September 2023

སློབ་དཔོན་སངས་རྒྱས་གཉིས་པའི་གསོལ་འདེབས་ལེའུ་བདུན་མ་བཞུགས་སོ། །

སློབ་དཔོན་སངས་རྒྱས་གཉིས་པའི་གསོལ་འདེབས་ལེའུ་བདུན་མ་བཞུགས་སོ། །

༄༅། །གུ་རུ་ན་མོ༔ མེ་ཕོ་རྟའི་ལོ་རྒྱལ་གྱི་ཟླ་བ་ལ༔ དཔལ་བསམ་ཡས་སུ་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བཏང་བའི་དུས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ དགེ་སློང་ནམ་མཁའི་སྙིང་པོ་དང༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང༔ སྣ་ནམ་རྡོ་རྗེ་བདུད་འཇོམས་དང༔ ལྷ་སྲས་མུ་ཁྲི་བཙན་པོ་དང་ལྔས༔ ཕྱག་དང་སྐོར་བ་བྱས༔ རིན་པོ་ཆེའི་མཎྜལ་ཕུལ་ནས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ གསང་སྔགས་ཀྱི་ཆོས་གསུངས་པ་ཐམས་ཅད་ཀྱི་ནང་ནས་དམ་ཚིག་བསྲུང་བ་གལ་ཆེ༔ དེའི་ནང་ནས་ཀྱང་བླ་མ་ལ་གསོལ་བ་འདེབས་པ་གཙོ་ཆེ་བར་གསུངས་གདའ་བས༔ བདག་ཅག་རྣམས་ལ་དང་བ་འདྲེན་པ༔ བྱིན་རླབས་ཆེ་བ༔ གང་ཟག་ཐ་མལ་པ་བློ་རྨོངས་པས་ཚིག་གི་ར་མདར་སྦྲན་པས་གསང་སྔགས་ཀྱི་ལྷ་རྣམས་ཀྱི་ཐུགས་དམ་སྐུལ་བ༔ གུ་རུ་ཉིད་ཀྱི་བྱིན་རླབས་འཇུག་པ༔ནང་ནུབ་ཏུ་གསོལ་བ་འདེབས་པ་ལ་ཚིག་ཉུང་ལ་དོན་འདུས་པ་ཞིག་བདག་ཅག་དང་མ་འོངས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཉིད་ཀྱིས་གསུང་བར་ཞུ་ཞེས་ཞུས་པས༔ སློབ་དཔོན་ཆེན་པོས་བཀའ་བསྩལ་པ༔ ཉོན་ཅིག་བོད་ཀྱི་སྐལ་ལྡན་རྣམས༔ གསང་སྔགས་ཀྱི་ཐེག་པ་འདི་འབྱུང་བ་ནི་དཀོན་ཏེ༔ སྔོན་སངས་རྒྱས་འོད་སྲུང་ཆེན་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་ཡང་གསང་སྔགས་རྡོ་རྗེ་ཐེག་པ་འདི་མ་གསུངས༔ སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་མ་གསུངས༔ མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་མི་འགྱུར་རོ༔ ཅིའི་ཕྱིར་ཞེ་ན༔ འགྲོ་བ་རྣམས་སྣོད་དུ་མ་གྱུར་པའི་ཕྱིར་རོ༔ སྔོན་བསྐལ་པ་ཐོག་མ་ལ་བསྐལ་པ་ཀུན་བཀོད་ཅེས་བྱ་བ་བྱུང་བའི་ཚེ༔ སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་རྒྱ་ཆེར་བསྒྲགས་སོ༔ ད་ལྟར་གྱི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་གསང་སྔགས་བྱོན་པའོ༔ ད་སྟེ་བསྐལ་པ་བྱེ་བ་འདས་པའི་འོག་ཏུ་བསྐལ་པ་མེ་ཏོག་བཀོད་པ་ཞེས་བྱ་བ་འབྱུང་བའི་ཚེ༔ སངས་རྒྱས་འཇམ་དཔལ་དབྱངས་ཞེས་བྱ་བ་ད་ལྟའི་ང་དང་ཚུལ་མཐུན་པ་ཞིག་འབྱུང་སྟེ༔ དེས་གསང་སྔགས་རྒྱ་ཆེར་སྟོན་པར་འགྱུར་རོ༔བསྐལ་པ་དེ་གསུམ་ནི་འགྲོ་བ་རྣམས་སྣོད་དུ་རུང་བའི་ཕྱིར་རོ༔ བསྐལ་པ་དེ་གསུམ་མ་ཡིན་པ་དུས་ནམ་ཡང་གསང་སྔགས་མི་འབྱུང་ངོ༔ དེ་བས་ན་བསྟན་པ་འདི་ལ་དལ་འབྱོར་གྱི་མི་ལུས་ཐོབ༔ གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ནི་ལེ་ལོ་དང་བཏང་སྙོམས་ཀྱི་དབང་དུ་མ་སོང་བ་གལ་ཆེ༔ ད་གསང་སྔགས་ཉམས་སུ་ལེན་པ་ལ་དགོས་པའི་ཆོས་བཞི་བྱ་བ་ཚང་དགོས༔ དེ་མ་ཚང་ན་དམ་ཚིག་ཉམས་ཏེ་འཁོར་བར་འཁྱམས་ངེས༔ ངན་སོང་དུ་ལྟུང་ངེས༔དེ་ཅིའི་ཕྱིར་ཞེ་ན༔ དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་ཉོན་མོངས་པ་རང་རྒྱུད་དུ་སྤྱད་པས་བྱང་ཆུབ་ཐོབ་པར་མ་གསུངས་སོ༔ དགོས་པའི་ཆོས་བཞི་ནི༔ སྒོ་གསུམ་ཐ་མལ་དུ་འཆོར་བ་ལ་འཁྲི་བ་བཙན་ཐབས་སུ་གཅོད་པའི་གདམས་ངག་དགོས༔ ཉོན་མོངས་དུག་ལྔ་སྟོབས་ཆེ་ན༔དུག་ལྔ་རང་གྲོལ་དུ་ཤེས་པའི་གདམས་ངག་དགོས༔ འདུ་འཛི་གཡེང་བའི་དབང་དུ་སོང་ན༔རེ་དོགས་བར་ཆད་དུ་ཤེས་པའི་གདམས་ངག་དགོས༔ དམ་ཚིག་གཙང་མ་བསྲུང་བ་ལ༔སྐྱེས་བུས་གཞུ་འགེངས་པ་ལྟ་བུའི་གདམས་ངག་དགོས༔ དེ་ཡང་གསང་སྔགས་ཀྱི་ཐེག་པ་ནི་ཨུ་དུམྦ་རའི་མེ་ཏོག་ལྟ་བུ་སྟེ་འབྱུང་བར་མི་འགྱུར༔ གལ་ཏེ་འབྱུང་ཡང་ཡུན་དུ་མི་གནས་སོ༔ དེ་ནི་འགྲོ་བ་རྣམས་སྣོད་དུ་མ་གྱུར་པའི་ཕྱིར་རོ༔ ད་ཁྱེད་རྒྱལ་པོས་དབུ་མཛད་པ་རྣམས་ཉོན་ཅིག༔ བསྟན་པ་འདི་ལ་དལ་འབྱོར་གྱི་མི་ལུས་ཐོབ༔ གསང་སྔགས་ཀྱི་སྒོར་ཞུགས༔ཚེ་འདི་ལ་བྱང་ཆུབ་འཐོབ་པར་འདོད་པ་རྣམས་ཀྱིས༔ རྩ་བ་དང་ཡན་ལག་གི་དམ་ཚིག་གཙང་མར་བསྲུང་བ་གལ་ཆེ༔ དེ་མ་བསྲུངས་ན་འཚོ་བྱེད་ཀྱི་སྨན་བཙལ་བས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུའོ༔ དམ་ཚིག་བསྲུང་བ་ལ་དད་པ་དང་བརྩོན་འགྲུས་ཤེས་རབ་གསུམ་ཚང་དགོས༔ དད་པ་མེད་ན་གསང་སྔགས་ཀྱི་སྣོད་དུ་མི་རུང༔ བརྩོན་འགྲུས་མེད་ན་ལེ་ལོ་ཅན་ཐ་མལ་དུ་འཆོར༔ ཤེས་རབ་མེད་ན་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་དབྱེ་མི་ཤེས༔ གསང་སྔགས་ནི་འགྲོ་བ་དད་གུས་ཅན་གྱི་དོན་དུ་བྱོན་པ་ཡིན༔ དེ་ཡང་རང་ལ་གསང་སྔགས་སྟོན་པའི་བླ་མ་དེ་སངས་རྒྱས་དངོས་སུ་ཤེས་པས་གསོལ་བ་འདི་ལྟར་ཐོབ་ཅིག་གསུངས་སོ༔

ཨེ་མ་ཧོཿ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུཿ ཆོས་ཉིད་དུས་གསུམ་སྐྱེ་འགགས་མེད་པའི་ངངཿ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུཿ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེདཿབླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབསཿ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིཿ ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུཿ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོནཿ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབསཿ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ མི་བརྗེད་འཇིག་རྟེན་དག་པའི་ཞིང་ཁམས་སུཿ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོནཿ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛདཿ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱིཿ བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབསཿ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ

དེ་ལྟར་རྒྱུན་ཆད་མེད་པར་གསོལ་བ་ཐོབ༔ ཅེས་གསུངས་སོ༔ཁ་སྐོང་བརྒྱུད་འདེབས་ནི།

ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས། །སྤྲུལ་སྐུ་རིགས་གསུམ་མགོན་པོ་ལ་གསོལ་བ་འདེབས། །ཡང་སྤྲུལ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༴རིག་འཛིན་ཤྲཱྀ་སེང་ཧ་ལ༴པཎ་ཆེན་བི་མ་མི་དྲ་ལ༴རྒྱལ་སྲས་པདྨ་འབྱུང་གནས་ལ༴ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་༴མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴དགེ་སློང་ནམ་མཁའི་སྙིང་པོ་ལ༴སྣ་ནམ་རྡོ་རྗེ་བདུད་འཇོམས་ལ༴ལྷ་སྲས་མུ་ཁྲི་བཙད་པོ་ལ༴སྤྲུལ་སྐུ་བཟང་པོ་གྲགས་པ་ལ༴རིག་འཛིན་དངོས་གྲུབ་རྒྱལ་མཚན་ལ༴ཀུན་སྤངས་དོན་ཡོད་རྒྱལ་མཚན་ལ༴བརྒྱུད་འཛིན་བསོད་ནམས་མཆོག་བཟང་ལ༴གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ༴མཚུངས་མེད་དངོས་གྲུབ་དཔལ་ལྡན་ལ༴གྲུབ་ཆེན་ཀུན་དགའ་བཟང་པོ་ལ༴ མི་འགྱུར་ལས་འཕྲོ་གླིང་པ་ལ༴ རྒྱལ་དབང་རིན་ཆེན་ཕུན་ཚོགས་ལ༴ སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་ལ༴ མཁས་གྲུབ་མདོ་སྔགས་བསྟན་འཛིན་ལ༴ རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ༴ ཆོས་རྒྱལ་གཏེར་བདག་གླིང་པ་ལ༴ འགྱུར་མེད་ཐེག་མཆོག་བསྟན་འཛིན་ལ༴ འགྱུར་མེད་ཀུན་བཟང་རྣམ་རྒྱལ་ལ༴ རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་ལ༴ འགྱུར་མེད་ངེས་དོན་བསྟན་འཛིན་ལ༴ པདྨ་གར་དབང་རྒྱལ་མཚན་ལ༴ ཐུབ་བསྟན་བཤད་བསྒྲུབ་རྒྱལ་མཚན་ལ༴ འགྱུར་མེད་པདྨ་ཐེག་མཆོག་ལ༴ འགྱུར་མེད་མདོ་སྔགས་བསྟན་འཛིན་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ༴ རྩ་བ་བརྒྱུད་པའི་བླ་མ་ལ༴ ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་ལ༴མ་མོ་མཁའ་འགྲོའི་ལྷ་ཚོགས་ལ༴ ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ༴ འདི་ཕྱི་བར་དོ་གསུམ་དུ་བྱིན་གྱིས་རློབས། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ། །སྐྱེ་མེད་སྙིང་པོ་ལོན་པར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་དང་མ་འོངས་པའི་དད་པ་ཅན་རྣམས་ཀྱི་དོན་དུ༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པ༔ ཚེ་འདིའི་བར་ཆད་སེལ་བ༔ ཕྱི་མ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་པ༔ ནང་ནུབ་ཏུ་གསོལ་བ་འདེབས་པའི་ཆོས་ཤིག་ཞུ་ཞེས་ཞུས་སོ༔ གུ་རུའི་ཞལ་ནས༔ རྒྱལ་པོ་ཆེན་པོ་ལེགས་པར་གསོན་ཅིག་ཅེས་གསུངས་སོ༔

ཨེ་མ་ཧོ༔སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལ༔ ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱོན༔ སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིར༔ གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་བྱོན༔ བསྟན་པ་རིན་པོ་ཆེ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འོག་མིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ༔ དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཡིས༔ མ་ཏྲཾ་རུ་ཏྲ་བཀའ་གོ་ལོག་པ་ལས༔ འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཉམ་ཐག་གཟིགས༔ ཐུགས་རྗེ་ངོ་མཚར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་རུ༔ དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོས་མཛད༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས༔ ལོག་པ་བདུད་ཀྱི་བསྟན་པ་འདུལ་བར་མཛད༔ དུས་གསུམ་བདེ་གཤེགས་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར༔ བདུད་པོ་མ་ཏྲཾ་རུ་ཏྲ་དྲག་པོ་བསྒྲལ༔ སྲིན་མོ་མ་ཚོགས་རྣམས་ལ་སྦྱོར་བ་མཛད༔ གསང་སྔགས་བསྟན་པ་དང་པོ་དེ་ནས་བྱོན༔ གདུལ་བྱ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ དུས་གསུམ་སྐྱེ་འགགས་མེད་པ་ཆོས་ཀྱི་སྐུ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྱིས་གྲུབ༔ སངས་རྒྱས་ཐམས་ཅད་ཐུགས་ལས་བསྐྱེད་པའི་ཡབ༔ ཆོས་སྐུ་ཀུན་ཏུ་བཟང་པོ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང༔ རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུ༔ སྐུ་ཡི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ བུདྡྷ་རིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངང༔ རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་ཀྱི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་སུ༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང༔ རིན་ཆེན་འབྱུང་གནས་ལོངས་སྤྱོད་རྫོགས་པའི་སྐུ༔ ཡོན་ཏན་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་རིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ངང༔ སྣང་བ་མཐའ་ཡས་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ པདྨ་རིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང༔ དོན་ཡོད་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ༔ ཕྲིན་ལས་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ ཀརྨ་རིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆོས་དབྱིངས་རོལ་པའི་གཞལ་ཡས་ཆེན་པོ་ན༔ ཉོན་མོངས་དུག་ལྔ་བརྫིས་པའི་གདན་སྟེང་དུ༔ ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ རིགས་ལྔ་བདེ་གཤེགས་འདུས་པའི་འཁོར་གྱིས་བསྐོར༔ ཀུན་བཟང་ཧེ་རུ་ཀའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཐུགས་རྗེ་རོལ་པའི་གཞལ་ཡས་ཆེན་པོ་ན༔ མ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ ཡེ་ཤེས་ལས་གྲུབ་མ་མོའི་འཁོར་གྱིས་བསྐོར༔ ཆེ་མཆོག་མ་མོའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ན༔ མ་ཏྲཾ་རུ་ཏྲ་བརྫིས་པའི་གདན་སྟེང་དུ༔ ཐུགས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀ༔ ཁྲག་འཐུང་ཁྲོ་བོ་འབར་བའི་འཁོར་གྱིས་བསྐོར༔ དཔལ་ཆེན་ཧེ་རུ་ཀའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མཐིང་ནག་ཨེ་ལས་དྲག་པོའི་གཞལ་ཡས་ན༔ གཤིན་རྗེ་ཆུ་གླང་བརྫིས་པའི་གདན་སྟེང་དུ༔ འཇམ་དཔལ་ཡ་མཱནྟ་ཀ་གཤིན་རྗེའི་གཤེད༔ གཤེད་པོ་ཁྲོ་བོ་དྲེགས་པའི་འཁོར་གྱིས་བསྐོར༔ གཤིན་རྗེ་གཤེད་པོའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དམར་ནག་གྲུ་གསུམ་དབང་གི་གཞལ་ཡས་ན༔ བདུད་ནག་ཕོ་མོ་བརྫིས་པའི་གདན་སྟེང་དུ༔ དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ༔ པདྨ་རིགས་ཀྱི་ཁྲོ་བོ་རྣམས་ཀྱིས་བསྐོར༔ རྟ་མགྲིན་དབང་གི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་ན༔ ཕོ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ༔ བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་འཁོར་གྱིས་བསྐོར༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ པདྨ་དབང་གི་གཞལ་ཡས་ཆེན་པོ་ན༔ མ་ཆགས་པདྨ་འབར་བའི་གདན་སྟེང་དུ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བསྐོར༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དུར་ཁྲོད་རྔམ་བརྗིད་རོལ་པའི་གཞལ་ཡས་ན༔ ཏི་ར་གན་རྐྱལ་བརྫིས་པའི་གདན་སྟེང་དུ༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་ཕག་མོའི་སྐུ༔ མ་མོ་མཁའ་འགྲོའི་ལྷ་ཚོགས་འཁོར་གྱིས་བསྐོར༔ རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྒྱ་གར་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རྒྱུ་འབྲས་བདེན་པས་འགྲོ་བའི་དོན་མཛད་ཅིང༔ སྡེ་སྣོད་གསུམ་གྱིས་བསྟན་པའི་རྒྱལ་མཚན་བཙུགས༔ ཉན་ཐོས་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དྷ་ན་ཀོ་ཤ་ཀླུ་ཡི་ཕོ་བྲང་དུ༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་བའི་དོན་ལ་བྱོན༔ རྒྱལ་བའི་དགོངས་པས་འགྲོ་དྲུག་རང་གྲོལ་མཛད༔ མཁའ་འགྲོ་སྡེ་ལྔ་མ་མོའི་འཁོར་གྱིས་བསྐོར༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྒྱ་ནག་རི་བོ་རྩེ་ལྔའི་ཕོ་བྲང་དུ༔ སངས་རྒྱས་སྐུ་ཡི་སྤྲུལ་པ་འཇམ་དཔལ་དབྱངས༔ སྟེང་འོག་ཕྱོགས་བཞིར་སྐུ་ཡིས་འགྲོ་དོན་མཛད༔ སྐུ་ཡི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ འཕགས་པ་འཇམ་དཔལ་གྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གནས་ཆེན་རི་བོ་ཏ་ལའི་ཕོ་བྲང་དུ༔སངས་རྒྱས་གསུང་གི་སྤྲུལ་པ་སྤྱན་རས་གཟིགས༔ སྟེང་འོག་ཕྱོགས་བཞིར་གསུང་གིས་འགྲོ་དོན་མཛད༔ གསུང་གི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ སངས་རྒྱས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་འཛིན༔ སྟེང་འོག་ཕྱོགས་བཞིར་ཐུགས་ཀྱིས་འགྲོ་དོན་མཛད༔ ཐུགས་ཀྱི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔སྟེང་ཕྱོགས་རྣམ་པར་རྒྱལ་བའི་ཁང་བཟང་དུ༔ འཕགས་པ་འཇམ་དཔལ་ཐུགས་ཀྱི་དགོངས་པ་ཡིས༔ ལྷ་དབང་བརྒྱ་བྱིན་གནས་སུ་གསང་སྔགས་བྱོན༔ ཚོམ་བུ་འབུམ་དང་བཅས་ཏེ་མངོན་སངས་རྒྱས༔ ལྷ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འོག་ཕྱོགས་རྒྱ་མཚོ་ཆེན་པོའི་གཏིང་རུམ་དུ༔ སྤྱན་རས་གཟིགས་དབང་ཐུགས་ཀྱི་དགོངས་པ་ཡིས༔ ཀླུ་རྒྱལ་འཇོག་པོའི་གནས་སུ་གསང་སྔགས་བྱོན༔ ཚོམ་བུ་འབུམ་དང་བཅས་ཏེ་མངོན་སངས་རྒྱས༔ ཀླུ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རི་རྒྱལ་མེ་རི་འབར་བའི་རྩེ་མོ་རུ༔ ཕྱག་ན་རྡོ་རྗེའི་ཐུགས་ཀྱི་དགོངས་པ་ཡིས༔ རྒྱལ་པོ་ཛཿཡི་གནས་སུ་གསང་སྔགས་བྱོན༔ གང་ཟག་ལས་ཅན་མ་ལུས་བྱང་ཆུབ་ཐོབ༔ མི་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ནུབ་ཕྱོགས་ཨོ་རྒྱན་དབང་གི་ཕོ་བྲང་དུ༔ བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ རིག་འཛིན་མཁའ་འགྲོ་མང་པོའི་འཁོར་གྱིས་བསྐོར༔ པདྨ་འབྱུང་གནས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡང་སྤྲུལ་དང༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྱོགས་བཅུའི་སངས་རྒྱས་རིག་འཛིན་བྱང་སེམས་ལ༔ བདག་ཅག་ལུས་ངག་ཡིད་གསུམ་གུས་པ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔

ཞེས་གསུངས་སོ༔ རྒྱལ་པོ་ཆེན་པོ་ཚེ་འདིའི་ཁེ་གྲགས་དང་འདུ་འཛིའི་དབང་དུ་མ་བཏང་བར་དུས་རྒྱུན་དུ་གསོལ་བ་ཐོབ༔ གསང་སྔགས་ཀྱི་རྩ་བ་དམ་ཚིག་ཡིན༔ དམ་ཚིག་གི་རྩ་བ་མོས་གུས་དང་བརྩོན་འགྲུས་ཡིན༔ དེ་གཉིས་ཀྱི་རྩ་བ་བླ་མ་དང་ཡི་དམ་ལ་གསོལ་བ་འདེབས་པ་ཡིན་པས༔ བརྩོན་འགྲུས་ཅན་གྱིས་ཉམས་སུ་བླངས་ན༔ ཚེ་འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཞེས་གསུངས་སོ༔ དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ སྤྱིར་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིར༔ ཐེག་པ་ཆེན་པོའི་གསང་སྔགས་བྱོན་པ་འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ་ལགས༔ གསང་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྐུའི་ངོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ༔ གསུང་ཐེག་པ་ཆེན་པོའི་མན་ངག་གིས་འགྲོ་བ་འདྲེན༔ ཐུགས་ཀྱི་དགོངས་པ་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའི་དགོངས་པ་ཟབ་མོ་མངའ་བ༔ བདེ་གཤེགས་ཀུན་འདུས་པདྨ་འབྱུང་གནས་ཉིད་ལས་ལྷག་པའི་སངས་རྒྱས་ནི་བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས་གཞན་ནས་བཙལ་དུ་མི་རྙེད་པར་འཁུམས་ལགས་པས༔ བདག་ལ་ཚིག་ཉུང་ལ་དོན་འདུས་པ༔ དོན་ཟབ་ལ་བྱིན་རླབས་ཆེ་བ༔ གུ་རུ་ཉིད་ལ་གསོལ་བ་བཏབ་པ་ཙམ་གྱིས་བྱིན་རླབས་ནམ་མཁའི་སྤྲིན་ལྟར་གཡོ་ནུས་པ༔ བདག་ཐ་མལ་པ་རྣམས་ཀྱིས་བོད་ཡུལ་དུ་གསོལ་བ་བཏབ་པས༔ གུ་རུ་ཉིད་སླར་ཨོ་རྒྱན་དུ་གཤེགས་པའི་དུས་སུ་མཁའ་འགྲོའི་གླིང་ནས་ཐུགས་རྗེས༔ བོད་ཀྱི་དད་པ་ཅན་རྣམས་ཀྱི་གནས་སུ་བྱོན་ཏེ་བྱིན་གྱིས་རློབ་ནུས་པ་ཞིག་ཞུ་ཞེས་ཞུས་པས༔ བཀའ་བསྩལ་པ༔ ཉོན་ཅིག་ཇོ་མོ་མཚོ་རྒྱལ༔ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་དབང་གིས་རྟོག་པ་ཁ་འབྱམས་ཤིང་གཉིས་སྣང་གི་རྟོག་པར་བདག་ཏུ་བཟུང་བས་འཁྲུལ་པ་ཡིན༔ ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས༔ ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར༔ སྤྲུལ་སྐུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཀའ་བགྲོས་ཏེ་ལྷོ་འཛམ་བུའི་གླིང་དུ་བྱོན༔ ཁྱད་པར་དུ་བོད་ཡུལ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བ་དང༔ གསང་སྔགས་འབྲས་བུའི་ཆོས་ཀྱིས་འགྲོ་བ་འདྲེན་པའི་ཕྱིར༔ རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལས༔རང་བྱུང་སྤྲུལ་པའི་སྐུ་རུ་བརྡ་ཡིས་འོང༔ གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱིས་གསོལ་འདེབས་ན༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་པས་བདག་ཉིད་ཐུགས་རྗེ་མྱུར༔ མཚོ་རྒྱལ་མོས་པས་རྒྱུན་དུ་གསོལ་བ་ཐོབ༔ ཅེས་གསུངས་སོ༔ དེའི་དུས་སུ་ཞལ་ལྷོ་ནུབ་ཏུ་གཟིགས་ཏེ༔ རིན་པོ་ཆེ་དང་རུས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན༔ ཕྱག་གཡས་པས་ཐོད་པའི་ཌཱ་མ་རུ་འཁྲོལ༔ ཕྱག་གཡོན་པ་ཇོ་མོ་མཚོ་རྒྱལ་གྱི་སྤྱི་བོར་བཞག་སྟེ༔ འདི་སྐད་ཅེས་གསུངས་སོ༔

ཨེ་མ་ཧོ༔འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ གནས་ཆེན་རྡོ་རྗེ་གདན་གྱི་ནུབ་བྱང་མཚམས༔ རྔ་ཡབ་གླིང་ཕྲན་ཟ་བྱེད་སྲིན་པོའི་ཡུལ༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་བྱིན་བརླབས་པའི༔ གླིང་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་འདས་པའི་དུས༔ མ་ཏྲཾ་རུ་ཏྲ་བསྒྲལ་བའི་རྫས་བརྒྱད་ལ༔ གསང་སྔགས་འབྱོན་པའི་གནས་བརྒྱད་བྱིན་གྱིས་བརླབས༔ ཙིཏྟ་ཨོ་རྒྱན་གནས་སུ་བབ་པ་ལས༔ རྟེན་འབྲེལ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་གནས༔ མ་མོ་མཁའ་འགྲོ་ཐམས་ཅད་འདུ་བའི་གླིང༔ གསང་སྔགས་བརྡ་ཡི་རང་སྒྲ་དི་རི་རི༔ གནས་དེར་ཕྱིན་པ་ཙམ་གྱིས་བྱང་ཆུབ་ཐོབ༔ གནས་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས༔ རྩ་བ་ཀླུ་ཡི་རྒྱལ་པོའི་གནས་སུ་ཟུག༔ སྐེད་པ་ལྷུན་ཆགས་མཁའ་འགྲོའི་གནས་ན་བརྗིད༔ རྩེ་མོ་ཚངས་པའི་འཇིག་རྟེན་བསྙེགས་པ་འདྲ༔ རི་རྒྱལ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དཔལ་གྱི་རི་བོ་འབར་བའི་རྩེ་མོ་ན༔ ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བཻཌཱུརྱ༔ ནུབ་ཕྱོགས་རཱ་ག་བྱང་ཕྱོགས་ཨིནྡྲའི་མདོག༔ ཕྱི་ནང་མེད་པར་གསལ་བའི་གཞལ་ཡས་ཁང༔ ཕོ་བྲང་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གཞལ་ཡས་ཆེན་པོའི་ཕྱོགས་བཞི་མཚམས་བརྒྱད་དང༔ སྟེང་འོག་ཐམས་ཅད་རིན་པོ་ཆེ་ལས་གྲུབ༔ ཁྱམས་དང་གྲུ་ཆད་གློ་འབུར་རིགས་བཞི་ཡང༔ ཕྲིན་ལས་བཞི་ཡི་ཁ་དོག་སོ་སོར་གསལ༔ ལྷུན་གྲུབ་གཞལ་ཡས་ཁང་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྩིག་པ་འདོད་སྣམ་ཕ་གུ་དྲ་བ་དང༔ དྲ་ཕྱེད་མདའ་ཡབ་རིན་ཆེན་སྣ་ལྔ་གསལ༔ སྒོ་བཞི་རྟ་བབས་ཆོས་འཁོར་རྒྱན་རྣམས་ཀུན༔སྣ་ཚོགས་རིན་པོ་ཆེ་ཡིས་མཛེས་པར་བརྒྱན༔ རིན་ཆེན་གཞལ་ཡས་ཁང་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དཔག་བསམ་ཤིང་དང་བདུད་རྩིའི་ཆུ་མིག་དང༔ འཇའ་ཚོན་སྣ་ལྔས་ཕྱི་ནང་སྤྲིན་ལྟར་གཏིབས༔ མེ་ཏོག་པདྨའི་འོད་ཀྱིས་བར་སྣང་ཁེངས༔ གནས་དེ་དྲན་པ་ཙམ་གྱིས་བདེ་ཆེན་ཐོབ༔ པདྨ་འོད་ཀྱི་གཞལ་ཡས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གཞལ་ཡས་ཆེན་པོ་དེ་ཡི་ནང་ཤེད་ན༔ རིན་ཆེན་ཟུར་བརྒྱད་ཉི་མ་ཟླ་བའི་གདན༔ མ་ཆགས་པདྨ་འབར་བའི་སྡོང་པོ་ལ༔པདྨ་འབྱུང་གནས་བདེ་གཤེགས་འདུས་པའི་སྐུ༔ རང་བྱུང་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཞི་རྒྱས་དབང་དྲག་དོན་ལ་དགོངས་པའི་ཕྱིར༔ སྐུ་མདོག་ཕྱག་མཚན་རྒྱན་རྣམས་མ་ངེས་ཀྱང༔ ཉི་མ་སྟོང་གི་འོད་ལས་གཟི་མདངས་ཆེ༔ རི་རྒྱལ་ལྷུན་པོ་བས་ཀྱང་བརྗིད་རེ་ཆེ༔ ཡ་མཚན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཐུགས་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགྱེད༔ སྤྱན་རྩ་ཉི་ཟླ་ལྟ་བུར་འཁྱིལ་ཞིང་གཟིགས༔ ནམ་མཁའི་གློག་ལས་ཐུགས་རྗེའི་ཕྲིན་ལས་མྱུར༔དགོངས་པ་ཟབ་མོ་ནམ་མཁའི་ཀློང་དང་མཉམ༔ ཐུགས་རྗེ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འགྲོ་ལ་བརྩེ་བའི་ཐབས་ཀྱིས་འགྲོ་དོན་མཛད༔ ཞལ་འཛུམ་མཛེས་པའི་མདངས་ལྡན་ཡ་ལ་ལ༔ འབྲུག་སྟོང་ལྡིར་བས་གསུང་གི་གདངས་སྒྲ་ཆེ༔ གསང་སྔགས་ཟབ་མོའི་ཆོས་སྒྲ་དི་རི་རི༔ ཚངས་པའི་གསུང་དབྱངས་སྒྲོག་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སྤྲུལ་སྐུ་ཆེན་པོའི་ཕྱོགས་བཞི་མཚམས་བརྒྱད་ན༔ལོག་པའི་དགྲ་བགེགས་བརྫིས་པའི་གདན་སྟེང་དུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རིགས་ལྔ་བདེ་གཤེགས་བདུད་འདུལ་ཁྲོ་བོའི་ཚོགས༔ སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ༔ རིགས་བཞིའི་གིང་དང་མཁའ་འགྲོ་སྡེ་བཞིའི་ཚོགས༔ ཐམས་ཅད་མ་ལུས་དུར་ཁྲོད་ཆས་དང་ལྡན༔ མཛེས་པའི་རྒྱན་ལྡན་རོལ་པའི་སྟབས་སུ་བཞུགས༔ ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གཞལ་ཡས་ཆེན་པོའི་ཕྱོགས་བཞིའི་བར་ཁྱམས་དང༔ གྲུ་ཆད་གློ་འབུར་རིག་འཛིན་མཁའ་འགྲོས་ཁེངས༔ ལྷ་དང་ལྷ་མོ་མང་པོ་སྤྲིན་ལྟར་གཏིབས༔ ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་འབུལ༔ མ་མོ་མཁའ་འགྲོའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རིན་ཆེན་གཞལ་ཡས་ཁང་གི་འདོད་སྣམ་ལ༔ མཆོད་པའི་ལྷ་མོ་ཆར་སྤྲིན་ལྟ་བུར་གཏིབས༔ འདོད་ཡོན་དྲུག་གི་མཆོད་པས་འཇིག་རྟེན་ཁེངས༔ ཀུན་ཏུ་བཟང་པོའི་མཆོད་པས་བདེ་གཤེགས་མཆོད༔ ཡོན་ཏན་ཀུན་འབྱུང་གི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གཞལ་ཡས་ཆེན་པོའི་ཕྱོགས་ཀྱི་སྒོ་བཞི་ན༔ རྒྱལ་ཆེན་སྡེ་བཞི་བསྒོ་བའི་བཀའ་ཉན་མཛད༔ ལྷ་སྲིན་སྡེ་བརྒྱད་བྲན་དང་ཕོ་ཉར་འགྱེད༔ བདུད་དང་མུ་སྟེགས་རྡུལ་ཕྲན་བཞིན་དུ་འདུལ༔ ཆོས་སྐྱོང་སྲུང་མའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཧཱུྃ༔བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ༔མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་རུ་རུ༔ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང༔བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་པར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔

མཚོ་རྒྱལ་དེ་ལྟར་མོས་པས་གསོལ་བ་ཐོབ༔པད་འབྱུང་བདག་ལ་འགྲོ་བའི་དོན་ལས་མེད༔དམ་ཚིག་དབང་གིས་བོད་ཀྱི་ཡུལ་དུ་འོང༔དད་པ་ཅན་ལ་དངོས་སུ་ལུང་སྟོན་འགྱུར༔ཞེས་གསུངས་སོ༔གུ་རུའི་ཞལ་ནས༔གསོལ་བ་འདེབས་པ་ལ་དང་པོ་ལོ་རྒྱུས་བརྗོད་པས་དང་བ་འདྲེན༔ཡོན་ཏན་མཐོང་བས་དད་པ་སྐྱེ༔ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག༔སེམས་ཐེ་ཚོམ་དང་བྲལ་བས་བསམ་པ་འགྲུབ༔ཅེས་གསུངས་སོ༔དེ་ནས་དགེ་སློང་ནམ་མཁའི་སྙིང་པོས་ཞུས་པ༔ཀྱེ་སློབ་དཔོན་ཆེན་པོ་ལགས༔བདག་ལ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ༔སྣང་བ་ལྷ་དང་ལྷ་མོར་གསལ་བ༔སྒྲ་གྲགས་ཚད་ཡི་དམ་ལྷའི་གསུང་དུ་གོ་བ༔རྟོག་པ་ཅི་ཤར་ཆོས་ཉིད་དུ་གྲོལ་བའི་གསོལ་འདེབས་ཤིག་ཞུ་ཞེས་ཞུས་པས༔བཀའ་བསྩལ་པ༔

ཨེ་མ་ཧོ༔སྤྲོས་བྲལ་བདེ་ཆེན་རྒྱལ་བ་ཀུན་ཏུ་བཟང༔ རིགས་ལྔའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང༔ འགྲོ་དྲུག་དོན་མཛད་བྱང་ཆུབ་སེམས་དཔའི་སྐུ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམ་པ་གསུམ༔ རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔གྲགས་ལྡན་མཆོག་སྐྱོང་གནོད་སྦྱིན་སྐར་མདའ་གདོང༔ བློ་གྲོས་ཐབས་ལྡན་ཀླུ་རྒྱལ་འཇོག་པོ་དང༔ དྲི་མེད་གྲགས་པ་ལས་ཅན་རྒྱལ་པོ་ཛ༔ རིག་འཛིན་ལྷ་དབང་བརྒྱ་བྱིན་ལ་སོགས་ཏེ༔ རིག་འཛིན་རིག་པའི་བརྒྱུད་པ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡིས༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང༔ ཤྲཱི་སེང་ཧའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ རྫོགས་ཆེན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྒྱལ་བ་ཆོས་ཀྱི་སྐུ་ཡི་དགོངས་པ་ཡིས༔ བདེ་གཤེགས་རིགས་ལྔ་རིགས་གསུམ་མགོན་པོ་དང༔ སངས་རྒྱས་གསང་བའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྒྱུ་འཕྲུལ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འཇམ་དཔལ་ཡ་མཱནྟ་ཀའི་དགོངས་པ་ཡིས༔ སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང༔ རོ་ལངས་བདེ་བའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྐུ་ཡི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དབང་གི་ལྷ་མོ་ནཱ་གརྫུ་ན་དང༔ པདྨ་འབྱུང་གནས་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསུང་གི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བཛྲ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང༔ ཧཱུྃ་ཆེན་ཀ་རའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཐུགས་ཀྱི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆེ་མཆོག་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ སྤྲུལ་པའི་མཁའ་འགྲོ་རིག་འཛིན་མང་པོ་དང༔ མི་འགྱུར་ནམ་མཁའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཡོན་ཏན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྲིན་ལས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ མ་རྒྱུད་ལྷ་མོ་ཡོངས་འཁྱུད་བདེ་མ་དང༔ དྷ་ན་སཾ་སྐྲྀའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྲིད་པ་མ་རྒྱུད་ཀྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་དགོངས་པ་ཡིས༔ རཾ་བུ་གུ་ཧྱ་ཙནྡྲའི་ཐུགས་བརྒྱུད་ནས༔ ཤཱཀྱ་སེངྒེའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ མཆོད་བསྟོད་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དཔལ་ཆེན་སྟོབས་ལྡན་ནག་པོའི་དགོངས་པ་ཡིས༔ སློབ་དཔོན་ཤིནྟཾ་གརྦྷའི་ཐུགས་བརྒྱུད་ནས༔ རྡོ་རྗེ་གྲོ་ལོད་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ དྲག་སྔགས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིས༔ ལྷ་མོ་ཙཎྜ་ལི་ལ་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྡོ་རྗེ་ཕག་མོའི་ཐུགས་ཀྱི་དགོངས་པ་ཡིས༔ མཁའ་འགྲོ་སེངྒེའི་གདོང་ཅན་ཐུགས་བརྒྱུད་ནས༔ རྡོ་རྗེ་དྲག་པོ་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསང་སྔགས་མ་རྒྱུད་ཀྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྡོ་རྗེ་ཁྲག་འཐུང་ཐུགས་ཀྱི་དགོངས་པ་ཡིས༔ སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་བརྒྱུད་ནས༔ འཛམ་གླིང་བོད་ཀྱི་ལས་ཅན་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསང་སྔགས་འདུས་བརྒྱུད་ཀྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདས་པའི་སངས་རྒྱས་རྣམས་ཀྱི་དགོངས་པ་ཡིས༔ སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་བརྒྱུད་ནས༔ བོ་དྷི་ས་ཏྭའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ རྒྱུ་འབྲས་དོན་སྟོན་གྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རིག་འཛིན་བྱང་ཆུབ་སེམས་དཔའི་དགོངས་པ་ཡིས༔ གང་ཟག་ལས་ཅན་རྣམས་ལ་བྱིན་བརླབས་ཏེ༔ དུས་ཚོད་འདི་ནས་ལྔ་བརྒྱའི་ཐ་མའི་བར༔ གསང་སྔགས་བཀའ་བཞིན་སྒྲུབ་པའི་དམ་ཚིག་ཅན༔ གང་ཟག་སྙན་ཁུང་བརྒྱུད་པ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ སྣང་ཡང་བདག་འཛིན་མེད་པའི་ངང་ལ་ཞོག༔ གཟུང་འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ༔ འདོད་ཆགས་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདི་ལྟར་རྣ་བའི་ཡུལ་དུ་གྲག་པ་ཡི༔ སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན༔ གྲགས་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོག༔ གྲག་སྟོང་སྐྱེ་འགགས་མེད་པ་རྒྱལ་བའི་གསུང༔ གྲག་སྟོང་རྒྱལ་བའི་གསུང་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ རིག་པ་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕྱི་ལྟར་གཟུང་བའི་ཡུལ་སྣང་དག་པ་དང༔ ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང༔ བར་དུ་འོད་གསལ་རང་ངོ་ཤེས་པ་རུ༔དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྗེ་ཡིས༔ བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔

དེ་ལྟར་རྒྱུན་ཆད་མེད་པར་གསོལ་བ་ཐོབ༔ ནམ་མཁའི་སྙིང་པོ་རིག་པའི་བཙན་ས་ཟུངས༔ བདག་དང་འབྲལ་བ་མེད་པར་བདེ་ཆེན་གནས་སུ་སྤྱོན༔ ཞེས་གསུངས་སོ༔ དེ་ནས་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ཉིད་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སངས་རྒྱས་ཐམས་ཅད་འདུས་པའི་གསུང༔ སངས་རྒྱས་ཐམས་ཅད་འདུས་པའི་ཐུགས༔ བདེ་གཤེགས་འདུས་པའི་ཐུགས་རྗེ་ཅན༔ པདྨ་འབྱུང་གནས་རྒྱལ་བའི་སྐུ༔ ཁྱོད་ལས་ལྷག་པ་གཞན་ན་མེད༔ བདག་དང་མ་འོངས་དོན་ཆེད་དུ༔ ཉིད་ཀྱི་བྱོན་ཚུལ་མཛད་ཚུལ་ལ༔ བརྟེན་ནས་དང་བ་འདྲེན་པ་དང༔ ཡིད་ཆེས་མོས་གུས་སྐྱེ་བ་ཡི༔ གསོལ་འདེབས་བྱིན་གྱིས་རློབ་པའི་གསུང༔ བདག་ལ་ཐུགས་རྗེས་གནང་བར་ཞུ༔ ཞེས་ཞུས་སོ༔ བཀའ་བསྩལ་པ༔ ཉོན་ཅིག་སྔགས་ཀྱི་རྣལ་འབྱོར་པ༔ ང་ཡི་རྣམ་ཐར་མཛད་ཚུལ་ནི༔ བསམ་གྱིས་མི་ཁྱབ་བརྗོད་མི་ལང༔ འོན་ཀྱང་འཛམ་གླིང་བོད་ཡུལ་དུ༔ སྤྲུལ་པས་འགྲོ་དོན་བྱས་པའི་ཚུལ༔ ཅུང་ཞིག་བཤད་ཀྱིས་གུས་པས་ཉོན༔ རྒྱུན་ཆད་མེད་པར་གསོལ་བ་ཐོབ༔ ཅེས་གསུངས་སོ༔

ཨེ་མ་ཧོ༔ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔ ཀླུ་རྒྱལ་འཇོག་པོ་གནས་པའི་ཁང་སྟེང་དུ༔ པདྨ་འབར་བའི་སྡོང་པོའི་རྩེ་ལས་འཁྲུངས༔ རང་བྱུང་ངོ་མཚར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕ་དང་མ་མེད་ཁྱེ་འུ་སྤྲུལ་པའི་སྐུ༔ རྒྱུ་མེད་རྐྱེན་མེད་རྒྱ་མཚོའི་ཀློང་ལས་བྱོན༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལས་ཅན་རྒྱལ་པོ་ཨིནྡྲ་བྷུ་ཏི་ཡིས༔ རྒྱ་མཚོ་ཆེན་པོའི་ཀློང་ནས་རྙེད་དེ་བྱོན༔ དད་པས་སྤྱན་དྲངས་རྒྱལ་པོར་མངའ་གསོལ་མཛད༔ རྒྱལ་སྲིད་ཆོས་ཀྱི་ཁྲིམས་ཀྱིས་བདེ་ལ་བཀོད༔ རྒྱལ་པོ་ཐོར་ཅོག་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྷོ་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ རྒྱལ་སྲིད་སྤངས་ནས་བརྟུལ་ཞུགས་སྤྱོད་པ་མཛད༔ ཏ་ན་གྷ་ནའི་སྦྱོར་སྒྲོལ་དགོངས་པ་ཡིས༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས༔ ཤཱནྟ་རཀྵི་ཏ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕྱོགས་བཞིའི་དུར་ཁྲོད་ཀུན་ཏུ་སྤྱོད་པ་མཛད༔ ཡེ་ཤེས་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབས༔ རྡོ་རྗེ་ཕག་མོའི་ཞལ་མཐོང་དངོས་གྲུབ་ཐོབ༔ ནམ་མཁའི་གཟའ་ཆེན་ཐམས་ཅད་བྲན་དུ་བཀོལ༔ རྡོ་རྗེ་དྲག་པོ་རྩལ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བྲག་དམར་བྱ་ཁྱུང་ཚལ་གྱི་ཀེའུ་ཚང་དུ༔ སློབ་དཔོན་པྲ་བྷ་ཧསྟིའི་སྤྱན་སྔར་བྱོན༔ རྣལ་འབྱོར་ཡོ་གའི་ཆོས་ལ་སྦྱངས་པ་མཛད༔ ཡོ་གའི་ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་པའི༔ ཤཱཀྱ་སེང་གེའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྒྱ་གར་ཡུལ་གྱི་ཕྱོགས་བཞིའི་གནས་ཆེན་དུ༔ རིག་འཛིན་གྲུབ་ཐོབ་མང་པོའི་སྤྱན་སྔར་བྱོན༔ ཡོ་ག་རྣམ་གསུམ་ཆོས་ལ་སྦྱངས་པ་མཛད༔ མཚན་ཉིད་རྒྱུ་ཡི་ཆོས་ཀྱི་སྒྲོ་འདོགས་བཅད༔ མཁས་པ་བློ་ལྡན་མཆོག་སྲེད་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པའི་ཚེ༔མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྱུར༔ འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཟ་ཧོར་རྒྱལ་ཁམས་འདུལ་དུ་གཤེགས་པའི་ཚེ༔ མ་རིག་འཁྲུལ་པའི་སེམས་ཅན་ཆོས་ལ་བཙུད༔ ཡ་མཚན་རྨད་དུ་བྱུང་བའི་རྫུ་འཕྲུལ་བསྟན༔ རྒྱལ་ཁམས་ཐམས་ཅད་ཆོས་ཀྱིས་གང་བར་མཛད༔ པདྨ་སམྦྷའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཨོ་རྒྱན་རྒྱལ་ཁམས་འདུལ་དུ་གཤེགས་པའི་ཚེ༔ གཤེད་མས་མེ་ཡི་དབུས་སུ་བསྲེགས་པ་ན༔ མེ་དཔུང་མཚོ་རུ་བསྒྱུར་ཏེ་རྫུ་འཕྲུལ་བསྟན༔ ཨིནྡྲ་བྷཱུ་ཏི་བྱང་ཆུབ་ལམ་ལ་བཀོད༔ སྲས་མཆོག་པདྨ་རྒྱལ་པོ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འོག་མིན་གནས་དང་བདེ་ཆེན་དུར་ཁྲོད་དང༔ ལྷུན་གྲུབ་བརྩེགས་དང་པདྨ་བརྩེགས་ལ་སོགས༔ རང་བྱུང་མཆོད་རྟེན་དྲུང་དུ་བཞུགས་པའི་ཚེ༔ མ་མོ་མཁའ་འགྲོ་ཆོས་སྐྱོང་འཁོར་གྱིས་བསྐོར༔ གུ་རུ་ཉི་མ་འོད་ཟེར་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྷོ་ཕྱོགས་རྒྱ་གར་ཡུལ་དུ་གཤེགས་པའི་ཚེ༔ མཁའ་འགྲོ་བདུད་འདུལ་མ་ཡིས་བྱིན་གྱིས་བརླབས༔ མུ་སྟེགས་སྟོན་པ་ལྔ་བརྒྱའི་རྩོད་པ་བཟློག༔ ངན་སྔགས་བདག་པོ་མུ་སྟེགས་ཐོག་གིས་བསྒྲལ༔ འཕགས་པ་སེངྒེ་སྒྲ་སྒྲོག་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་བདེ་གཤེགས་སྙིང་པོ་བསྒྲུབས་པའི་ཚེ༔ བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབ༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བྱང་ཕྱོགས་རྒྱལ་པོའི་དོན་ལ་བྱོན་པའི་ཚེ༔ བོད་ཀྱི་གནོད་སྦྱིན་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་མངའ་གསོལ་རྒྱལ་པོའི་དགོངས་པ་བསྒྲུབས༔ བོད་ཡུལ་ཐམས་ཅད་ཆོས་ཀྱིས་གང་བར་མཛད༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ༔ སྒྲུབ་ཆེན་བཀའ་བརྒྱད་གསང་སྔགས་དཀྱིལ་འཁོར་དུ༔ ལས་ཅན་རྒྱལ་པོ་རྗེ་འབངས་སྨིན་པར་མཛད༔ གསང་སྔགས་འབྲས་བུའི་ཐེག་པ་རྒྱས་པར་མཛད༔ བཀའ་དྲིན་བསམ་ལས་འདས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སྟག་ཚང་སེངྒེ་བསམ་འགྲུབ་ཀེའུ་ཚང་དུ༔ གདུག་པའི་མུ་སྟེགས་བདུད་དང་དམ་སྲི་བཏུལ༔ གནས་ཆེན་གངས་བྲག་རྣམས་ལ་གཏེར་ཆེན་སྦས༔ མ་འོངས་སྙིགས་མའི་སེམས་ཅན་ཐུགས་རྗེས་གཟིགས༔ རྡོ་རྗེ་གྲོ་ལོད་རྩལ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བོད་ཀྱི་གངས་ཆེན་བཞི་ལ་སྒྲུབ་ཁང་མཛད༔ བྲག་ཕུག་ཆེན་པོ་བརྒྱད་ལ་ཡང་དབེན་མཛད༔ ཕྱོགས་བཞིའི་བྲག་ལ་སྤྲུལ་སྐུའི་ཞབས་རྗེས་བཞག༔ གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག༔ འགྲོ་དྲུག་སྒྲིབ་སྦྱོང་མཛད་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྷོ་ཕྱོགས་མོན་ཁའི་བྲག་ལ་སྐུ་རྗེས་བཞག༔ སྐུ་ཚབ་ཉེར་ལྔ་བོད་ཀྱི་དོན་ལ་བཞག༔ སངས་རྒྱས་བསྟན་པ་མཐའ་རུ་རྒྱས་པར་མཛད༔ བོད་ཀྱི་ལྷ་གཅིག་འགྲོ་བ་ཡོངས་ཀྱི་དཔལ༔ ཐུགས་རྗེ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རིའི་རྩེར༔ རིག་འཛིན་མཁའ་འགྲོ་མང་པོའི་རྒྱལ་པོ་མཛད༔ ཤ་ཟ་སྲིན་པོ་ཐམས་ཅད་དམ་ལ་བཏགས༔ བོད་ལ་རྒྱུན་ཆད་མེད་པར་ཐུགས་རྗེས་གཟིགས༔དྲིན་ཆེན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྔ་བརྒྱའི་ཐ་མར་བོད་ཀྱི་སེམས་ཅན་ལ༔ ལས་ངན་དབང་གིས་སྡུག་བསྔལ་རྒྱུན་ཆད་མེད༔ ཁྱོད་ཀྱི་རྣམ་ཐར་དྲན་ཅིང་གསོལ་འདེབས་ན༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ༔

རྡོ་རྗེ་བདུད་འཇོམས་ལེགས་པར་གུས་པས་ཉོན༔ ང་ཡི་རྣམ་ཐར་དྲན་ཅིང་གསོལ་བ་ཐོབ༔ ཚེ་འདིར་པདྨ་ང་ཡིས་བྱིན་གྱིས་རློབ༔ ཕྱི་མ་བྱང་ཆུབ་ལམ་ལ་འགོད་པར་ངེས༔ ཞེས་གསུངས་སོ༔ དེ་ནས་ལྷ་སྲས་མུ་ཁྲི་བཙན་པོས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ དུས་མ་འོངས་པ་ལྔ་བརྒྱ་སྙིགས་མ་ལ་ཐུག་པའི་ཚེ༔ སེམས་ཅན་ཐམས་ཅད་ལས་ངན་གྱི་དབང་གིས་སྡུག་བསྔལ་ཤ་སྟག་ལ་སྤྱོད་དགོས་པར་གསུངས་གདའ༔ དེ་རྣམས་ལ་ཐུགས་རྗེས་གཟིགས་ནས་སྡུག་བསྔལ་ལས་སྐྱོབ་ནུས་པའི་གསོལ་འདེབས་ཤིག་ཞུ་ཞེས་ཞུས་སོ༔ བཀའ་བསྩལ་པ༔ ཉོན་ཅིག་མུ་ཁྲི་བཙན་པོ༔ ཚ་བའི་ཡུལ་མེད་ན་རྒྱ་སྐྱེགས་ཀྱི་ནུས་པ་མི་འགོ༔ དད་པའི་ཞིང་ས་མེད་ན་བྱང་ཆུབ་ཀྱི་མྱུ་གུ་མི་སྐྱེ༔ ཡིད་ཁྱེད་ཤེས་ཀྱི་བློ་མ་ཁེལ་ན་དཀོན་མཆོག་གསུམ་གྱི་བྱིན་རླབས་རྒྱང་རིང༔ ཉོན་ཅིག་ལྷ་སྲས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད་དེ༔ འགྲོ་དྲུག་དུག་ལྔའི་བདག་འཛིན་སྟོབས་ཆེ་བསཿ འཁོར་བ་དོང་ནས་སྤྲུག་པར་མ་གྱུར༔ ལྷ་སྲས་རང་ཡང་བོད་འབངས་ཕྱི་མ་རྣམས་སྡུག་བསྔལ་ལས་སྐྱོབ་པར་འདོད་ན༔ ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པར་གྱིས༔ བློ་དཀོན་མཆོག་གསུམ་ལ་གཏོད་ཅིག་ཅེས་ཞལ་ཆེམས་བུ་འབངས་ལ་ཞོག༔ དུས་རྒྱུན་དུ་མོས་པས་འདི་ལྟར་དུ་གསོལ་བ་ཐོབ་ཅེས་གསུངས་སོ༔

ཨེ་མ་ཧོ༔ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་རྗེ་ཡིས༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་དགོངས༔ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི༔ དུས་གསུམ་བདེ་གཤེགས་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔ མེ་ཏོག་པདྨ་འབར་བའི་སྡོང་པོ་ལ༔ ཕ་དང་མ་མེད་རང་བྱུང་ཤུགས་ལས་བྱུང༔ རྒྱུ་མེད་རྐྱེན་མེད་འགྲོ་བའི་དོན་ལ་བྱོན༔ རང་བྱུང་ངོ་མཚར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སངས་རྒྱས་ཀུན་གྱི་སྐུ་ཡི་སྤྲུལ་པ་སྟེ༔ རང་བྱུང་མཚན་དང་དཔེ་བྱད་ལྡན་པར་བྱོན༔ ཉི་མ་སྟོང་གི་འོད་ལས་གཟི་མདངས་ཆེ༔ ཁྱོད་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགྱེད༔ ཡ་མཚན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སངས་རྒྱས་ཀུན་གྱི་གསུང་གི་སྤྲུལ་པ་སྟེ༔ མ་ཆགས་པདྨའི་སྡོང་པོའི་རྩེ་ལས་འཁྲུངས༔ འབྲུག་ཆེན་སྟོང་གི་སྒྲ་བས་གསུང་གདངས་ཆེ༔ འགྲོ་བའི་དོན་དུ་ཐེག་ཆེན་ཆོས་སྒྲ་སྒྲོག༔ འབྲུག་ལྟར་སྒྲོག་པའི་གསུང་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་སྟེ༔ རྒྱ་མཚོ་གཏིང་མཐའ་མེད་པའི་ཀློང་ལས་སྐྱེས༔ ནམ་མཁའི་གློག་ལས་ཐུགས་རྗེ་ཕྲིན་ལས་མྱུར༔ དགོངས་པ་ཟབ་མོ་ནམ་མཁའི་མཐའ་དང་མཉམ༔ ཅིར་ཡང་ས་ལེའི་ཐུགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔འགྲོ་བའི་དོན་དུ་ཡིད་བཞིན་ནོར་བུའི་སྐུ༔ ཁྱོད་ཀྱི་མཚན་ཐོས་ཙམ་གྱིས་སྡུག་བསྔལ་སེལ༔ འཇའ་ཚོན་བཞིན་དུ་ཡོན་ཏན་སོ་སོར་གསལ༔ སྐད་ཅིག་དྲན་པས་བྱང་ཆུབ་ལམ་སྣ་འདྲེན༔ ཡོན་ཏན་ཀུན་འབྱུང་ཁྱོད་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཐུགས་རྗེའི་ཕྲིན་ལས་དབང་གིས་དོན་མཛད་པའི༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ ནམ་མཁའི་སྐར་ལྟར་ཕྲིན་ལས་བསམ་མི་ཁྱབ༔ ཕྲིན་ལས་རྒྱ་མཚོའི་རླབས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སྟེང་འོག་ཕྱོགས་བཞིར་འགྲོ་བའི་དོན་མཛད་ཀྱང༔ བོད་ཡུལ་ཁ་བ་ཅན་དུ་ཐུགས་རྗེས་གཟིགས༔ བོད་ཀྱི་མངའ་བདག་རྗེ་འབངས་ཐམས་ཅད་ལ༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ༔

ཞེས་གསུངས་སོ༔ དེ་ནས་འཁོར་གྱི་ཞུ་བ་པོ་རྣམ་པ་ལྔས་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཕུལ༔ ཕྱག་དང་སྐོར་བ་བྱས་ཏེ་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ འདི་ལྟ་བུའི་གསོལ་འདེབས་ཁྱད་པར་ཅན་གསུངས་པ་བཀའ་དྲིན་ཆེ་ལགས༔ གསོལ་བ་འདེབས་པ་ལ་གང་ཟག་ཐ་མལ་པའི་ཅ་ཅོའི་སྒྲ་མི་གདགས་ཤིང༔ དུས་མ་འོངས་པའི་གང་ཟག་རྣམས་སྡུག་བསྔལ་གྱིས་ཉེན་པས༔ སློབ་དཔོན་ཉིད་རྗེས་སུ་དྲན་ནས་གསོལ་བ་འདེབས་ན༔ ངག་གི་གདངས་ཇི་ལྟར་དུ་གདགས་བགྱི་ལགས་ཞེས་ཞུས་སོ༔ བཀའ་བསྩལ་པ༔

ང་ཡི་རྗེས་འཇུག་འཁོར་བ་སྤོང་འདོད་རྣམས༔ དད་གུས་མོས་པས་རྒྱུན་དུ་གསོལ་བ་ཐོབ༔ རྩེ་གཅིག་གདུང་བའི་དབྱངས་ནི་འདི་ལྟ་སྟེ༔ ཁྱེ་འུ་ཕ་མར་འབོད་འདྲའི་གདུང་དབྱངས་ལ༔ པི་ཝཾ་གླིང་བུའི་གདངས་ལྟར་སྙན་པ་ཡིས༔ ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ༔

འདི་མན་ཤླཽ་ཀ་བཞི་དང་རྐང་པ་གཉིས་པོ་འདི་ཁྲི་སྲོང་རྣམ་འཕྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཁ་སྐོང་དུ་མཛད།

ཅེས་གསུངས་སྔོན་གྱི་ཐུགས་དམ་ཞལ་བཞེས་བཞིན། །གུས་ཤིང་གདུང་ཤུགས་དྲག་པོས་གསོལ་འདེབས་བུར། །ཀྱེ་མ་ཐུགས་རྗེས་གཟིགས་ཤིག་མ་ཧཱ་གུ་རུ། །བྱིན་གྱིས་རློབས་ཤིག་རྗེ་བཙུན་ཐོད་ཕྲེང་རྩལ། །བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ། །དངོས་གྲུབ་མཆོག་སྩོལ་ཨོ་རྒྱན་རིན་པོ་ཆེ། །ད་ལྟ་རྩོད་དུས་ལྔ་བརྒྱའི་སྙིགས་དུས་འདིར། །འབྱུང་པོས་རྒྱུད་དཀྲུགས་སྐྱེ་བོས་ལོག་པར་འཚེ། །མཐའ་ཡི་དམག་དཔུང་ནད་མཚོན་མུ་གེ་སོགས། །བྱུར་དང་ལྟས་ངན་གནོད་པ་ཀུན་ཞི་ཞིང༌། །རྒྱལ་བའི་བསྟན་དང་ཁྱད་པར་ཐེག་དགུའི་སྲོལ། །དེ་འཛིན་ཚོགས་རྣམས་དར་སྨིན་རྒྱས་གྱུར་ཅིག །ཕུན་ཚོགས་བསམ་ཡས་ལྷུན་གྲུབ་ཕོ་བྲང་གནས། །པདྨ་འབྱུང་གནས་ལམ་ཟབ་ཆོས་སྟོན་པ། །ཐེག་ཆེན་རྒྱལ་སྲིད་རིན་ཆེན་བདུན་ལྡན་ཆོས། །སྐལ་ལྡན་ལས་ཅན་དག་པ་རྣམ་ལྔའི་འཁོར། །འོད་དཀར་རྒྱལ་གྱིས་གང་བའི་བཀྲ་ཤིས་དུས། །དེང་འདིར་བསམ་པ་ལྷུན་གྲུབ་བཀྲ་ཤིས་ཤོག །

མ་འོངས་ཐ་མའི་དུས་སུ་ནུབ་ཕྱོགས་སུ༔ ང་ཡི་རྗེས་འཇུག་སྦས་པའི་རྣལ་འབྱོར་པ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུལ་ཅན་གཅིག་འབྱུང༔ འགྲོ་དོན་ཆེར་སྤྱོད་ལྷག་པར་ང་ལ་མོས༔ ཐེ་ཚོམ་ཆུང་ཞིང་ཆོས་རྒྱལ་གདུང་བརྒྱུད་སྐྱོབ༔ དེ་འདྲའི་ལས་ཅན་སྙིགས་མའི་དུས་སུ་འབྱུང༔ ཞེས་པའི་ལས་ཅན་དོན་དུ་གཏེར་དུ་སྦོས༔ ན་མོ་གུ་རུ༔སློབ་དཔོན་པདྨ་འབྱུང་གནས་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པའི་དུས་སུ༔ གུང་ཐང་ལ་ཐོག་ཏུ་ལྷ་སྲས་མུ་ཁྲི་བཙན་པོས་ཕྱག་དང་སྐོར་བ་བྱས༔ ཞབས་སྤྱི་བོས་གཏུགས༔ ན་བཟའི་སླེབ་མོ་ལ་འཇུས་ཏེ༔ སྤྱན་ཆབ་ཕྱུང་ནས་བཤུམ་ཞིང་སྨྲེ་སྔགས་ཀྱི་ཞུ་བ་ཕུལ་བ༔ ཀྱེ་མ་གུ་རུ་རིན་པོ་ཆེ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔མང་ཡུལ་གུང་ཐང་གངས་འགྲམ་འདིར༔ བདག་གི་བུ་བརྒྱུད་གནས་བྱས་ཏེ༔ དམངས་སུ་འབེབས་ཤིང་སྡུག་བསྔལ་ན༔ བོད་ཀྱི་རྒྱལ་པོ་སྙིང་རེ་རྗེ༔ བདག་གི་བུ་བརྒྱུད་སུ་ལ་རེ༔ ལས་སུ་དམག་དང་འཁྲུག་པ་བྱེད༔ དབེན་གནས་གཉན་པོ་འདྲལ་བ་དང༔ རི་ཀླུང་ཇག་པའི་རྒྱུག་ས་བྱེད༔ ཆོས་ལ་སྒྲུབ་ལོང་མེད་པས་ན༔ བླ་མཆོད་རྣམ་གཉིས་འོ་རེ་བརྒྱལ༔ ཕྱིས་འབྱུང་དད་ལྡན་སྙིང་རེ་རྗེ༔ གཙུག་ལག་ཁང་དུ་འཁྲུགས་ཁང་བྱེད༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཤིག༔ དམ་རྫས་མི་ནག་སྐྱེ་བོས་སྤྱོད༔ དབེན་སར་བོན་གྱིས་བསྭ་སྒྲ་སྒྲོག༔ ཆོས་འཁོར་འཇིག་ལ་ཐུག་པ་ན༔དམ་པའི་རྟེན་རྣམས་འོ་རེ་བརྒྱལ༔ ཆོས་འཁོར་བཀའ་སྲུང་སུ་ལ་རེ༔ ཆེ་བཙུན་ཟས་ངན་དུག་གིས་གསོད༔ མི་ཆེན་སྲོག་ལ་ཧུར་ཐུམ་བྱེད༔ ཡ་རབས་མནོང་པོས་དམངས་སུ་འབེབས༔ སྙིང་བརྩེའི་གྲོགས་ཀྱིས་བློ་བརྐུ་ན༔ བོད་ཀྱི་ཞང་བློན་སྙིང་རེ་རྗེ༔ རྒྱལ་པོའི་ཐུགས་གཅེས་སུ་ལ་རེ༔ ནད་མཚོན་མུ་གེའི་བསྐལ་པ་དར༔ མཐའ་ཡི་མི་བཞི་དབུས་སུ་ཤོར༔ འདྲེ་བགེགས་འབྱུང་པོས་ཚ་རག་གཏོང༔ ཅི་མི་འདོད་པ་འབྱུང་བ་ན༔ བོད་འབངས་སྡུག་བསྔལ་སྙིང་རེ་རྗེ༔ སྐྱབས་མེད་སེམས་ཅན་སུ་ལ་རེ༔ ཁྲི་སྲོང་ལྡེའུ་བཙན་དགུང་ལ་གཤེགས༔ གུ་རུ་ཨོ་རྒྱན་གནས་ལ་གཤེགས༔ མུ་ཁྲི་བཙན་པོ་བོད་དུ་བོར༔ ཡབ་རྒྱལ་པོ་སྐུ་ཚེ་ཐུང་ལགས་སོ༔ གུ་རུ་ཐུགས་རྗེ་ཆུང་ལགས་སོ༔བདག་གི་བསོད་ནམས་ཆུང་ལགས་སོ༔ ཆོས་འཁོར་བསྟན་པ་ཉམས་ལགས་སོ༔ བོད་འབངས་སྐྱིད་པ་ཟད་ལགས་སོ༔ ཡབ་དང་གུ་རུ་བཞུགས་དུས་སུ༔ མུ་ཁྲི་བཙན་པོ་མི་འགུམ་པ༔ བདག་གི་བློ་གཏད་སུ་ལ་འཆའ༔ སྙིང་བརྩེའི་གྲོས་ནི་སུ་ཡིས་འདེབས༔ དམ་པའི་ཆོས་ནི་སུ་ལ་ཞུ༔ འཆི་དུས་འཕོ་བ་སུ་ཡིས་འདེབས༔ བར་དོའི་སྡུག་བསྔལ་སུ་ཡིས་སེལ༔ སྒྲིབ་སྦྱོང་ཕྲིན་ལས་སུ་ཡིས་མཛད༔ ཀྱེ་མ་ཀྱི་ཧུད་ཐུགས་རྗེ་ཆུང༔ ཞེས་སྨྲེ་སྔགས་འདོན་ཅིང་ལྷ་སྲས་དྲན་མེད་དུ་བརྒྱལ་ལོ༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱལ་པོའི་སྙན་ཁུང་དུ་ལྗགས་ཀྱི་ཆབ་གཏོར་ནས་དྲན་པ་གསོས༔ ལྷ་སྲས་ཀྱི་དབུ་པང་དུ་བླངས་ཏེ༔ འདི་སྐད་གསུངས་སོ༔ ཉོན་ཅིག་བོད་ཀྱི་རྒྱལ་པོ་དད་པ་ཅན༔ ལས་ཅན་མོས་གུས་ལྡན་པ་ང་ཡི་བུ༔ ཁྲི་སྲོང་ལྡེའུ་བཙན་སྐུ་ཚེ་མཐའ་རུ་འཁྱོལ༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ བདག་ནི་ད་དུང་བོད་ཀྱི་དོན་ལ་མཆི༔ དད་པ་ཅན་ལ་དངོས་སུ་དམ་ཆོས་སྟོན༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་མ་ལུས་པ༔ ང་ཡི་ཞལ་མཐོང་ཙམ་ལ་འདག་པར་ངེས༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ འདི་དང་ཕྱི་མ་བར་དོའི་གནས་གསུམ་དུ༔ ང་དང་ཡང་ཡང་མཇལ་ཞིང་སྡུག་བསྔལ་སེལ༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ འདི་ནས་སྐྱེ་བ་བཅུ་དྲུག་འགྲོ་དོན་མཛོད༔ དེ་ནས་ཨོ་རྒྱན་མཁའ་འགྲོའི་གླིང་དུ་སྤྱོན༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ མང་ཡུལ་གུང་ཐང་གངས་རིའི་འདབས་འདི་རུ༔ ཉིད་ཀྱི་གདུང་བརྒྱུད་ཕྱི་མ་འབྱོན་པ་རྣམས༔ གདུང་བརྒྱུད་མ་ནོར་ཆོས་ཀྱི་རྒྱལ་སྲིད་སྐྱོང༔ ང་ཡི་ཐུགས་རྗེས་རྒྱུན་ཆད་མེད་པར་གཟིགས༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ དབེན་གནས་ཆོས་མཛད་དད་གུས་ལྡན་པ་ཡིས༔ རྒྱལ་བའི་བཀའ་དང་ཐུགས་རྗེའི་གདུལ་བྱ་རྣམས༔ ང་ཡིས་བྱིན་རླབས་ཐུགས་རྗེས་སྐྱོབ་ལགས་ཀྱི༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ སྐལ་མེད་སྡིག་སྤྱོད་ལོག་ལྟ་བདུད་ཀྱི་རིགས༔ རྟོག་དཔྱོད་འགྲན་སེམས་ནག་པོའི་སེམས་ཅན་ནི༔ བདག་གིས་མི་སྐྱོབ་ལས་ངན་དག་ལ་སྤྱོད༔ ད་ལྟའི་ནང་བློན་ནག་པོ་འདི་རྣམས་ཀྱང༔ རྗེ་ཡི་ཐུགས་དཀྲུགས་བདག་གི་དམ་ལས་ཉམས༔ ད་དུང་ངན་སོང་གསུམ་དུ་ངེས་པར་འགྲོ༔ འོན་ཀྱང་ང་ཡི་ཞལ་མཐོང་གསུང་ཐོས་པས༔ ཐ་མར་ལས་ངན་དག་ནས་བདག་གི་གདུལ་བྱར་སྐྱེ༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ དུས་ངན་ཐ་མ་མཐར་ཐུག་སླེབ་ཀ་རུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་གཅིག་གི་སྨོན་ལམ་གྱིས༔ ང་ཡི་གཏེར་འདོན་ལྷ་སྲས་གདུང་བརྒྱུད་སྐྱོབ༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ དུས་ངན་ཐ་མའི་སེམས་ཅན་ཟོག་པོས་འདུལ༔ དེ་ཡི་སྐྱོན་གྱིས་ལོག་ལྟའི་འདམ་ལ་ཚུད༔ ཆོས་དང་ཆོས་འདྲ་མི་བྱེད་ཐེ་ཚོམ་ཆེ༔ རི་བོ་བཀྲ་བཟང་འདབས་སུ་འབྱུང་བ་དེ༔ གསང་སྔགས་ཐེག་པ་ཆེན་པོའི་བཀའ་དང་མཚུངས༔ དགེ་བའི་ཚུལ་སྤྱོད་སྦས་པའི་རྣལ་འབྱོར་པས༔ གུང་ཐང་རྒྱལ་པོ་རྗེ་འབངས་སྐྱོབ་པར་ངེས༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ ཞེས་གསུངས་སོ༔ དེའི་དུས་སུ་རྒྱལ་པོའི་སྡུག་བསྔལ་སེལ་བྱེད་ཉོན་མོངས་རང་གྲོལ་ཞེས་བྱ་བ་གསུངས་སོ༔ གུ་རུའི་ཞལ་ནས༔ལྷ་སྲས་ཉིད་བུ་འབངས་ཀྱི་དོན་དུ་ཐུགས་ཤིན་ཏུ་བརྩེ་བས༔ ངས་རྒྱལ་པོའི་གདུང་བརྒྱུད་རྣམས་ལ་དུས་སྙིགས་མའི་མཐར་ཐུག་པའི་བར་དུ་བྱིན་རླབས་ཐུགས་རྗེས་སྐྱོབ་ཀྱི༔ ལྷ་སྲས་རང་བུ་འབངས་ལ་ཞལ་ཆེམས་འདི་ལྟར་དུ་ཞོག་ཅིག་ཅེས་གསུངས་སོ༔ རིགས་བཟང་ཁུངས་བཙུན་འོད་གསལ་ལྷ་ཡི་བརྒྱུད༔ མུ་ཁྲི་བཙན་པོ་མན་ཆད་གདུང་བརྒྱུད་མ་ཆད་པར༔ བདག་གི་ཐུགས་རྗེས་རྒྱུན་དུ་བཟུང་ལགས་ཀྱིས༔ སྡིག་སྤྱོད་གྲོགས་དང་བློན་པོའི་ཁར་མ་བཏང༔ རྒྱལ་ཁྲིམས་ཆོས་ཀྱི་ཁྲིམས་ཀྱིས་འཚོ་བར་མཛོད༔ ཆོས་མེད་དྲེད་པོ་ཟོལ་ཟོག་གཡོ་སྒྱུ་ཅན༔ སྙིགས་དུས་འབྱུང་བས་ཚར་ཆོད་ཆོས་ཁྲིམས་ཚུགས༔ ཆོས་བཞིན་སྤྱོད་པས་རྒྱལ་ཁམས་བདེ་བར་འགྱུར༔ སྐུ་སྲོག་ཉེན་ཞིང་མངའ་ཐང་འཕྲོག་པ་དང༔ རྒྱལ་པོ་དམངས་སུ་འབེབས་པའི་གལ་བྱུང་ན༔ ལྷ་སྲིན་དཔང་དུ་ཚུགས་ལ་བཟློག་པ་མཛོད༔ སྙིགས་དུས་གུང་ཐང་རྒྱལ་པོར་སྙིང་བརྩེའི་ཕྱིར༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་པ་ལ༔ ལྷ་སྲས་གདུང་བརྒྱུད་སྐྱོབ་པའི་མན་ངག་བདོག༔ དེ་དུས་སྐྱེ་འགྲོ་མི་རྣམས་ཐེ་ཚོམ་ཆེ༔ ལོག་ལྟ་མ་བྱེད་ང་ཡི་བཀའ་བཞིན་སྒྲུབས༔ གུང་ཐང་རྒྱལ་པོའི་བསམ་པ་དེ་ཡིས་འགྲུབ༔ སྡིག་སྤྱོད་རྒྱལ་པོ་བདག་གིས་སྐྱོབ་མི་འགྱུར༔ ཞེས་གསུངས་སོ༔ གུ་རུའི་ཞལ་ནས༔ ལྷ་སྲས་ཀྱི་གདུང་རབས་ཐ་མ་མང་ཡུལ་གུང་ཐང་དུ་ང་ཡི་གཏེར་གྱིས་སྐྱོབ་པའི་དུས་སུ༔ བོད་སྡུག་པའི་དུས་ལ་བབ་པ་ཡིན་ཏེ༔ སེམས་ཅན་ལ་ཅི་མི་འདོད་པ་འབྱུང༔ སྟེང་ལྷ་སྲིན་འཁྲུགས༔འོག་ཀླུ་གཉན་འཁྲུགས༔ བར་གཞི་བདག་འཁྲུགས༔ སྡིག་སྤྱོད་རྒྱལ་པོ་འཁྲུགས༔ དམངས་ཕལ་པ་འཁྲུགས༔ ཕ་སྤུན་ནང་འཁྲུགས༔ དེའི་དུས་སུ་སངས་རྒྱས་བསྟན་པ་མཐའ་ལ་ཐུག༔ ཡི་དམ་ལྷའི་དངོས་གྲུབ་ཡལ༔ མཁའ་འགྲོ་ཆོས་སྐྱོང་རི་རབ་ལ་ཞལ་གཟིགས༔ སེམས་ཅན་གྱི་སྐྱིད་པ་ཟད་པ་ཡིན༔ གུང་ཐང་རྒྱལ་པོ་ཡོན་མཆོད་རྗེ་འབངས་རྣམས༔ ང་ཡི་བཀའ་བཞིན་སྒྲུབས་ལ་གཏེར་གྱི་ཆོས་ལ་སྤྱོད༔ པདྨ་བདག་གི་ཐུགས་རྗེ་མྱུར་ལ་སྟོབས་ཆེ་བ་དེའི་དུས་སུ་འབྱུང་ངོ༔ དུས་རྒྱུན་ཆད་མེད་པར་ང་ལ་གསོལ་བ་ཐོབ་ཅེས་གསུངས་སོ༔

ཨེ་མ་ཧོ༔ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ནས་མ་སྟོངས་པར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་འབྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་འབྱོན༔ ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་འབྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་འཆོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔ དེ་འདྲའི་དུས་ན་ཁྱེད་འདྲའི་ཐུགས་རྗེས་སྐྱོབས༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ བཀྲེས་སྐོམ་དབུལ་ཕོངས་སེལ་བར་ཐེ་ཚོམ་མེད༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོག་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་གཞི་བདག་གཉན་པོའི་འཁོར་གྱིས་བསྐོར༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལམ་སྲང་འཇིགས་པའི་འཕྲང་ལ་འགྲྀམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམ་སེམས་རློག་པར་བྱེད༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ ནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་ཆེན་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་པར་བྱེད༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔