༔ ང་ལ་མོས་ན་ཚེས་བཅུའི་མཆོད་པ་གྱིས༔ དམ་རྫས་གཏོར་མ་རིན་ཆེན་འབར་བ་ཤོམས༔ ཚིག་བདུན་གསོལ་འདེབས་སྙན་པའི་དབྱངས་ཀྱིས་བོས༔ མཆོད་པ་བཤམས་ཤིང་མོས་གུས་གདུང་ཤུགས་ཀྱིས༔ སྙིང་ཁོང་རུས་པའི་གཏིང་ནས་ང་ཉིད་ལ༔ གསོལ་བ་བཏབ་ན་པདྨ་ང་ཉིད་ཀྱིས༔ ཟངས་མདོག་དཔལ་གྱི་རི་བོ་རྩེ་མོ་ནས༔ ཁྱེའུ་ངུས་པ་ཕ་མས་མི་བཟོད་ལྟར༔ བརྩེ་བར་བསམས་ནས་དད་ལྡན་ཚོགས་ཁང་དུ༔ སྤྲུལ་པ་དུ་མ་སྣ་ཚོགས་ཆ་ལུགས་སུ༔བསྒྱུར་ནས་འོང་བས་དེ་དོན་གོ་བར་གྱིས༔ དེ་དུས་སྨོན་ལམ་གང་བཏབ་འགྲུབ་པ་དང༔ བྱིན་རླབས་ཞུགས་པའི་རྟགས་ནི་སྣ་ཚོགས་འབྱུང༔ ཁྱད་པར་བག་དྲོ་ཉམས་དགའ་ཤེས་པ་གསལ༔ ཏིང་འཛིན་ཐང་ལྷོད་མེད་པ་འབྱུང༔ དེ་དུས་ང་ཉིད་ཕེབས་རྟགས་ཡིན༔ དེ་དུས་ང་ལ་གུས་པ་གྱིས༔ རབ་ཀྱིས་བསྐྱེད་རྫོགས་གནས་ལུགས་རྟོགས༔ ཕྱི་ནང་གསང་བའི་སྒྲུབ་པ་ཚུགས༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ འགྲོ་དྲུག་ཐུགས་རྗེས་འདྲེན་པ་ཡི༔ ལས་འབྲེལ་སྨོན་ལམ་རྒྱ་ཆེན་ཐོབ༔ འབྲིང་གིས་ལུས་ངག་ཡིད་གསུམ་གྱི༔ སྒྲིབ་སྦྱང་ལས་ལ་བརྩོན་པར་གྱིས༔ བཀའ་ཡི་གསུང་སྒྲོགས་མཆོད་རྟེན་བཞེངས༔ བསྙེན་པར་གནས་དང་ཚྭ་ཚྭ་གདབ༔ སྲོག་བླུ་ཉ་སྟོན་བྱ་བ་དང༔ ལམ་འཕྲང་བཅོས་དང་ཟམ་པ་འཛུགས༔ དགེ་འདུན་མཆོད་དང་བསྐོར་བ་དང༔ རང་རང་གང་མོས་དགེ་བ་གྱིས༔ བདག་ལ་གུས་པས་གསོལ་བ་ཐོབ༔ ཐ་མས་ཚེས་བཅུ་ནམ་ཤར་ཚེ༔ སྲོག་གཅོད་སྡིག་པའི་ལས་མ་བྱེད༔ མདོར་ན་ཡར་ངོའི་ཚེས་བཅུའི་ཉིན༔རབ་འབྲིང་ཐ་མའི་གང་ཟག་གིས༔ སངས་རྒྱས་མཆོད་དང་སེམས་ཅན་གསོ༔ ཐ་ནའང་སྙིང་པོ་གུ་རུ་སིདྡྷི་དང༔ ཡི་གེ་འབྲུ་གཅིག་གུས་པར་བྲིས༔ སྙིང་རྗེའི་སེམས་ཀྱིས་ཆུ་ཕོར་གང༔ སྦྱིན་པ་བཏང་བ་ཐམས་ཅད་ཀུན༔ པདྨ་འབྱུང་གནས་དུས་མཆོད་ཡིན༔ དེ་དུས་ང་ཡི་སྨོན་ལམ་གྱིས༔ དགེ་བ་ཅི་འགྲུབ་འབུམ་འགྱུར་ལམ༔ ང་ཡིས་ཐུགས་རྗེས་རྒྱུན་དུ་སྐྱོབ༔ དེ་དོན་གོ་འམ་སྐལ་ལྡན་ཚོ༔ སྐལ་མེད་ལོག་ལྟ་ཅན་ལ་ཅི་ཆ་ཡོད༔ ང་ཡི་ཐུགས་རྗེའི་གདུལ་བྱ་ཡིས༔ཡིད་ལ་ཟུང་ཞིག་རྗེས་འཇུག་རྣམས༔ ང་ཡི་གསུང་གིས་གདུལ་བྱ་ཡི༔ བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ རྒྱལ་ཁྲིམས་ཆོས་ཁྲིམས་བཟང་པོ་ཚུགས༔ དཔེ་ལུང་རྣམ་ཐར་བཟང་པོ་སྐྱོངས༔ ཕྱོགས་ཞེན་ཕུགས་སུ་བཅུག་པ་ཡིས༔སེམས་ཅན་སྡུག་བསྔལ་ལས་མ་གསོག༔ སངས་རྒྱས་བསྟན་པ་ཐུན་མོང་བ༔ ཀུན་ལ་དག་སྣང་ཕྱོགས་མེད་གྱིས༔བཀའ་དང་རྒྱུད་ལུང་མན་ངག་གོ༔ ཕྱི་ནང་གསང་བའི་སྒྲུབ་པ་ཚུགས༔ རང་རང་མོས་པའི་དམ་ཆོས་ལ༔ ལྷག་ཆད་བཅོས་བསླད་མེད་པར་སྒྲུབས༔ དེ་ལྟར་བྱས་ན་བོད་ཡུལ་འདིར༔ བདེ་སྐྱིད་ལྡན་པར་ཐེ་ཚོམ་མེད༔ ཅེས་གསུངས་སོ༔ ཚེས་བཅུའི་ཕན་ཡོན་སྡུག་བསྔལ་ཀུན་སེལ་འདི༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མདོར་བསྡུས་པ༔ ཟངས་ཡག་བྲག་གི་གཏེར་མའོ༔