February 2020

གསར་རྙེད་བཱི་མ་སྙིང་ཏིག་གི་སྐོར་ནས་གླེང་བ། ཀརྨ་བདེ་ལེགས།
སྤྱི་ལོ༢༠༢༠ལོའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་འདས་མཆོད་ཀྱི་དུས་ཚེས་དང་བསྟུན་སྔ་འགྱུར་རྙིང་མའི་དྲྭ་ཚོམས་སུ་མཁས་དབང་ཀརྨ་བདེ་ལེགས་ལགས་ཀྱིས༼གསར་རྙེད་བཱི་མ་སྙིང་ཏིག༽གི་སྐོར་ནས་གསུང་བཤད་གནང་པའི་སྒྲ་ཟིན་དང་། གསར་རྙེད་བཱི་མ་སྙིང་ཏིག་གི་སྐོར་ཆ་འཕྲིན།
གསར་རྙེད་བཱི་མ་སྙིང་ཏིག་སྐོར་གྱི་ཆ་འཕྲིན།
ཀརྨ་བདེ་ལེགས་ནས།
སྤྱིར་སྙིང་ཐིག་ཡ་བཞིའི་དཔེ་ཆ་ཅུང་ཟད་ཚང་ཤོས་སུ་གྲགས་པ་སྡེ་དགེ་དང་ཨ་འཛོམས་ཀྱི་ཤིང་སྤར་གཉིས་ཡིན་རུང་། དེ་གཉིས་ལས་བཱི་མ་སྙིང་ཏིག་སྐོར་གྱི་དཀར་ཆག་ཏུ་དཔེ་མ་རྙེད་པ་དེ་ཚོ་གསར་དུ་རྙེད་སོན་བྱུང་ན་འདི་དང་འདིའི་འཚམས་སུ་འཛུད་དགོས་ཅེས་གསལ་བཤད་གནང་ཡོད་རུང་ད་ལྟའི་བར་དུ་སུས་ཀྱང་དེའི་སྐོར་རྙེད་ནས་ཁ་བསྐང་བའི་ཆ་འཕྲིན་མ་ཐོས། འདིར་གསར་རྙེད་ཀྱི་དཔེ་ལ་སྔར་གྱི་དཀར་ཆག་ལྟར་ན་ཆོས་ཚན་བདུན་ཅུ་དོན་གསུམ་པ་མཁའ་འགྲོ་མཛོད་ཅེས་པ་ལས། ༡ མཁའ་འགྲོའི་མཛོད་ལས་མཛོད་དེམས་གསང་བ། ༢ མཁའ་འགྲོའི་མཛོད་སྟོང་རྩ་བརྒྱད་ལས་ཟབ་པའི་མཛོད་ཀྱི་སྐབས་ནས་ཁོལ་དུ་ཕྱུང་བ། ༣ མཁའ་འགྲོའི་མཛོད་ལས་མཁའ་འགྲོ་མའི་རྒྱབ་ཡིག་གསང་བ། ༤ མཁའ་འགྲོའི་མཛོད་ལས་ལྟ་བ་རང་མཐོང་བསྟན་པ། ༥ མཁའ་འགྲོའི་མཛོད་སྟོང་རྩ་བརྒྱད་ལས་རྣལ་འབྱོར་པའི་ལུས་བསྲུང་རྫས་ཀྱི་འཁོར་ལོའི་མཛོད། ༦ མཁའ་འགྲོའི་མཛོད་ལས་སྒོ་ལྔ་ཡོངས་སུ་དག་པར་བྱེད་པའི་མཛོད། ༧ མཁའ་འགྲོའི་མཛོད་སྟོང་རྩ་བརྒྱད་ལས་བྱ་བྱེད་ལམ་དུ་སློང་བར་བྱེད་པའི་མཛོད་ཆེན་མོ་བཅས་གསར་རྙེད་ཆོས་ཚན་བདུན་ཡོད། ད་དུང་གཡུ་ཡིག་ཅན་པུ་ཏི་སྨུག་ཆུང་གི་རྒྱབ་ཆོས་ལ། ༡ རྟག་ཚད་གཏན་ལ་འབེབས་པ་རྒྱབ་ཡིག །༢ ལྷའི་རྣལ་འབྱོར་སྒོམ་པའི་རྒྱབ་ཡིག །༣ སྐྱེ་མེད་གཏན་ལ་དབབ་པའི་ཚིག་གི་མན་ངག་གི་རྒྱབ་ཡིག །༤ ཆོས་སྐུ་ཅོག་བཞག་གི་རྒྱབ་ཡིག །༥ འཁྲུལ་པ་གཅོད་པའི་གལ་མདོའི་རྒྱབ་ཡིག །༦ ཉོན་མོངས་རང་སར་དག་པའི་རྒྱབ་ཡིག །༧ ཞིང་ཁམས་གནས་ཀྱི་རྒྱབ་ཡིག །༨ བྱ་བྱེད་ལམ་དུ་སློང་བའི་རྒྱབ་ཡིག །༩ བཀོད་པ་ཡོངས་སུ་རྫོགས་པའི་རྒྱབ་ཡིག །༡༠ གཅེས་པའི་སྙིང་པོའི་མན་ངག་གི་རྒྱབ་ཡིག་བཅས་ཆོས་ཚན་བཅུ་པོ་འདི་གསར་དུ་རྙེད་བྱུང་བ་དང་།
ཡང་། ༡ ཆགས་ཅན་གྱི་པྲ་ཁྲིད་རིན་པོ་ཆེ་བཞུགས་སོ་ཞེས་པ་ནི་ཟབ་པ་པོད་བཞིའི་ཁ་སྦྱང་དུ་ཆགས་པའི་པྲ་ཁྲིད་མེད་ན། ཆགས་ཅན་ལམ་དུ་མི་ཚུད་ཅེས་གསལ་བའི་ཆགས་ཅན་རླུང་གི་པྲ་ཁྲིད་ཅེས་པ་དེ་ཡིན་ཞིང་དཀར་ཆག་ཏུའང་ཆགས་ཅན་པྲ་ཁྲིད་རྙེད་ན་འཇུག་དགོས་ཞེས་པ་དེ་ཡིན་པ་མ་ཟད་གསང་བ་བླ་མེད་སྒྲོན་མ་སྐོར་དགུའི་གདམས་པའི་རྗེས་སུ་འཛུད་དགོས་པར་བཤད་ཡོད། ། ༢ རྟེན་འབྲེལ་བསྡུས་པའི་སྒྲོན་མ་ཞེས་པ་ནི་དཀར་ཆག་ནང་བསམ་གཏན་མིག་སྒྲོན་གྱི་རྗེས་སུ་འཇུག་དགོས་པ་དང་། ༣ ནང་དུས་བཞི་མཉམ་སྦྱོར་ཞེས་བྱ་བ། གསང་བ་དུས་བཞི་མཉམ་སྦྱོར་ཞེས་བྱ་བ་གསུམ་ནི། མན་ངག་བརྒྱ་དང་བཅུ་དགུའི་ནང་ཚན་གྱི་བདུན་ཅུ་དོན་བདུན་པ་བསམ་གཏན་ཉལ་བའི་འཁོར་ལོ་ཞེས་པ་དེ་ཕྱི་ནང་གསང་གསུམ་དུ་ཕྱེས་པ་ཙམ་དུ་གོ ། ༦ རྩ་གནས་འཁོར་ལོའི་གནད་ཡིག་ཅེས་པ་ནི། མན་ངག་སྙིང་པོ་བརྒྱ་དང་བཅུ་དགུ་པོའི་ནང་ཚན་བརྒྱ་དང་བཅུ་གཅིག་པ་རྩ་གནས་འཁོར་ལོ་ཞེས་པ་དེ་ཡིན་ཞིང་། ༧ བཏགས་གྲོལ་གྱི་མན་ངག་ཞེས་པ་ནི་བཏགས་གྲོལ་བསྟན་པ་བུ་གཅིག་གི་ཆ་ལག་ཞིག་ཏུ་མངོན། ༨ སངས་རྒྱས་ཀྱི་འདས་རྗེས་གསུམ་པོ་བཞུགས་སོ། ཞེས་པ་ནི་ཟབ་པ་པོད་བཞིའི་ཁ་བྱང་དུ། སངས་རྒྱས་རྣམས་ཀྱི་འདས་རྗེས་རྣམ་གསུམ་ལ། དུམ་བུ་གསུམ་སྟེ་མ་བུ་གསུམ། ཞེས་གསུངས་པ་དེ་ཡིན་པར་མངོན། ༩ ཡི་གེ་དམར་རུ་ཞེས་བྱ་བ་ནི། སྔར་ཡོད་མངོན་སུམ་སྙིང་ཐིག་གསང་བའི་ཡི་གེ་དམར་རུའི་རྒྱབ་ཡིག་དང་ནང་དོན་ཆ་ནས་མི་འདྲ་བའི་དཔེ་ཞིག་ཡིན། ཡང་། ༡༠ རྒྱ་མཚོ་ཨར་གཏད་ཀྱི་གནད་ཡིག་དང་དེའི་མུན་ཁྲིག་གཉིས་ཞེས་པ་ནི། ༡༡ འཁོར་ལོ་བཞིའི་རྒྱབ་ཡིག་དུམ་དུམ་ཁྲིགས་ཀྱི་གནད་ཡིག་ཞེས་པ་དང་། ༡༢ སྦུགས་གསུམ་རྣམ་འབྱེད་དམ་རིན་པོ་ཆེའི་གསེར་གྱི་ཕྲེང་བའི་མན་ངག་ཅེས་བྱ་བ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་ཞིག་དང་། ༡༣ འཆི་ཁ་མའི་གསང་གཏེར་ཞེས་བྱ་བ་དགའ་རབ་རྡོ་རྗེའི་གསུང་ཆོས་ཚན་བཅུ་གསུམ་བཅས་སྔ་ཕྱི་བསྡོམས་པས་ཆོས་ཚན་སུམ་ཅུ་ཐམ་པ་དང་། ད་དུང་གོང་འོག་ཆ་ཚང་ཞིག་སྒྲིག་མི་ཐུབ་པ་རྫོགས་སྐོར་གྱི་ཡིག་ཉོག་མང་།

དཔེ་རྙིང་འདི་སྔར་ཆོས་ཀྱི་སྤྱན་ལྡན་གྲོགས་པོ་འགས་གནས་སྐབས་ཡོང་གྲགས་ཁྱབ་སྤེལ་མ་བྱས་ན་ལེགས་ཞེས་བསམ་ཚུལ་བཏོན་པ་བཞིན་སྤར་བསྐྲུན་མ་བྱས་རུང་གྲོགས་པོ་ཞིག་ནས་ཤིང་སྤར་དུ་འགོད་རྒྱུའི་འཆར་གཞི་ཡང་གནང་ཡོད། སྤྱིར་དེང་དུས་སུ་ཡོངས་གྲགས་ཀྱི་དཔེ་རྣམས་ནི་སྤར་གཞི་མི་འདྲ་བ་བཅུ་ལྷག་ཙམ་ཨ་སྤར་ཡང་སྤར་བྱས་ཡོད་ན་ཡང་། གལ་ཆེའི་དཔེ་དཀོན་རྣམས་ནི་ཕལ་ཆེ་བས་སྣང་འཇོག་ཙམ་ཡང་མེད་པར་སྔ་བཞིན་ལུས་པའི་གནས་ཚུལ་འདི་མཐོང་དུས། ཆེད་ལས་པ་རྣམས་ཀྱི་དོན་དངོས་ཐོག་དགོས་ངེས་ཀྱི་གལ་ཆེའི་གནད་དོན་མང་པོ་ཞིག་མཐུས་ཤོལ་དུ་འགྲོ་གི་མེད་དམ་སྙམ་པ་སྟེ། དཔེར་ན་སྡེ་དགེའི་ཤིང་སྤར་མ་དང་ཨ་འཛོམས་ཤིང་སྤར་མ་གཉིས་རགས་བསྡུར་ཞུས་པ་ལས། སྡེ་སྤར་ལ་སྤྲོས་མེད་དབང་གི་ཏིག་ཀ་ཞེས་པའི་ལྡེབ་དང་པོ་ཆད་ནས་མེད་པ་དང་། ཡང་མན་ངག་མདོ་བྱང་བསྡུས་པའི་ལྡེབ་དང་པོའི་མཇུག་ནས་ཆད་ཡོད་ངེས་ཀྱང་ག་ཚོད་ཆད་པ་མི་ཤེས་པ་དང་། ཡང་ཚིག་དོན་བཅུ་པའི་བླ་མ་མཉེས་ཐབས་ལས་བརྩོན་འགྲུས་དང་བསམ་གཏན་གྱི་བླ་མ་མཉེས་པའི་ཐབས་ཀྱི་སྐོར་སྡེ་དགེ་ཨ་འཛོམས་གཉིས་ཆར་ཆད་ཀྱང་གསར་རྙེད་ལ་ཚང་ཡོད་པ་སོགས། བཱི་མ་སྙིང་ཏིག་གི་དཔེ་ཙམ་ཡང་ཆ་མི་ཚང་བ་དང་ཆད་རྐྱོན་མང་བ་སོགས་ཆེད་ལས་པ་ཕལ་ཆེ་བས་མཁྱེན་རྟོག་མེད་པའི་རྣམ་པ་བྱུང་།
དེ་ཡང་པཎྜི་ཏ་བཱི་མ་མི་ཏྲ་མཆོག་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གིས་གདན་འདྲེན་ཞུས་པ་ལ་ཕྱིས་སུ་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་ཆབ་སྲིད་ལོ་ཉེར་དྲུག་བསྐྱངས་པའི་རིང་ལ་ཕེབས་པ་ཞིག་ཡིན་ཚོད་ལ། གནའ་བོའི་དུས་སུ་སྔ་འགྱུར་ལ་འགྱུར་བཅུ་ཞེས་བརྩི་སྲོལ་ཡོད་པའི་ནང་ནས་འགྱུར་བརྒྱད་པ་དེ་ཁོང་ལ་བརྟེན་ནས་བྱུང་བར་ངོས་འཛིན་སྲོལ་ཡོད། དེ་ཡང་སྔར་མེས་ཁྲི་སྲོང་ལྡེའུ་བཙན་གྱིས་གསེར་ཕྱེ་བྲེ་གང་བསྐུར་ཏེ་གདན་ཞུས་བྱས་པའི་པཎྜི་ཏ་བཱི་མ་མི་ཏྲ་འདིའི་སྐུ་དུས་སུ་བྱོན་ཏེ། ལོ་ཙཱ་བ་རྨ་གཉགས་གཉིས་དང་། རྒྱལ་བ་བྱང་ཆུབ། གཡུ་སྒྲ་སྙིང་པོ་སོགས་ཀྱིས་སེམས་སྡེ་ཕྱི་མ་རྣམས་དང་། སྒྱུ་འཕྲུལ་རྒྱུད་འགྲེལ་དང་བཅས་པ་མང་པོ་དང་། བདུད་རྩི་མཆོག་གི་ལུང་སོགས་དང་། སྒྲུབ་སྡེ་ལྔ། སྒྱུ་འཕྲུལ་གྱི་སྐོར་ལ་ཕྲ་མོ་སུམ་ཅུ་རྩ་གཅིག་སོགས་འགྱུར་བར་བཤད་པ་ལྟར་ཁོང་ནས་བརྒྱུད་པ་ལ་མ་ཧ་ཡོ་ག་སྒྱུ་འཕྲུལ་གྱི་སྐོར་གྱི་ཆོས་སྐོར་དང་། ཨ་ཏི་ཡོ་གའི་གཞུང་བཤད་མན་ངག་སྐོར་གྱི་ཆོས་ཕུང་རྒྱ་ཆེན་ཞིག་བོད་ཡུལ་དུ་བྱུང་པ་ལས་ད་ལྟའི་ཆར་ཡང་མི་ཉུང་བ་ཞིག་མཇལ་རྒྱུ་ཡོད། ལྷག་པར་བོད་བཙན་པོའི་སྐབས་སུ་རྫོགས་ཆེན་ལ་བརྒྱུད་སྲོལ་གསུམ་སྟེ་སློབ་དཔོན་པདྨ་དང་། བེ་རོ་ཙ་ན། བཱི་མ་མི་ཏྲ་གསུམ་བྱུང་བའི་ནང་ནས། བཱི་མ་ཏྲ་ནས་བརྒྱུད་པ་ལ་རྒྱ་ཆེ་བ་པཎྜི་ཏའི་སྐོར་ཞེས་ཤོད་སྲོལ་ཡོད་པ་ལྟར། རྒྱུད་བཅུ་བདུན་གྱི་དགོངས་པ་མན་ངག་གིས་བཀྲལ་བ་བི་མ་སྙིང་ཏིག་ཡིན་ཞིང་། དེ་ལ་རྩ་བའི་ཆོས་སྐོར་དང་རྗེས་འབྲེལ་གྱི་སྐོར་གཉིས་སུ་ཡོད་པར་བཤད་པ་ལས་སུམ་ཆ་གཅིག་ཙམ་ལས་མེད། ཕྱིས་སུ་བོད་ཡུལ་དུ་ཀློང་ཆེན་སྙིང་ཏིག་དང་ཀརྨ་སྙིང་ཏིག་ལྕེ་བཙུན་སྙིག་ཏིག་བཅས་རྫོགས་པ་ཆེན་པོའི་ཁྲིད་སྲོལ་གསུམ་བྱུང་བའི་ནང་ནས་ད་ལྟའི་བར་ཆེས་དར་ཁྱབ་ཆེ་བ་དང་ཆ་ཚང་བ་ནི་ཀློང་ཆེན་སྙིང་ཏིག་ཡིན་རུང་། དེའི་གཞི་དང་རྩ་བར་གྱུར་པ་བཱི་མ་སྙིང་ཏིག་གི་དཔེ་ནི་ཆ་མི་ཚང་བ་དང་ཆད་རྐྱོན་མང་བ་སོགས་ལ་དོ་སྣང་འདྲ་ཡོང་ན་སྙམས་ནས་ཆ་འཕྲིན་ཕུལ་བ་ཙམ་ཞིག་ཡིན། ཅེས་ལས་བྲེལ་གྱི་བར་གསེང་ཞིག་ཏུ་ཟིན་ཐོ་རྙིང་པ་རྣམས་བརྔོག་པའི་ཞོར་དུ།
༢༠༢༠ལོའི་ཟླ༡ཚེས༡༦དགོང་མོར་ཀརྨ་བདེ་ལེགས་ཀྱིས་ཕུལ།

Leave a Reply

Your email address will not be published. Required fields are marked *