April 2022

༄༅། །རྡོ་རྗེ་གོ་ཁྲབ་ཀྱི་སྲུང་འཁོར་ངོ་སྤྲོད་མདོར་བསྡུས་ཡིད་བཞིན་ནོར་བུའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ།།

༄༅། །རྡོ་རྗེ་གོ་ཁྲབ་ཀྱི་སྲུང་འཁོར་ངོ་སྤྲོད་མདོར་བསྡུས་ཡིད་བཞིན་ནོར་བུའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་པདྨ་ཀཱ་ར་ཡེ།།

ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།།

གུ་རུ་ཡིད་བཞིན་ནོར་བུར་གསོལ་བ་འདེབས།།

ཕྱི་ནང་གསང་བའི་བར་ཆད་ཞི་བ་དང།།

བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

རྡོ་རྗེ་གོ་ཁྲབ་ཀྱི་སྲུང་བའི་འཁོར་ལོ་འདི་ཉིད་ཀྱི་བཀོད་པ་ནི། སྐུ་སྣང་བརྙན། གསུང་གསང་སྔགས། ཐུགས་ཕྱག་མཚན་སྟེ་རྡོ་རྗེ་གསུམ་གྱི་སྲུང་བའི་འཁོར་ལོར་གྲུབ་སྟེ། འདི་ཉིད་ཀྱི་ངོས་གཅིག་ལ་ཆེ་མཆོག་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་བརྙན་བཀོད་པ་ནི། རྡོར་གླིང་གཏེར་གཞུང་ལས། ལྟས་ངན་ཟློག་པར་འདོད་ན༔ རང་རྡོ་རྗེ་གྲོ་ལོད་དུ་བསམ༔ ལག་སོར་བཅུ་པོ་ཁྲོ་བོ་བཅུ་རུ་བསྐྱེད༔ ཅེས་གསུངས་པའི་རྡོ་རྗེའི་ཚིག་གིས་གསལ་བར་བསྟན་པའི་དགོངས་པ་དང་། ངོས་གཅིག་ལ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་བར་སྔགས་ཀྱི་འཁོར་ལོའི་དབུས་སུ་ཐུག་སྲོག་ཧཱུྃ་ཡིག་མཐར་ གུ་རུའི་རིག་སྔགས་ཀུན་གྱི་རྩ་བར་གྱུར་བ་རྡོ་རྗེའི་འབྲུ་བཅུ་གཉིས་པ་དང་། ཁྲོ་བོ་ཀུན་གྱི་རྒྱལ་པོ་འབྱུང་འདུལ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་པ་དང་། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་དང་བདེ་གཤེགས་རིགས་ལྔའི་ཕྱག་མཚན་གྱི་རྒྱས་བཏབ་པས་བདེན་པར་གསུང་བའི་སྔགས་ཀྱི་ནུས་པ་བསླུ་མེད་དུ་འབྱུང་བ་ཡིན་ནོ། །

༡༽སྔགས་ཀྱི་ནུས་པ་བསླུ་མེད་དུ་གྲུབ་པ། སངས་རྒྱས་ཀྱི་གསུངས་བའི་སྔགས་རྣམས་གྲུབ་པ་བཞི་དང་ལྡན་པས་འབྲས་བུ་བསླུ་མེད་དུ་འབྱུང་སྟེ། དཔལ་གཤིན་རྗེ་གཤེད་ནག་པོའི་རྒྱུད་རྟོག་པ་གསུམ་པ་ལས། དད་པ་བརྟན་པོས་བསྒྲུབ་པ་ན། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིགས་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་སོ། །

༢༽སྔགས་ཀྱི་ཁུངས་བསྟན་པ། མཁན་ཆེན་ངག་གི་དབང་པོ་པདྨ་ལས་འབྲེལ་རྩལ་གྱིས། རིག་འཛིན་བརྒྱུད་པའི་སྐུ་སྲུང་ཡིན། །ཅེས་སྔ་འགྱུར་རིག་པ་འཛིན་པར་ཞལ་ནས་སྙན་དུ་བརྒྱུད་ཅིང་སྐུའི་བར་ཆད་ཆད་སྲུང་བའི་རྡོ་རྗེའི་གོ་ཁྲབ་ཉིད་ཡིན་པས་སྔ་མོའི་དུས་ནས་པདྨའི་རྗེས་འཇུག་ཀུན་ཀྱི་ཕ་ནོར་ཟབ་ཆོས་བླ་ན་མེད་པ་ཡིན་ཞིང་། གཏེར་ནས་བྱུང་ཚུལ་ནི་རྡོ་རྗེ་གླིང་པས་སྔགས་དང་ལས་ཚོགས། རོལ་བའི་རྡོ་རྗེས་གུ་རུ་དྲག་ཁྲོས་ཀྱི་མངོན་རྟོགས།  དཔའ་བོ་ལས་རབ་རྩལ་གྱིས་རྫས་སྔགས་སོགས་གསལ་བར་བསྟན་ཅིང་རིག་འཛིན་བརྒྱུད་པས་ཚུལ་བཞིན་ཉམས་སུ་བླངས་ཏེ་གྲུབ་པའི་གོ་འཕང་མགོན་པར་གཤེགས་པ་ཡིན་ནོ། །གདམས་པ་འདི་ཤིན་ཏུ་གསང་བ་ཆེན་པོ་ཡིན་པོ་ཡིན་པས། ཆོས་སྡེ་འགའ་ཞིག་ཏུ་སྔགས་དང། སྒྲུབ་ཐབས། འཁོར་ལོ། རྫས་སྦྱོར་སོགས་ཐ་དད་དུ་བསྟན་པ་དག་འཇམ་མགོན་མི་ཕམ་རིན་པོ་ཆེ་ཆེ་སོགས་སྔ་འགྱུར་གྱི་ཚད་མའི་སྐྱེས་བུ་རྣམས་ཀྱིས་རྒྱས་པར་བཀྲལ་ཞིང་སྤེལ་བ་ཡིན་ནོ། །གཏེར་ཁ་སུམ་ཚོགས་ལ་གནམ་ལྕགས་རྩ་གསུམ་གཏེར་བདག་གླིང་པའམ་ཀརྨ་ལས་འབྲེལ་གླིང་པ་བརྩི་སྲོལ་ཡང་བཞུགས་སོ། །

༣༽སྔགས་སྤེལ་བའི་དུས་བསྟན་པ། ལས་རབ་རྩལ་གྱི་གཏེར་བཞུང་ལས། ལྔ་བརྒྱའི་དུས་ཀྱི་ཐ་མར་སླེབས་པའི་ཚེ༔ འགྲོ་བ་མི་རྣམས་སྡིག་སྤྱོད་བསོད་ནམས་ཟད༔ ཆར་ཆུ་མི་སྙོམས་འབྲས་བུ་དུས་མི་སྨིན༔དེ་དུས་སྤྱོད་ངན་མི་རུང་སྣ་ཚོགས་བྱེད༔ སྡེ་བརྒྱད་འབྱུང་པོ་འཁྲུག་ཅིང་གཟའ་ཀླུ་དར༔ སྔར་མེད་རིམས་ནད་མིང་མི་ཐོགས་པ་དང་༔ སྨན་པས་ངོ་མི་ཤེས་ཤིང་བཅོས་མི་ལེན༔ དེ་དུས་ནད་བརྒྱ་སྔགས་གཅིག་ཟབ་མོ་འདི༔ སྲིད་པ་གསུམ་ན་དཀོན་པའི་ཡིད་བཞིན་ནོར༔ གནོད་བྱེད་ཐམས་ཅད་ཐེམས་བུས་བཀག་དང་མཚུངས༔བདེན་རྫུན་ལག་ཏུ་ལོངས་ལ་ལྟོས་དང་གསལ༔ དཀོན་མོད་རྒྱལ་ཁམས་མི་ལ་དྲིས་དང་གསལ༔ རྒྱ་གར་རྒྱ་ནག་ཁ་ཆེ་ཨོ་རྒྱན་སོགས༔འཛམ་གླིང་ཉུལ་ཡང་འདི་འདྲ་རྙེད་མི་སྲིད༔ ཉི་ཟླའི་འོག་དང་ས་སྟེང་ཇི་སྙེད་དང༔  རྡོ་རྗེ་གདན་གྱི་དབུ་བྱས་འཛམ་གླིང་གི༔ མཁའ་འགྲོའི་གསང་མཛོད་ཐམས་ཅད་དཀྲུགས་བྱས་ཀྱང་༔ འདི་འདྲའི་གདམས་པ་གར་ཡང་ཡོད་མི་སྲིད༔

༤༽སྔགས་ཀྱི་ཕན་ཡོན་བསྟན་པ།

སྔགས་འདི་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་འཇིག་དང་འདས་པའི་ཡོན་ཏན་བསམ་མི་ཁྱབ་པར་འབྱུང་བར་གསུང་སྟེ། འཇིག་རྟེན་གྱི་ཕན་ཡོན་ནི། ལས་བཞི་རབ་འབྱམས་དང་ཁྱད་པར་དུ་ཕྱི་ནང་གི་ནད་གནོད་མ་ལུས་སེལ་བར་གསུངས་སྟེ། རྡོ་གླིང་གཏེར་གཞུང་ལས། ༈ སྔགས་འབུམ་རྡོ་རྗེའི་གོ་ཁྲབ་འདིས༔ ནད་རིགས་བཞི་བརྒྱ་རྩ་བཞི་དང༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ ལྟས་ངན་བརྒྱད་ཅུ་རྩ་བཞི་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ དུས་མིན་འཆི་བ་བཅོ་བརྒྱད་སོགས༔ དེ་དག་ཐམས་ཅད་འཇོམས་པར་བྱེད༔ འདི་ཡིས་ཐམས་ཅད་དབང་དུ་སྡུད༔ འདི་ལ་ཞི་རྒྱས་དབང་དྲག་ཐམས་ཅད་འབྱུང༔ འདི་ལས་ལྷག་པའི་སྔགས་འབུམ་ནི༔ སྔ་ཕྱི་ཀུན་ཏུ་མི་འབྱུང་ངོ༔ ཁོང་པའི་སྙིང་ལས་ལྷག་སྟེ༔ དཔྲལ་བའི་མིག་ལས་གཅེས༔ ལས་རབ་རྩལ་གྱི་གཏེར་བཞུང་ལས། གཞན་ཡང་གཅིག་ཆོག་སྔགས་འདིའི་ནུས་པ་བསྟན༔ ལྷ་ཡི་བཀའ་ཆད་གཟའ་ཡི་གཟེར་བུ་ཐུབ༔ རྒྱལ་པོའི་ཆོ་འཕྲུལ་གཉན་གྱི་གདུག་རྩུབ་ཐུབ༔ ལྷོག་པ་དཀར་ནག་ས་བདག་གནོད་པ་ཐུབ༔ བཙན་གྱི་གདོན་དང་ལྷ་སྲིན་སྡེ་བརྒྱད་ཐུབ༔ མ་མོའི་དལ་ཡམས་དམུ་དང་མ་སང་ཐུབ༔ ཐེའུ་རང་སྲིས་རྐུན་བསྟན་མའི་གདོང་ཐུག་ཐུབ༔ སྔགས་པའི་རྦོད་ཟོར་སྤར་ཁ་དགྲ་གཤེད་ཐུབ༔ ལོ་འབྱུང་མི་མཐུན་སྨེ་བའི་བཞི་གཤེད་ཐུབ༔ ལྟས་ངན་བརྒྱད་ཅུ་གློ་བུར་བདུན་བརྒྱ་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་མ་ལུས་དང་༔ ནད་རིགས་བཞི་བརྒྱ་རྩ་བཞི་བགེགས་ཀྱི་རིགས༔ སྟོང་ཕྲག་བརྒྱད་ཅུའི་ཚོགས་བཅས་གནོད་པ་དངཿ  མི་མཐུན་ཕྱོགས་ངན་གང་ཡང་འདི་ཡིས་ཐུབ༔ གཉན་སར་དཔང་བཙུགས་མནའ་ཡི་ཉེས་པ་དང་༔ ཕོ་འདྲེ་མོ་འདྲེ་མ་ལུས་ས་བདག་དང ༔ སྲོད་ཐོར་རྒྱུ་དུས་གཙུག་ལག་ངན་པ་སོགས༔ འདི་ཡིས་མི་ཐུབ་བྱ་བ་གང་ཡང་མེད༔ སྲ་མཁྲེགས་རྡོ་རྗེ་འབར་བའི་བྲག་དང་མཚུངས༔ ཅེས་གསུངས་སོ། ། འཇིག་རྟེན་ལས་འདས་པའི་ཡོན་ཏན་ནི། དམ་པ་དང་དམ་ཚིག་སྲོག་ཏུ་བཟུང་ནས་བསྒྲུབ་པས། ཞིང་ཁམས་སུ་བསྒྲོད་པ། ཤེས་རབ་འཕེལ་བ། སྙིང་རྗེ་སྐྱེ་བ། སྒོམས་བསྐྱེད་པ། རྟོགས་པ་རྒྱུད་ལ་སྐྱེ་བ། གདུང་དང་རིང་བསྲེལ་སོགས་འབྱུང་བ་གསུངས་སྟེ། རྡོར་གླིང་གཏེར་བཞུང་དུ། །ན་དུས་ལུས་དང་མི་འབྲལ་བྱ༔ འཆི་དུས་མཆན་ཁུང་གཡས་སུ་གདགས༔ སྲེག་ཚེ་རོ་དང་མི་འབྲལ་བྱ༔ འཆི་དུས་འཇའ་དང་འོད་ཀོར་འབྱུང༔ སྒྲ་དང་རོལ་མོར་བཅས་ཏེ་མཁའ་འགྲོས་བསུ༔ ཤི་བའི་རུས་ལ་གདུང་དང་རིང་བསྲེལ་འབྱུང༔ ཨོ་རྒྱན་དྲུང་དུ་ཐེ་ཚོམ་མེད༔

༥༽སྔགས་འགྲུབ་པའི་ཐབས་བསྟན་པ།

སྔགས་འགྲུབ་པའི་ཐབས་ལ། སངས་རྒྱས་ཀྱི་བྱིན་རླབས་གདོད་ནས་གྲུབ་པ་ལ་རང་གི་མོས་གུས་ཀྱི་རྐྱེན་སོགས་ཕྱི་ནང་གི་རྟེན་འབྲེལ་ཕུན་སུམ་ཚོགས་པས་སྔགས་བསླུ་མེད་དུ་འགྲུབ་ཡིན་ཞིང་། སྙིང་པོར་གྱུར་པ་གདམས་པ་ལ་ཐེ་ཚོམ་མེད་པ་དང་། དད་པ་བརྟན་པོ་དང་དམ་ཚིག་ཐུབ་པ་ཞིག་ངེས་པར་དགོས་སྟེ། དཔའ་བོ་ལས་རབ་རྩལ་གྱི་གཏེར་བཞུང་ལས། འདི་སྤྱོད་འགྲོ་ལ་བྱམས་དང་སྙིང་རྗེར་ལྡན༔ བླ་མ་ལ་གུས་ཡང་དག་སྲི་ཞུ་བསྐྱེད༔གདམས་པར་ཡིད་གཉིས་ཐེ་ཚོམ་སེལ་མི་གཞུག༔ བློ་གཏད་ཐུབ་པའི་བུ་ལ་བཀའ་རྒྱས་ཐོབ༔ ཅེས་དང་། རྡོར་གླིང་གཏེར་གཞུང་ལས། སྙིང་ལས་ཕངས་པའི་མན་ངག་འདི༔ སྙིང་དང་འདྲ་བ་མ་གཏོགས་པ༔ གཞན་ལ་བྱིན་ན་དམ་ཚིག་ཉམས༔ མཁའ་འགྲོས་བཀའ་སྲུངས་ཆད་པ་ཆོད༔ ཤི་ནས་དམྱལ་བར་སྐྱེ་བར་འགྱུར༔ ཞེས་དང་ཡང་། འདི་ལས་ལྷག་པའི་སྔགས་འབུམ་ནི༔ སྔ་ཕྱི་ཀུན་ཏུ་མི་འབྱུང་ངོ༔ ཁོང་པའི་སྙིང་ལས་ལྷག་སྟེ༔ དཔྲལ་བའི་མིག་ལས་གཅེས༔ གཞན་ལ་མ་བསྟན་གསང་བར་བྱ༔ ཅེས་གསུངས་པས་བླ་མ་རྩ་བ་གསུམ་ལ་བསླུ་མེད་ཀྱི་ཡིད་ཆེས་གཞིར་བྱས། གཞན་ཕན་གྱི་སེམས་བསྐྱེད་ཅིང་མ་སྨིན་པའི་སེམས་ཅན་ལ་གསང་སྟེ་སྲུང་འཁོར་ལུས་ལ་བཏགས། གཟུང་སྔགས་ཞལ་དུ་དྲངས། དམ་ཚིག་སྙིང་ལ་ཉར་བའི་སྐལ་བ་ལྡན་པའི་སྐྱེས་བུ་ལ་གཞུང་ནས་བཤད་པའི་ཕན་ཡོན་མཐའ་དག་འབྱུང་བར་འགྱུར་རོ། །

ཨོཾ་སྭ་སྟི།།

མ་བཅོས་བཞི་ལྡན་ཨེ་ཝྃ་རིག་པ་འཛིན།།

འདུས་པའི་སྡེ་ཡིས་ས་ཆེན་ཡོངས་གང་ནས།།

ཐུབ་བསྟན་སྙིང་པོའི་ཡང་བཅུད་རྫོགས་པ་ཆེའི།།

རིང་ལུགས་བཤད་སྒྲུབ་སྒོམ་པས་སྤེལ་གྱུར་ཅིག།

ཅེས་པ་འདི་ཡང་རབ་གནས་དགེ་བྱེད་ཆུ་སྟག་ཆོ་འཕྲུལ་ཟླ་བའི་གཟའ་ཚེས་དགེ་བར་ཨེ་ཝཾ་རྒྱལ་ཡོངས་སྨོན་ལམ་འཐེབ་རྩས་བསྐུལ་བ་བཞིན་འཇང་སྟག་ཚང་པདྨ་དབང་ཆེན་དགྱེས་པའི་དགའ་ཚལ་ནས་ཨེ་ཝཾ་རིག་གཞུང་ཚོགས་པས་སྤེལ་བར་དགེའོ།། །།