འཇམ་དབྱངས་བསྟོད་པ་བྱིན་རླབས་གཏེར་མཛོད།
༒འཇམ་དབྱངས་བསྟོད་པ་བྱིན་རླབས་གཏེར་མཛོད།
ན་མོ་གུ་རུ་མཉྫུ་ཤྲཱི་ཛྙཱ་ན་སྭ་ར་སྭཱ་སྟི་ཡེ།།
༼༡༽
བཅོམ་ལྡན་འདས་ཀྱི་དཔལ་ཡོན་ཅན།།
རྗེ་བཙུན་མགོན་པོ་འཇམ་པའི་དབྱངས།།
བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་བའི།།
ཨེ་ཝཾ་ཉི་ཟླའི་འོད་སྣང་རྒྱལ།།
༼༢༽
སྣང་སྲིད་རྣམ་དག་ཡེ་ཤེས་ལ།།
མཁྱེན་བརྩེ་ནུས་པའི་འོད་རབ་གསལ།།
ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས།།
ཐུགས་དམ་གླེགས་བམ་འཛིན་ལ་བསྟོད།།
༼༣༽
འགྲོ་རྣམས་སྲིད་པའི་བཙོན་ར་ནས།།
མ་རིག་མུན་འཐིབས་སྡུག་བསྔལ་གྱིས་།།
ཤིན་ཏུ་གཟིར་བའི་འགྲོ་ཚོགས་ཀུན།།
ཀུན་བཟང་ཞིང་དུ་འདྲེན་པར་བསྟོད།།
༼༤༽
འགྲོ་ཀུན་བུ་གཅིག་ལྟར་བརྩེ་ཞིང་།།
ཚངས་དབྱངས་ཡན་ལག་དྲུག་ཅུ་ཡི།།
དབྱངས་ལྡན་གསུང་ནི་འབྲུག་ལྟར་སྒྲོག།།
འོད་གསལ་སྙིང་གི་ཉི་མ་རྒྱལ།།
༼༥༽
ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་།།
ཉོན་མོངས་གཉིད་ལས་སློང་མཁས་པ།།
བདུད་བགེགས་མ་རིག་མུན་སེལ་བའི།།
ཀུན་བཟང་ཞིང་གི་ཟླ་བ་རྒྱལ།།
༼༦༽
ལས་ཉོན་སྡུག་བསྔལ་མྱུ་གུའི་ཚོགས།།
ཇི་སྙེད་མ་ལུས་གཅོད་མཛད་པའི།།
མཁྱེན་རབ་རལ་གྲི་མེ་འབར་བསྣམས།།
སྐལ་བཟང་ཞིང་གི་སྐར་མ་རྒྱལ།།
༼༧༽
ཀ་དག་གདོད་མའི་ངོ་བོ་ལས།།
ལྷུན་གྲུབ་དག་པའི་རང་བཞིན་གསལ།།
ཟུང་འཇུག་ཡེ་ཤེས་ཐུགས་རྗེའི་བདག།
འཇམ་དཔལ་ངེས་ཤེས་སྒྲོན་མེ་རྒྱལ།།
༼༨༽
མཚན་དཔེས་སྐུ་ཡི་ཡོན་ཏན་བཀྲ།།
ཚངས་དབྱངས་གསུང་གི་སྙན་ངག་ཤིས།།
རྣམ་མཁྱེན་ཐུགས་ཀྱི་ཁྱབ་བདག་མཆོག།
བདག་བློའི་མུན་སེལ་བླ་མ་རྒྱལ།།
༼༩༽
རྒྱལ་སྲས་འཇམ་དཔལ་གཞོན་ནུའི་གར།།
རིག་འཛིན་དབྱངས་ཅན་ལྷ་མོའི་དཔལ།།
ཨེ་ཝཾ་བདེ་ཆེན་རིག་པའི་དབྱིངས།།
བུདྡྷ་ཛྙཱ་ནའི་བསྟན་པ་རྒྱལ།།
༼༡༠༽
བསམ་བློ་མ་ལུས་ཆོས་སུ་འགྲོ།།
དམ་ཆོས་མ་ལུས་ལམ་དུ་འགྲོ།།
ལམ་གྱི་འཁྲུལ་བ་མ་ལུས་སེལ།།
འཁྲུལ་སྣང་མ་ལུས་ཡེ་ཤེས་ཤོག།
ཅེས་པ་འདི་ཡང་རབ་གནས་ལྕགས་གླང་གི་ཆོས་འཁོར་དུས་ཆེན་གྱི་དཀར་ཕྱོགས་རྒྱལ་བ་དང་པོ་ཟླ་དཀར་ཀྱི་ཐོ་རངས་ཁར་ངོས་ལ་དད་གུས་དག་སྣང་གི་མིག་ཆུ་ཀློང་ནས་གསོལ་བ་འདེབས་འཁན་སོགས་ཀྱི་རྐྱེན་ལས་གང་ཤར་རིག་པའི་ཀློང་ནས་བྱུང་བ་དག་ལ་བཅོས་བསྒྱུར་རྡུལ་ཙམ་མེད་པར་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་བྲིས་པར་དགེའོ།།།།