July 2021

རིག་ཚན་ཉེར་གཅིག་ལ་བྱང་ཆུབ་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོ། 

རིག་ཚན་ཉེར་གཅིག་ལ་བྱང་ཆུབ་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོ། 

ཆོས་ཀུ༷ན་མཉམ་པ་ཉིད་ལ་མཁྱེ༷ན་རྩལ་རྫོགས།།

གང་ལས་མི༷་ཕ༷མ་བཞི་ལས་རྣ༷མ་པར་རྒྱ༷ལ།།

རྟོགས་པ་རྒྱ༷་མཚོ༷་སྤོབས་པའི་གཏེར་ཆེན་གྲོལ།།

འཇམ་དབྱངས་བླ་མས་ཀུན་ཏུ་ཤིས་པ་སྩོལ།། 

ཞེས་མཆོད་ཚིག་ཉུང་ངུ་ངག་གི་མདུན་བསུས་ཏེ་འདིར་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་རྩོམ་ཁྲོད་བཅུ་ཕྲག་རིག་པའི་ཆོས་ཆ་ཚང་བར་བཞུགས་པ་རྣམས་རིག་ཚན་ཉེར་གཅིག་ཏུ་དབྱེ་ན་འདི་ལྟར། 

༡ བྱུང་བ་རིག་པ། 

འཕགས་པ་བཀྲིས་བརྒྱད་པའི་ཚིགས་སུ་བཅད་པས་སྔོན་དྲངས་ཏེ།

བྱང་ཆུབ་སེམས་པ་ཉེ་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ། སྔ་འགྱུར་རྙིང་མའི་རྒྱུད་ཀྱི་བྱུང་ཚུལ་ལ་དོགས་སེལ། ཐུབ་ཆོག་བྱིན་རླབས་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། གསང་སྔགས་བཤད་སྒྲུབ་ཆོས་གླིང་གི་རྟེན་དང་བརྟེན་པའི་གནས་ཚུལ་ཅུང་ཟད་བརྗོད་པ་ནོར་བུའི་མེ་ལོང་། མཛོད་ཆེན་བདུན་པར་དུ་བསྒྲུབ་པའི་དཀར་ཆགས་རིན་ཆེན་མེ་ལོང་། རོང་ཟོམ་གསུང་འབུམ་དཀར་ཆགས་མེ་ཏོག་ཕྲེང་བ། དཔལ་སྤྲུལ་གསུང་འབུམ་གྱི་བཞུགས་བྱང་འདོད་འབྱུང་རིན་པོ་ཆེའི་མེ་ཏོག །གནས་དུས་དང་བསྟན་པའི་ཕུན་སུམ་ཚོགས་པ་ལྔའི་བཤད་པ། སེང་གེ་སྒྲ་གཟུངས་ཀྱི་ལོ་རྒྱུས། མཐོང་གྲོལ་ཞྭ་ཡི་འབེལ་གཏམ། 

༢ ལུགས་ཀྱི་རིག་པ། 

རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན། ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ། ཡུལ་མའི་རྣམས་ལ་གཏམ་དུ་བྱ་བ། དུས་མཐའི་སྔགས་བཙུན་རྣམས་ལ་སྙིང་གཏམ་དུ་བགྱིས་པ་ནོར་བུའི་ཕྲེང་བ། དགེ་སྦྱོང་རྣམས་ལ་གཏམ་དུ་བྱ་བ་སྒྱུ་མའི་ལམ་ཁྱེར་གནད་བསྡུས། བཙུན་ཆུང་རྣམས་ལ་གཏམ་དུ་བྱ་བ་བདུད་རྩིའི་ཐིགས་ཕྲེང་། དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ། སྒྲུབ་བརྩོན་རྣལ་འབྱོར་པ་རྣམས་ལ་གཏམ་དུ་བྱ་བ། གྲོགས་དང་གཏམ་གླེང་བའི་རྐྱེན་ལས་མཚར་གཏམ་དུ་བྱས་པ། ལུགས་ཟུང་བླང་དོར་གྱི་བསླབ་བྱ་ཉུང་ངུ་། གངས་ཅན་པ་སྤྱི་དང་ཁྱད་པར་རྙིང་མ་པ་རྣམས་ལ་གདམས་པ། 

༣ བརྟག་ཐབས་རིག་པ། 

བརྟག་པ་སྣ་ཚོགས་པའི་སྐོར་ནོར་བུའི་མེ་ལོང་། གཏེར་སྟོན་བརྟག་པ་ཆུ་དྭངས་ནོར་བུ། སྦྱིན་བསྲེག་གི་པྲ་ལ་བརྟག་པ། མར་མེ་བརྟག་པ། ཐོད་བརྟག་ནོར་བུའི་ལག་སྟེར། པྲ་ལ་དམོད་པ་འགོག་པའི་གཏམ་དྲང་སྲོང་རྣ་རྒྱན། འཇམ་དཔལ་དཔའ་བོ་ལ་བརྟེན་ནས་པྲ་དབབ་པའི་མན་ངག་སྣང་སྲིད་གསལ་བར་མཐོང་བའི་མངོན་ཤེས། པྲ་བརྟག །རིགས་སྔགས་ཀྱི་རྒྱལ་པོ་ཨ་ར་པ་ཙ་ལ་བརྟེན་ནས་བླང་དོར་བརྟག་པ་འཇམ་དཔལ་དགྱེས་པའི་ཞལ་ལུང་། བརྒྱ་བྱིན་མོ་ཡིག །

༤ གླིང་སྒྲུང་རིག་པ། 

ངོ་མཚར་རྟོགས་བརྗོད་བརྡ་གསང་ནོ་བུའི་མེ་ལོང་། ཧོར་འདུལ་གསོལ་འདེབས་དཔའ་བོའི་གད་རྒྱང་།  རིག་པ་འགྱུར་མེད་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ། གེ་སར་གསོལ་འདེབས། གེ་སར་སྐྱེས་བུ་ཆེན་པོ་རྡོ་རྗེ་ཚེ་རྒྱལ་གྱི་བསྐང་གསོལ་འདོད་དགུ་མྱུར་འགྲུབ། གེ་སར་གཏེར་བདག་ཝེར་མའི་བསྐང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན། གེ་སར་ནོར་སྒྲུབ་མན་ངག །སེང་ཆེན་གེ་སར་རྒྱལ་པོའི་གསང་སྒྲུབ་སྙིང་གི་དུམ་བུ། གེ་སར་རྒྱལ་པོའི་ཕྱཱ་གཡང་འགུགས་པའི་ལྕགས་ཀྱུ། ཝེར་མའི་གསོལ་ལོ་ཆེན་མོའི་བྲོ་ཡི་ལས་མཐའ།  འདན་གླུ་ཝེར་མའི་ལྷ་བསང་རིང་མོ་དགྲ་བླའི་དཔའ་གླུ། གླིང་གེ་སར་སྐྱེས་བུའི་མཛད་པའི་མདའ་མོ་བདར་བ། གེ་སར་མདའ་མོའི་དཔྱད་དོན་གསེར་གྱི་ལྡེ་མིག །གེ་སར་རྡོ་རྗེ་ཚེ་ཡི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩི་བུམ་བཟང་། གེ་སར་མདའ་མོའི་དཔྱད་དོན་རིན་ཆེན་མེ་ལོང་། གེ་སར་ལམ་ལྷའི་གསོལ་མཆོད། གེ་སར་དབང་བསྡུད། ལྕགས་ཚན་ཡིད་བཞིན་ནོར་བུ་སྒྲུབ་པ། འབུམ་པའི་རྒྱལ་ཚ་ཞལ་དཀར་གྱི་ཕྲིན་ལས་རྡོ་རྗེའི་རླུང་ཤུགས། སྒ་བདེའི་གསོལ་བསྡུས་དགྲ་བགེགས་དཔུང་འཇོམས། ཀི་ཀི་བསྭོ་བསྭོ་གླིང་གི་དཔའ་ཐུལ། 

༥ མངོན་བརྗོད་རིག་པ། 

སངས་རྒྱས་བྱང་སེམས་ཀྱི་མཚན་སྣ་ཚོགས་པ་ནོར་བུའི་ཕྲེང་བ།  མཚན་འབུམ་ནོར་བུའི་ཕྲེང་བ་ལས་ཁུལ་བྱུང་གཅེས་བཏུས། 

སངས་རྒྱས་སྤྱི་ཡི་མཚན། སྟོན་པ་ཤཱཀྱ་ཐུབ་པའི་མཚན། སངས་རྒྱས་སོ་སོའི་མཚན་སོགས་ཤན་སྦྱར་དུ་གསལ། 

༤ ཟློས་གར་རིག་པ། 

གླུ་བྲོ་སྒྱུ་མའི་རོལ་མོ། གླིང་བྲོ་བདེ་ཆེན་རོལ་མོ། རྟེན་འབྲེལ་ལམ་ཡག་འཆམས་ཚུལ། ཤྭ་མིག་བྱིས་པ་དྲང་བའི་མཚར་རྩེད། 

རྩིས་ཀྱི་རིག་པ།

༦སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་། གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་། སྐར་རྩིས་སྣ་ཚོགས། ཁྱིམ་བཅུ་གཉིས་ཀྱི་ཐིག་གི་དཔེའུ་རིས་ཞིབ་པར་བཀོད་པའི་དོན་གསལ་བར་བརྗོད་པ་བློ་གསལ་དགའ་བསྐྱེད། གླིང་དུམ་བུ་བཅུ་གཉིས་ཀྱི་ཉི་ལྡོག་ལ་དཔྱད་པ་ཐེ་ཚོམ་སྦུབ་འབྱེད། 

རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ། ཟླ་རྐང་གི་དོགས་གནས་ལ་དཔྱད་པ། བསྟན་རྩིས་ཉེར་འཁོ། རྩིས་སྐོར་ནོར་བུའི་ཕྲེང་བ། དུས་རྩིས་ངོ་མཚར་ཉི་མ། ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་ཀེག་རྩིས་འཆི་མེད་བཅུད་ལེན།  ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་གཤིན་རྩིས་ཕན་བདེ་མྱུར་སྟེར། ནག་རྩིས་རྗེད་བྱང་སྙིང་པོ་གསལ་བྱེད་པ། ནམ་མཁའི་གོ་ལའི་ཚུལ་ལ་དཔྱད་པ་ལ་ལན་དུ་སྤྲིངས་བའི་གཏམ་མཁས་པའི་སྙན་རྒྱན་མེ་ཏོག་གི་ཆུན་འཕྱང་། དབྱངས་འཆར་ཟུར་འདེབས། ཀུན་གཟིགས་དབྱངས་འཆར་ཤེལ་གྱི་མེ་ལོང་། 

༧ སྡེབ་སྦྱོར་རིག་པ། 

བརྡ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་། ཡིག་བསྐུར་གྱི་རྣམ་བཞག་མདོ་ཙམ་བརྗོད་པ་ནོར་བུའི་ཕྲེང་བ།  བརྡ་ཤན་འབྱེད་ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི། བརྡ་ཤན་འབྱེད་ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲིའི་མཆན། ས་མཐའི་རྣམ་གྲངས་མདོ་ཙམ་མཚོན་པ། ས་མཐའ་མེད་སྨྲར་དགག་པ་ལེགས་བཤད་རིན་པོ་ཆེའི་གཏེར།

༨ སྙན་ངག་རིག་པ།

སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ། སྙན་ཚིག་ཀུན་བཟང་འཁོར་ལོ་ནོར་བུའི་དོ་ཤལ། ནང་རྒྱུད་སྡེ་གསུམ་ལ་བྱ་དཀའ་བའི་ཁྱད་པར་དང་སྦྱར་ཏེ་བསྔགས་པ་ནོར་བུའི་དོ་ཤལ། ཡུལ་དམ་པ་རྣམས་ལ་བསྟོད་པ་དང་གསོལ་འདེབས་སྐོར་ཕྱོགས་བསྡུས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཞེས་བྱ་བ། པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེར་བསྔགས་ཤིང་ཞབས་པད་བརྟན་པར་གསོལ་བའི་བྱ་དཀའ་བའི་རེའུ་མིག་ངོ་མཚར་འཆི་མེད་གྲུབ་པའི་སྒྲ་དབྱངས། 

བཟོ་རིག་པ། 

༩བཟོ་གནས་ཉེ་འཁོ་ཟ་མ་ཏོག་ལས།  སྤོས་སྦྱོར་བཟོ་ཚུལ། སྣག་ཚ་བཟོ་ཚུལ། ཡི་གེ་འབྲི་ཚུལ། ཤོག་བུ་བཟོ་ཚུལ། འཕྲུལ་ཡིག་འབྲི་ཚུལ། རྒྱ་ཚོས་ལག་ལེན། ཚོམ་མདངས་སྦྱར་ཚུལ། རས་གཞི་བཟོ་ཐབས། དར་རས་སྣམ་བུ་སོགས་ཀྱི་ཚོས་བྱེད་ལུགས། མི་བཞུ་བའི་རིན་ཆེན་རིགས་ཀྱི་གསར་བཟོ་སྐོར། སྐུ་གཟུགས་ཐིག་རྩ་རབ་གསལ་ཉི་མ། ཐིག་གི་ལག་ལེན་མདོར་བསྡུས། ཟླུམ་ཐིག་འདབ་གྲངས་བཅད་པའི་ལག་ལེན། ཙཀྲ་འབྲི་ལུགས་ཀྱི་གནས་ཡིག ཉེ་བར་འཁོ་བའི་རྫས་སྣ་ཚོགས་ཀྱི་སྦྱར་ཐབས་ལག་ལེན་ཅི་རིགས་བསྟན་པ་ཤེལ་གྱི་ཕྲེང་བ། 

༡༠ གསོ་བ་རིག་པ། 

གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་སྐོར་ཕན་བདེའི་བང་མཛོད། དུ་བུ་དང་པོ་རྒྱུད་བཞི་དཀའ་མཆན་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་མེ་ལོང་། དུ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་དཀའ་མཆན། དུ་བུ་གསུམ་པ་མན་ངག་རྒྱུད་ཀྱི་དཀའ་མཆན། དུ་བུ་བཞི་པ་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་དཀའ་མཆན། ཤོག་དྲིལ་སྐོར་གསུམ་ལས་ངོས་འཛིན་མན་ངག་གསེར་གྱི་ལྡེ་མིག །གཡུ་ཐོག་ཤོག་དྲིལ་སྐོར་གསུམ་གྱི་མ་བུ་དོན་བསྡེབ་ཏུ་བཀོལ་བ། བདུད་རྩི་སྙིང་པོའི་རྒྱུད་ཀྱི་ཞལ་ལུང་དུ་བུ་བཞི་པ་ཕྱི་མ་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊཱིཀྐཱ། སྨན་སྦྱོར་བདུད་རྩི་ཐིག་ལེ། ལུས་ལ་ཉེ་འཁོ་སྐབས་བརྒྱད་པ། བྱང་ཁོག་གཡུ་ལུས་བཀྲ་སྔུན་རྒྱབ་བཞི་བཅས། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ། རྒྱལ་འགོང་སྲོག་འཇོམས་སྔགས་འབུམ་གནམ་ལྕགས་མེ་འཁོར། 

༡༡ སྒྲ་རིག་པ། 

སྒྲ་ཡི་ཟིན་བྲིས་ཐོར་བུ། བརྡ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་། སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་། 

༡༢ ཚད་མ་རིག་པ།

ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་བོར་བཤད་པ་ལེགས་སྣང་བའི་གཏེར། 

རྩོད་རིགས་སྨྲ་བའི་སྒོ་འབྱེད། ཚད་མ་རིགས་པའི་གཏེར་གྱི་མཆན་འགྲེལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན། ཚད་མ་ཀུན་ལས་བཏུས་པའི་མཆན་འགྲེལ་རིགས་ལམ་རབ་གསལ། རྟགས་རིགས་ཀྱི་རྣམ་བཞག་ཚན་པ་གཉིས་ཞལ་བཤུས། མཁས་འཇུག་ལྟར་བྲིས་པའི་རྟགས་རིགས། 

ནང་དོན་རིག་པ་ལས། རྒྱུ་མཚན་ཉིད་ཐེག་པ།

 ༡༣འདུལ་བ། 

སོ་ཐར་མདོ་ཡི་མཆན་འགྲེལ་ཉུང་ངུ་ངེས་ལེགས་ཐེམ་སྐས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཆན་འགྲེལ་ནོར་བུའི་ཕྲེང་བ་ཞལ་བཤུས།  ཚུལ་ཁྲིམས་ཡང་དག་མདོ་ཡི་ས་བཅད། དགེ་བསྙེན་སྡོམ་པའི་རྣམ་པར་བཞག་པ་ཚིགས་སུ་བཅད་པ་བརྒྱད་པ། སྡོམ་གསུམ་ངོ་བོ་གཅིག་ཏུ་སྒྲུབ་པ། ཚུར་མདོའི་ས་དཔྱད། 

༡༤ མངོན་པ། 

མཁས་པའི་ཚུལ་ལ་འཇུག་པའི་སྒོ། མཁས་འཇུག་གི་སྡོམ་བྱང་། མཁས་འཇུག་གི་ས་དཔྱད་མདོར་བསྡུས་པད་དཀར་ཕྲེང་བ། མངོན་པ་མཛོད་ཀྱི་ས་དཔྱད་རྒྱས་པ། དམ་པའི་ཆོས་མངོན་པ་མཛོད་ཀྱི་མཆན་འགྲེལ་རིན་པོ་ཆེའི་དོ་ཤལ་ཞལ་བཤུས། མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ། 

༡༥ ཕར་ཕྱིན། 

ཡོན་ཏན་རིན་ཆེན་སྡུད་པའི་འགྲེལ་པ་རྒྱལ་བའི་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། སྡུད་འགྲེལ་ཡུམ་ལ་འཇུག་པའི་ལེགས་བཤད་ལས་མདོ་དང་བསྟན་བཅོས་སྦྱར་ཚུལ་མ་ཕམ་ཞལ་ལུང་། ཡོན་ཏན་རིན་པོ་ཆེའི་སྡུད་པའི་བསྡུས་དོན་དྲི་མེད་ནོར་བུའི་ཕྲེང་བ། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུཎྜ་རི་ཀའི་དོ་ཤལ་ཞལ་བཤུས། 

 དབུ་མ་རིག་པ། 

ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། དབུ་རྒྱན་གྱི་སྤྱི་དོན། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ཞེས་བྱ་བ། དམ་ཆོས་དོགས་སེལ། ཤེས་རབ་ཀྱི་ལེའུའི་ཚིག་དོན་གོ་སླ་བར་རྣམ་པར་བཤད་པ་ནོར་བུ་ཀེ་ཏ་ཀ། བརྒལ་ལན་ཉིན་བྱེད་སྣང་བ།  གཞན་གྱིས་བརྩད་པའི་ལན་མདོར་བསྡུས་པ་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད། དབུ་མ་རྩ་བའི་མཆན་འགྲེལ་གནས་ལུགས་རབ་གསལ་ཀླུ་དབང་དགོངས་རྒྱན་ཞལ་བཤུས། དབུ་མ་འཇུག་པའི་ས་དཔྱད་དྲི་མེད་ཤེལ་གྱི་ཕྲེང་བ། དབུ་མ་འཇུག་པའི་འགྲེལ་བ་ཟླ་བའི་ཞལ་ལུང་ཞལ་བཤུས། དབུ་མ་འཇུག་པའི་མཆན་འགྲེལ་ཞལ་བཤུས། གཞན་སྟོང་ཁས་ལེན་སེང་གེའི་ང་རོ། སྟོང་མཐུན་ཁས་ལེན་སེང་གེའི་ང་རོ། དོན་རྣམ་ངེས་ཤེས་རབ་རལ་གྲི།  དོན་རྣམ་ངེས་ཤེས་རབ་རལ་གྲིའི་མཆན། དོན་རྣམ་པར་ངེས་པའི་ས་དཔྱད། ཡིད་བཞིན་མཛོད་ཀྱི་གྲུབ་བསྡུས། ཡིད་བཞིན་མཛོད་ཀྱི་དཀའ་གནད་ཅི་རིགས་གསལ་བར་བྱེད་པ། ལྕང་སྐྱ་རོལ་བའི་རྡོ་རྗེའི་ལྟ་མགུལ་ཟབ་མོའི་རྩ་འགྲེལ། ས་སྐྱའི་དྲིས་ལན་དོགས་སེལ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་མཆན་འགྲེལ་མུ་ཏིག་ཕྲེང་བ། ཉན་རང་བདག་བདག་མེད་རྟོགས་རིགས་ལ་དཀའ་བའི་གནས་བཀྲོལ་བ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པའི་མཆན་འགྲེལ། བྱ་རྩོལ་ཀུན་ཏུ་གཅོད་པ་ཡེ་ཤེས་རལ་གྲི། ཐེག་ཆེན་བསྡུས་པའི་སྙིང་པོའི་མཆན། ཉི་ཤུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ། སུམ་ཅུའི་པའི་ཚིག་ལེའུར་བྱས་པའི་མཆན། གཞུང་སྤྱིའི་དཀའ་གནད་སྐོར་གྱི་གསུང་སྒྲོས་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡུས་པ་རིན་པོ་ཆེའི་ཟ་མ་ཏོག །

༡༧ བྱམས་ཆོས་སྐོར། 

ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན།  ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་ཞལ་བཤུས།  ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པའི་འགྲེལ་བ་ཡེ་ཤེས་སྣང་བ། དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་འགྲེལ་བ་འོད་ཟེར་ཕྲེང་བ། དབུས་མཐའ་རྣམ་འབྱེད་ཀྱི་བསྡུ་དོན་འོད་ཟེར་སྣང་བའི་རྒྱན་། བདེ་གཤེགས་སྙིང་པོའི་སྟོང་ཐུན་ཁས་ལེན་སེང་གེའི་ང་རོ། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུཎྜ་རི་ཀའི་དོ་ཤལ་ཞལ་བཤུས། 

༡༨ བློ་སྦྱོང་ཆོས་སྐོར། 

སྔོན་འགྲོ་ངག་འདོན་ཐར་ལམ་རབ་གསལ། བཤེས་སྤྲིང་གི་མཆན་འགྲེལ་པདྨ་དཀར་པོ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་རྣམ་པར་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས། བདེ་བ་ཅན་གྱི་ཞིང་སྦྱོང་བའི་དད་པ་གསལ་བར་བྱེད་པ་དྲང་སྲོང་ལུང་གི་ཉི་མ། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དོན་ཉམས་ལེན། དཔྱད་སྒོམ་འཁོར་ལོ་མ། བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐབས་བློ་ཡི་རལ་གྲི། བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་ནོར་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ། ཡང་དག་གི་སྒོ་ནས་ཉམས་ཆགས་སྦྱོང་ཐབས། རྡོ་རྗེ་སེམས་པ་དཔའ་ལ་བརྟེན་ནས་ཉམས་སྒྲིབ་སྦྱོང་ཐབས། རང་བློར་གྲོས་འདེབས་གསལ་བའི་མེ་ལང་། གྲོས་འདེབས་སྤྲིན་གྱི་རྔ་སྒྲ། ལས་དང་པོ་པ་ལ་གདམས་པ། མན་ངག་གསང་དགོས་པའི་ཚུལ་བརྗོད་པ་དྲང་སྲོང་རྒན་པོའི་བདེན་གཏམ། རིག་ངོ་སྐྱོང་ཐབས་ཡེ་ཤེས་སྙིང་པོ། སེམས་ཀྱི་སྤྱོད་པ་རྣམ་སྦྱོང་གི་ཉམས་ལེན། དུག་གསུམ་གྱི་གཉེན་པོ་བསྒོམ་ཚུལ་གྱི་ཚིག་ལེའུར་བྱེད་པ་བདུད་རྩིའི་ཐིག་ཕྲེང་། རང་བློར་གྲོས་འདེབས། རང་གིས་རང་ལ་གདམས་པ། ལས་དང་པོ་བ་ལ་གདམས་པ། 

རྡོ་རྗེ་ཐེག་པའི་ཆོས་སྐོར། 

 ༡༩ རྒྱུད་སྡེའི་ཆོས་སྐོར། 

བྱ་རྒྱུད་ཀྱི་སྔགས་ཚུལ་གནད་མདོར་བསྡུས། བསམ་གཏན་ཕྱི་མའི་རྒྱུད་དོན་རྣམ་བཤད་རིག་སྔགས་འཛིན་པའི་ཡིད་ཀྱི་འདོད་འཇོ། རྡོ་རྗེ་རྣམ་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ། དོ་ཧ་མཛོད་ཀྱི་གླུའི་མཆན་འགྲེལ་གཉུག་མ་རྡོ་རྗེའི་སྒྲ་དབྱངས། 

དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གྱི་དགོངས་གནད་གསལ་བྱེད་བཻཌཱུརྱའིམེ་ལོང་། ། ཀུན་རྟོག་འཆིང་བ་གཅོད་པ་སྔགས་ཀྱི་རལ་གྲི། མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ། དུས་འཁོར་ལྷན་སྐྱེས་སྒྲུབ་ཐབས་སོགས་རྒྱུད་བཤད་ཀྱི་སྐབས་སུ་ཉེ་བར་མཁོ་བ།  དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ།   དུས་འཁོར་ནང་གི་ལེའུ་གཉིས་པའི་འགྲེལ་པ། དུས་འཁོར་དབང་ལེའུ་འགྲེལ་བ། དུས་འཁོར་སྒྲུབ་ཐབས་ལེའུ་འགྲེལ་བ། དུས་འཁོར་ཡེ་ཤེས་ལེའུ་འགྲེལ་བ།  དུས་འཁོར་སྒྲུབ་ཐབས་སྙིང་པོ་རབ་གསལ། དུས་ཀྱི་འཁོར་ལོའི་མཆོད་པའི་ཆོ་ག་བསོད་ནམས་གཏེར་མཛོད།  དུས་ཀྱི་འཁོར་ལོའི་ཚོགས་མཆོད། དུས་འཁོར་གྱི་སྡོམ་བཟུང་། ཕྱག་ཆེན་པའི་གནས་འགྱུ་རིག་གསུམ། སྦྱོར་དྲུག་གི་ཟིན་ཐུན། རིམ་ལྔའི་ཟིན་ཐུན། རིམ་ལྔའི་ཟིན་བྲིས་ཐོར་བུ། གསང་འདུས་རིམ་ལྔའི་མཆན་དཀྱུས་སུ་བཀོད་པ་འགྲེལ་ཆུང་ཟུང་འཇུག་ནོར་བུའི་སྒྲོན་མེ་ཞལ་བཤུས། བསམ་གཏན་ཕྱི་མའི་རྒྱུད་དོན་རྣམ་བཤད། ཐུན་མོང་ཕྱི་ནང་སྔོན་འགྲོའི་དམིགས་ཁྲིད།  ཏིང་འཛིན་སྐྱོན་ཡོན་གྱི་བཞག་ཐབས། ཡིད་བཞིན་མཛོད་ཀྱི་དཀའ་གནད་ཅི་རིགས་གསལ་བར་བྱེད་པ།

༢༠ སྔགས་བླ་མེད་ཀྱི་ཆོས་སྐོར།

སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བཤད་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བཀྲ་ཤིས་གྲུབ་པའི་དབྱངས་སྙན། 

གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ། གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ་ཅེས་བྱ་བ། 

རྫོགས་པ་ཆེན་པོའི་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ་ཞེས་བྱ་བ། ཐོད་རྒལ་ཉམས་ལེན། སེམས་དོན་ཉམས་ལེན་ནམ་མཁའ་ཀློང་ཡངས། རྫོགས་ཆེན་གདམ་པ། རྫོགས་པ་ཆེན་པོ་གནད་མདོར་བསྡུས་ཡེ་ཤེས་སྙིང་པོ། ཚིག་གསུམ་གནད་ཀྱི་མན་ངག །སེམས་ཉིད་ནམ་མཁའི་མེ་ལོང་། ལྷན་སྐྱེས་བདེ་བའི་སྒྲོན་མེ། རྫོགས་ཆེན་ལམ་ལ་གདམ་པ། གདམ་ངག་སངས་རྒྱས་ལག་བཅང་མ། སེམས་དོན་ཆེ་འབྲིང་ཆུང་གསུམ། རང་གནས་ཡེ་ཤེས་འཁོར་ལོའི་མན་ངག །སེམས་ཀྱི་གདར་ཤ་གཅོད་པའི་གདམས་་པ། སེམས་དོན་རྫོགས་པ་ཆེན་པོའི་གནད་མདོར་བསྡུས། ཉམས་ལེན་གནད་ཀྱི་ཆིངས་གསུམ་གྱི་གདམས་པ། སྦྱོར་བ་ཆེན་པོ་ཞི་བ་རྡོ་རྗེའི་གླུ། སྒྲོལ་བ་ཆེན་པོ་ཁྲོ་བོ་རྡོ་རྗེའི་གླུ། སྔགས་བླ་མེད་ཀྱི་དམིགས་རིམ། ཡང་དག་གྲུབ་པའི་ཚིག་འགྲེལ་མདོར་བསྡུས། མན་ངག་ལྟ་ཕྲེང་གི་མཆན་འགྲེལ། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅོ་བརྒྱད་པའི་ཚིག་འགྲོལ། སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱི་འགྲེལ་བ། གཉུག་སེམས་འོད་གསལ་གྱི་དོན་རྒྱལ་བ་རིག་འཛིན་བརྒྱུད་པའི་ལུང་བཞིན་བརྗོད་པ་རྡོ་རྗེ་སྙིང་པོ་ཞེས་བྱ་བ། གཉུག་སེམས་འོད་གསལ་གྱི་དོན་ལ་དཔྱད་པ་རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུའི་ཤན་འབྱེད་བློ་གྲོས་སྣང་བ། གཉུག་སེམས་ཟུར་དཔྱད་སྐོར་གྱི་གསུང་སྒྲོས་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་རྡོ་རྗེ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། གཞི་ལམ་འབྲས་བུའི་ཤན་འབྱེད་སངས་རྒྱས་པདྨའི་ཞལ་ལུང་། ལམ་རིམ་ཡེ་ཤེས་སྙིང་པོའི་བསྡུས་དོན། རྒྱུད་ལུང་མན་ངག་གི་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་། སེམས་ལ་ལྟ་བའི་མན་ངག་གསེར་ཞུན། གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ། རྟོགས་ལྡན་རྒན་པོ་རྣམས་ཀྱི་ལུགས་སེམས་ངོ་མཛུབ་ཚུགས་ཀྱི་གདམ་པ་མུན་སེལ་སྒྲོན་མེ། ཟབ་དོན་སྙིང་པོ་སངས་རྒྱས་ལག་སྟེར། འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་གཞི་ལམ་གྱི་མཆན་འགྲེལ་ཟབ་དོན་འབྱེད་པའི་ལྡེ་མིག །འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་གཞི་ལམ་འབྲས་བུ་དབྱེར་མེད་པའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་མདངས། 

༢༡ སྒྲུབ་སྡེའི་ཆོས་སྐོར།

 སྤྱི་སྒྲུབ་ཀྱི་ཆོས་སྐོར། 

དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་རྫོགས་འཕྲང་སྲོག་གསུམ་མན་ངག་གབ་པ་མངོན་འགྱུར།  དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་པར་བཤད་པ་དངོས་གྲུབ་སྙིང་པོ། ཡང་དག་གྲུབ་པའི་རྣམ་བཤད། བཀའ་བརྒྱད་ཀྱི་ཞི་བ་གསང་ཆེན་རིགས་གཅིག་སྒྲུབ་ཐབས། བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་དངོས་གྲུབ་ཀུན་འབྱུང་།  བཀའ་བརྒྱད་བདེ་གཤེགས་འདུས་པའི་ཕྱག་རྒྱའི་མཆོད་སྒོམ་མངོན་རྟོགས་ཆེན་མོའི་གསལ་འདེབས་རྡོ་རྗེ་བཀོད་པའི་འོད་ཟེར། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚེ་འགུགས་རྡོ་རྗེ་ཚེ་མཆོག་གྲུབ་པ། བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་བཟློག་བསྡུས་པ་དགྲ་བགེགས་དཔུང་འཇོམས། བཀའ་བརྒྱད་འདོན་འགྲིགས། འཕགས་ཡུལ་རིག་འཛིན་མཆོག་བརྒྱད་ཀྱི་གསོལ་འདེབས། བོད་ཡུལ་གྲུབ་ཆེན་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན། བསྐྱེད་རྫོགས་ཆེན་མོའི་བྱིན་འབེབས། རྩ་གསུམ་དྲིལ་སྒྲུབ་ཀྱི་ཟིན་བྲིས་ནོར་བུའི་འོད་ཟེར། རྩ་གསུམ་སྤྱི་ཡི་གསོལ་བསྡུས། ལས་སྣ་ཚོགས་པའི་སྐོར་ཐོར་བུའི་རིགས་བསྡུས་དགོས་འདོད་དགོས་འདོད་གཏེར་གྱི་བུམ་བཟང་། ཉེ་འཁོ་སྔགས་ཀྱི་ལས་སྣ་ཚོགས་སྐོར། 

བླ་མའི་ཆོས་སྐོར། 

བླ་མ་མཆོད་པའི་རིམ་པ། ཐུབ་ཆོག་བྱིན་རླབས་གཏེར་མཛོད། སྨན་བླའི་མདོ་ཆོག་བསྡུས་པ་བདུད་རྩིའི་བུམ་བཟང་། གུ་རུའི་ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་སྒྲུབ་བྱིན་རླབས་ཆར་འབེབས། གུ་རུའི་ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་ཚོགས་མཆོད། རྡོར་སེམས་སྒྲུབ་ཐབས། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་བླ་མའི་རྣལ་འབྱོར། བླ་མའི་གསོལ་འདེབས། དཔལ་ཆོས་ཀྱི་གྲགས་པའི་བླ་མའི་རྣལ་འབྱོར། དགའ་རབ་རྡོ་རྗེའི་བླ་མའི་རྣལ་འབྱོར་ཡེ་ཤེས་འཆར་འབེབས། མཁན་ཆེན་ཡབ་སྲས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་དྲི་ཆར། སྨྲྀ་ཏིའི་བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་ཆེན། ཀུན་མཁྱེན་བླ་སྒྲུབ། རོམ་ཟོམ་བླ་མི་རྣལ་འབྱོར་བྱིན་རླབས་ཆར་འབེབས། 

ཡི་དམ་གྱི་ཆོས་སྐོར། 

རྒྱུད་ལུགས་འཇམ་དཔལ་ཞི་བའི་སྒྲུབ་ཐབས། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྨིན་བྱེད་དབང་གི་རིམ་པ་ཡེ་ཤེས་རྡོ་རྗེ་རྗེའི་རྒྱུན་འབེབས། འཇམ་དཔལ་དམར་པོའི་ཚེ་དབང་བདུད་རྩི་རྒྱུན་འབེབས་འཆི་མེད་དཔལ་སྟེར། འཇམ་བསྟོད་བྱིན་རླབས་གཏེར་ཆེན། འཇམ་དཔལ་དམར་སེར་ལས་ཐམས་ཅད་འགྲུབ་པའི་རྒྱུན་ཁྱེར་སྙིང་པོ་ཤེས་རབ་ཡེ་ཤེས། འཇམ་དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས། འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བློ་ཡི་ཉིན་བྱེད། འཇམ་དཔལ་གྱི་ཚོགས་མཆོད། འཇམ་དཔལ་རིལ་བུ་སྒྲུབ་པའི་ཁ་སྐང་སོགས་འཇལ་དཔལ་ཞི་བའི་སྐོར་དང་། ཚེ་བདག་ལྕགས་འདྲའི་བརྒྱུད་འདེབས། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དྲག་པོའི་སྦྱིན་སྲེག་རྡོ་རྗེའི་མེ་དབལ་རབ་འབར་ཞེས་བྱ་བ།  གཤེད་དམར་ལྷན་སྐྱེས། བདེ་མཆོག་ལྷན་སྐྱེས། ཀྱེ་རྡོར་དཔའ་བོ་གཅིག་པའི་སྒྲུབ་ཐབས། འཇིགས་བདེ་ཀྱེ་སོགས་ཀྱི་ཚོགས་མཆོད། འཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་ཟབ་རྒྱ་འགྲོལ་ནས་གབ་སྦས་མེད་པར་བསྟན་པའི་ཕྲིན་ལས་རྡོ་རྗེའི་མེ་ཆེན་ཞེས་བྱ་བ། འཇམ་དཔལ་ཁྲོ་ཆུ་དུག་གདོང་ནག་པོའི་རྒྱུན་ཁྱེར་མངོན་རྟོགས་ཁྲོ་ཆུ་ཁོལ་མ་སོགས་འཇལ་དཔལ་ཁྲོ་བོའུ་སྐོར་དང་། དཔལ་རྟ་མགྲིན་ནག་པོའི་བསྙེན་བསྒྲུབ། །རྟ་མགྲིན་ནག་པོའི་ལས་འགྲིགས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་བཞུགས་སོ། ། རྟ་མགྲིན་ཡང་གསང་གི་ཕྲིན་ལས་དབང་དྲག་འབར་བ། རྟ་མགྲིན་ཡང་ཡང་ཕྱུངས་ནག་པོའི་རྒྱུན་འཁྱེར་གནམ་ལྕགས་རལ་གྲི། རྟ་སྐད་ཐེངས་གསུམ་གྱི་དགོངས་པའི་སྒོ་ནས་གཏོར་འབུམ། རྡོ་རྗེ་འཇིགས་བྱེད། དཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་གསང་བའི་དགོངས་པ། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་ཕྱི་ནང་གསང་སྒྲུབ། ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་རྒྱུན་ཁྱེར་ཡང་སྙིང་། དྲེགས་འདུལ་གྱི་ཚོགས། ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་ཐུན་མཚམསགཏོར་འབུམ། རྒྱུད་ལུགས་རྡོ་རྗེ་ཕུར་པའི་ལས་བྱང་ཕྲིན་ལས་ཐོགས་མེད། འཕགས་པ་སྤྱན་རས་གཟིགས་སེང་གེའི་སྒྲའི་སྒྲུབ་ཐབས་ཡིད་བཞིན་རེ་སྐོང་། དབང་བསྡུད་གསོལ་འདེབས། རྡོ་རྗེ་གཞོན་ནུའི་ལས་ཐམས་ཅད་པའི་སྲེག་བླུགས་དོན་ཀུན་འགྲུབ་པ། ཚེ་སྒྲུབ་གསང་འདུས་རྒྱུན་གྱི་ཉམས་ལེན་སྙིང་པོ་དྲིལ་བ། ཇོ་ནང་བརྒྱུད་འདེབས།  ནད་བརྒྱ་སྔགས་གཅིག། སྔགས་འབུམ་རྡོ་རྗེའི་མེ་ཆར།

ཆོས་སྐྱོང་གི་ཆོས་སྐོར། 

ཆོས་སྐྱོང་གི་གསོལ་མཆོད་སྐོར་ཕྱོགས་བསྡུས་འདོད་འབྱུང་དཔལ་གྱི་རྫིང་བུ་ཞེས་བྱ་བ། གེ་སར་རྡོ་རྗེ་ཚེའི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་།

 བཀྲ་ཤིས་དང་སྨོན་ལམ་གྱི་ཆོས་སྐོར།

རྫོགས་ཆེན་སྨོན་ལམ། མཐའ་བྲལ་དབུ་མ་ཆེན་པོའི་སྨོན་ལམ། དཔལ་རིའི་སྨོན་ལམ། མར་མེའི་སྨོན་ལམ། 

གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ། འཇལ་དཔལ་མཆོག་སྦྱིན། ལས་རབ་འབྱམས་སོ་སོའི་སྨོན་ལམ། ལས་བཞིའི་སྨོན་ལམ། མཁྱེན་བརྩེ་ནུས་པའི་སྨོན་ལམ། ཡིད་ལྷག་བསམ་དང་ལྡན་པའི་སྨོན་ལམ། དུས་ཀྱི་རྒུད་པ་ཞི་བའི་བདེན་ཚིག་སྨོན་ལམ། ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་དབྱངས་སྙན། བཀྲ་ཤིས་ཀྱི་ཆོག་ག་དཔལ་གྱི་བེའུ། བཀྲ་ཤིས་མཆོག་སྒྲུབ། བཀྲ་ཤིས་དོན་ཀུན་འགྲུབ་པའི་དབྱངས་སྙན། སྔ་འགྱུར་བསྟན་རྒྱས་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་གིས་མཐའ་བརྒྱན་པའོ།། །། 

ཨེ་མ་རིག་པའི་འཁྱུག་ཐེངས་གཅིག་གིས་ཀྱང་།། 

མཐའ་ཡས་ཤེས་བྱ་ཆུ་སྲིན་འཛིན་ཁྲིའི་གནས།། 

ཧུབ་གང་འཐུང་བའི་ཤེས་རབ་རྩལ་ཆེན་དེར།།

མི་ཕྱེད་དད་པའི་ཐལ་མོ་སླར་ཡང་ཟུམ།། 

ཐོས་བསམ་སྒོམ་པའི་ཉི་མའི་དཀྱིལ་འཁོར་ལ།། 

འཆད་རྩོད་རྩོམ་གྱི་འོད་སྟོང་རྣམ་པར་བཀྲ།། 

ཆེར་སྙིགས་དུས་ཀྱི་གྲིབ་མའི་ཁུག་སོ་ན།།

ཁྱེད་ཉིད་བྱོན་པ་སྔ་འགྱུར་སྤྱི་མཐུན་འབྲས།། 

མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རྣམས།།

གངས་ཅན་སྤྱི་ལ་བཀའ་དྲིན་གཞལ་མཐའ་བྲལ།། 

རོང་ཀློང་གཉིས་ཀྱི་གཞུང་མང་དབྱིངས་སུ་ཐིམ།།

མཚོ་སྐྱེས་རིང་ལུགས་རེ་ཞིག་བག་ཏུ་ཉལ།།

དེ་ལྟ་ནའང་ལུང་རིགས་འབུམ་ཕྲག་ཁྲོད།། 

མདོ་དང་སྔགས་ཀྱི་གཙུག་ལག་རིགས་པའི་གཞུང་།།

དཔྱད་གསུམ་དག་པའི་རང་ལུགས་གཙང་མ་ཡི།།

རྣམ་བཞག་འདི་ཡི་སྒོ་ཆེན་ཁྱོད་ཀྱིས་ཕྱེས།། 

ཆེ་བ་དྲུག་གིས་བརྒྱན་པའི་རིང་ལུགས་འདིར།།

གྲུབ་པའི་ས་མཐོར་གཤེགས་པ་རྣམ་མང་ཡང་།།

རྩོད་སྒྲུབ་རིགས་པའི་གཞུང་ལུགས་ཅུང་དཀོན་ཚེ།། 

ཁྱེད་ཀྱིས་དགག་སྒྲུབ་རིགས་པའི་སྡེ་སྣོད་བཞེངས།།

མདོ་སྔགས་ཆོས་ལ་བློ་གྲོས་ཡངས་པ་ནི།།

གངས་རི་ལྗོངས་སུ་རྒྱུ་སྐར་བཞིན་དུ་བཀྲ།། 

ཕྱི་ནང་མ་ལུས་ཆོས་ཀུན་རྫོགས་པ་ནི།།

པཎ་ཆེན་ཁྱེད་འདྲ་ཉིན་མོའི་སྐར་ལྟར་དཀོན།། 

ཁྱེད་ཀྱི་གདམས་ཟབ་སེམས་ངོ་མཛུབ་ཚུགས་ཀྱིས།།

ཆོས་རྗེ་བླ་མའི་ཉམས་རྟོགས་ཕ་མཐར་སོན།།

ཕྱིས་ཀྱི་སྔ་འགྱུར་སྐྱེས་ཆེན་སུ་ཡང་རུང་།།

ཁྱེད་གསུང་དྲིན་གྱིས་ཁོ་ལག་མ་རྫོགས་མེད།། 

ད་ལྟའི་སྔ་འགྱུར་བཤད་པའི་སྡེ་ཀུན་ཡང་།། 

མདོ་སྔགས་སྤྱི་དང་ཁྱད་པར་མཚན་ཉིད་ཐེག། 

ཁྱེད་ཀྱི་ལེགས་བཤད་ཁོ་ནའི་གྲིབ་བསིལ་འོག །

ལང་ཚོའི་མྱུ་གུ་རྒྱས་པ་མ་ལགས་སམ།། 

གལ་ཏེ་ཁྱེད་གསུང་བདུད་རྩིའི་དྲིན་མེད་ན།།

དབུ་ཚད་ཕར་གྱི་རང་ལུགས་གང་གིས་འཇོག།

རོང་ཀློང་གཉིས་ཀྱི་བཀའ་སྲོལ་ཇི་ལྟར་འཛིན།།

བཀའ་དྲིན་ཆེ་འོ་འཇམ་མགོན་དྲིན་ཆེན་རྗེ།། 

གང་གིས་བརྩེ་བས་གདམས་པའི་ལེགས་བཤད་ནི།།

སྡེབ་ལེགས་བརྗོད་དོན་ཟབ་ཅིང་རྒྱ་ཆེ་བ།། 

བཅུ་ཕྲག་རིག་པ་གཅིག་ཆར་ཆུད་འདོད་ན།།

འདི་ལ་དགའ་བ་མི་འཕེལ་རང་དབང་ཅི།། 

ཁྱེད་ཀྱིས་བརྩམས་པའི་གཞུང་བཟང་ཡིད་བཞིན་ནོར།། 

རྟོག་དཔྱོད་བློ་ཡིས་བརྟག་པའི་འ་འུར་མིན།། 

འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བྱིན་རླབས་དང་།།

རིག་པའི་རྩལ་ཆེན་རྫོགས་པའི་སྟོབས་ལས་བྱུང་།།

མཇལ་ཞིང་མཇལ་ན་གོ་བ་ཇེ་བས་ཟབ།།

དཔྱད་ཅིང་དཔྱད་ན་སྔ་ཕྱི་ནང་འགལ་མེད།།

གང་ལ་དྭངས་བའི་ཡིད་ཅན་རྗེས་འཇུག་ཚོགས།།

འདི་ལ་དགའ་བས་མི་བརྩོན་ཅི་ཞིག་འཚོལ།། 

ཁྱེད་ཀྱི་དྲི་མེད་རིགས་པའི་ཆོས་ཚུལ་ནི།།

འཁོར་འདས་ཆོས་ཀུན་མཇལ་བའི་སྲིད་པའི་མིག། 

ཁྱད་པར་སྔ་འགྱུར་བསྟན་པའི་དཔལ་གྱུར་འདི།། 

སྨྲ་བའི་སེང་གེའི་རྟོགས་པའི་རྩལ་ཆེན་ཡིན།། 

གངས་ཅན་ཆོས་རིགས་གཙུག་ལག་ཕ་མཐའ་ཡས།།

ཀུན་འདུས་ལུང་རིགས་མན་ངག་ཆོས་མཛོད་ཆེ།།

བརྒྱ་ཕྲག་གཞུང་ཀུན་རྫོགས་པའི་གསུང་བཟང་འདི།། 

མི༷་ཕ༷མ་རྒྱ༷་མཚོ༷འི་སྐུ་གསུང་ཐུགས་ཚབ་ཡིན།། 

མཚན་དཔེའི་གཟུགས་སྐུ་ཉིན་བྱེད་དབང་པོ་དེ།།

རེ་ཞིག་མཇལ་བའི་སྐལ་བར་བྲལ་གྱུར་ཡང་།། 

ཐུན་མོང་ཐུན་མིན་ཆོས་ཀུན་རྫོགས་པ་ཡི།། 

གཞུང་བཟང་མཇལ་བའི་སྐལ་བས་རབ་ཏུ་འཚེང་།། 

འཇམ་དབྱངས་བླ་མའི་ཐུགས་ཀློང་ནམ་མཁའི་ཁྱོན།། 

མཐའ་ཡས་ཤེས་བྱའི་ཆོས་ཚུལ་རབ་ཏུ་བཀྲ།། 

ཉེར་གཅིག་རིག་ཚན་གསལ་བའི་ལེགས་བཤད་འདི།།

མི་ནུབ་ཉི་ཟླའི་འགྲོས་དང་མཉམ་གྱུར་ཅིག། 

བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ།།

ཁྱེད་དང་ཁྱེད་ཀྱི་གསུང་གི་སྣང་བ་དང་།།

སྐད་ཅིག་མི་འབྲལ་རྟོགས་པའི་རྩལ་རྫོགས་ཏེ།།

བསྟན་དང་འགྲོ་ལ་སྨན་པ་ཉིད་གྱུར་ཅིག །

ཅེས་པ་འདི་ཡང་ཀུན་མཁྱེན་མི་ཕམ་པའི་གསུང་གི་སྣང་བ་དང་ཅུང་ཟད་འགྲོགས་པའི་སྐལ་བ་ཅན་སྨྲ་བའི་ཉི་མ་འམ་དབུ་སྨྲ་རུ་འབོད་པས་གསུང་འབུམ་འགའ་དང་གཞུང་བྱང་དཀར་ཆགས་རྣམས་ལས་བཏུས་ཏེ། བྱུང་བ་རིག་པ་ནས་སྒྲུབ་སྡེའི་བར་ཟག་མེད་སྡེ་ཚན་ཉེར་གཅིག་གི་གྲངས་དང་ལྡན་པར་རིག་ཚན་ཉེར་གཅིག་ཏུ་ཕྱེས་ཏེ་དམ་པ་འདི་བོད་རིག་པའི་ཤེས་རིག་ཡོངས་ལ་བྱང་ཆུབ་པས་ཀུན་མཁྱེན་གྱི་མཚན་དོན་དང་ལྡན་པ་གསུང་རྩོམ་གྱིས་གསལ་བོར་བསྟན་ཡོད་པའི་བརྡ་མཚོན་ཙམ་དུ་སྨོས་པ་ལས་གསུང་ཡོངས་རྫོགས་ཀྱི་མཚན་བཀོད་པའི་ངལ་བ་མ་ནུས་པར་འདས་མཆོད་དུ་སྦྱར་བའོ།། འདི་ཡང་འཇམ་མགོན་མི་ཕམ་པའི་གསུང་གི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག་གུ།།