མཁན་ཆེན་བླ་མ་ལ་མོས་གུས་བསྐྱེད་པའི་
མཁན་ཆེན་བླ་མ་ལ་མོས་གུས་བསྐྱེད་པའི་
གསོལ་འདེབས་བཞུགས།
ཆོས་སྐུའི་ཞིང་ན་སྟོན་པ་ཀུན་ཏུ་བཟང་། །
ལོངས་སྐུའི་གནས་ན་ཁྱབ་བདག་རྡོ་རྗེ་འཆང་། །
ཐ་མལ་བདག་ལ་མི་ཡི་སྐུར་སྣང་བ། །
སྐྱབས་གཅིག་བླ་མ་མཁྱེན་ནོ་ཐུགས་རྗེས་གཟིགས། །
སྤྲུལ་པའི་ཞིང་མཆོག་རི་བོ་རྩེ་ལྔ་ན། །
རྒྱལ་སྲས་འཇམ་དཔལ་དཔའ་བོའི་ངོ་བོར་བཞུགས། །
སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །
བླ་མ་ལྷ་རུ་ངེས་པར་བྱིན་གྱིས་རློབས། །
ས་སྤྱོད་ཨོ་རྒྱན་དབང་གི་ཕོ་བྲང་ན། །
གུ་རུ་པདྨ་རྒྱལ་པོའི་ངོ་བོར་བཞུགས། །
སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །
ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །
བྱང་ཕྱོགས་ཤཾ་བྷ་ལ་ཡི་གྲོང་ཁྱེར་ནས། །
རིག་ལྡན་འཇམ་དཔལ་གྲགས་པའི་ངོ་བོར་བཞུགས། །
སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །
ལྟ་སྒོམ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །
མཁའ་སྤྱོད་གླིང་དཀར་དཔའ་བོའི་བཞུགས་གྲལ་ནས། །
འདན་སྲས་གཡུ་འོད་འབུམ་མེའི་ངོ་བོར་བཞུགས། །
སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །
ཆོས་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །
ངོ་མཚར་བདེ་ལྡན་དག་པའི་ཞིང་ཁམས་ནས། །
མགོན་པོ་འོད་དཔག་མེད་ཀྱི་ངོ་བོར་བཞུགས། །
སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །
བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །
བོད་ཡུལ་ལ་སོགས་ཞིང་ཁམས་ངེས་མེད་ན། །
གང་འདུལ་སྣ་ཚོགས་གཟུགས་ཀྱི་ངོ་བོར་བཞུགས། །
སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །
ཕྱོགས་མེད་དག་སྣང་རྒྱས་པར་བྱིན་གྱིས་རློབས། །
ཀུན་དགའ་རྒྱལ་མཚན་དགྲ་བཅོམ་ས་གི་ལྷ།།
དགེ་ལེགས་དཔལ་བཟང་མི་ཕམ་མཁྱེན་པའི་གཏེར། །
བསྟན་འཛིན་སྐྱེས་ཆེན་དུ་མའི་སྐུར་སྤྲུལ་ནས།།
རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཐའ་མི་མངོན། །
རྡོ་རྗེ་བདུད་འཇོམ་རྒོད་ཀྱི་ལྡེམ་འཕྲུ་ཅན། །
པདྨ་ཕྲིན་ལས་ལས་རབ་གླིང་པ་སོགས།།
མ་ངེས་སྤྲུལ་པའི་རྣམ་རོལ་སྣ་ཚོགས་ཀྱི།།
ཚད་མེད་ཐུགས་རྗེས་འགྲོ་འདི་ཡང་ཡང་བསྐྱངས།།
ད་ནས་བླ་མ་མཁན་བཙུན་བཟང་ལྡན་གྱི། །
གང་ཟག་ཉི་ཚེར་འཛིན་པའི་ལོག་རྟོག་བྲལ།།
ཤེས་བྱའི་ཁྱོན་དང་དབྱེར་མེད་རོ་གཅིག་པའི།།
མཁའ་མཉན་ཡོན་ཏན་དད་པས་མཇལ་ཤེས་ཤོག །
སྣང་སེམས་སྣོད་བཅུད་ལམ་ཁའི་ས་རྡོ་དང་། །
འབུ་སྲིན་ཕྲ་མོ་འཕུར་བའི་གཤོག་སྒྲ་ཡན།།
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ།།
རྟོགས་ནས་འཁྲུལ་པའི་བློ་ངན་སང་གྱུར་ཅིག །།
ཆོས་སྤྱོད་ཕྱག་བསྐོར་རྒྱུན་གྱི་འགྲོ་འདུག་དང་། །
ཐ་ན་ལག་པའི་འཛུབ་མོ་བརྐྱང་བསྐུམ་ཡན།།
བླ་མའི་བཀའ་རུ་ཡང་ཡང་བློ་སྦྱང་ནས།།
གང་འདུལ་ཕྲིན་ལས་སྤེལ་བའི་མཐུ་ཐོབ་ཤོག །
བླ་མ་སངས་རྒྱས་ཉིད་དུ་ཐག་ཆོད་ནས། །
སྐྱབས་གནས་རྒྱ་མཚོའི་ངོ་བོ་ངེས་རྙེད་ཅིང་། །
སྣང་སྲིད་བླ་མའི་རོལ་པ་ངོ་འཕྲོད་ཏེ། །
རྟག་ཏུ་འབྲལ་མེད་ཡིད་ཆེས་སྐྱེ་བར་ཤོག །།
ཅེས་པ་འདི་ཡང་ཁམས་རྫ་ཆུའི་རྒྱུད་ཀྱི་ཨ་རིག་ཕུག་ཁང་བཤད་གྲྭའི་མཁན་
ཡེ་ཤེས་རྒྱ་མཚོས་བླ་མ་ཡིད་བཞིན་ནོར་བུའི་སྐུ་ཕྲེང་གསོལ་འདེབས་ཤིག་འབྲི་རོག་
ཞེས་བསྐུལ་མ་ནན་ཏན་བྱེད་པ་དང་། ཚིག་ལ་བྱིན་རླབས་མེད་ཀྱང་བླ་མ་ལ་མོས་
གུས་དང་དག་སྣང་ཕྱོགས་མེད་དུ་བསྐྱེད་པའི་མཐུན་རྐྱེན་རེར་དམིགས་ནས།
འཆི་མེད་རིག་འཛིན་གྱིས་སྨྲས་པ་སྟེ་གཞན་ལ་ཡིག་གེ་ཕབ་ཏུ་བཅུག་པ་སྟེ་དགེ་བས་
སྐྱབས་གཅིག་བླ་མ་ཡིད་བཞིན་ནོར་བུས་རྟག་ཏུ་ཐུགས་རྗེས་སྤྱན་གྱི་གཟིགས་
པའི་རྒྱུ་གྱུར་ཅིག །།