རི་བོ་བསང་མཆོད་ལེགས་འབུལ་བྱས།། ་་་་་་
རི་བོ་བསང་མཆོད་ལེགས་འབུལ་བྱས།། ་་་་་་
༄༅།།རི་བོ་བསངས་མཆོད་ཀྱི་གསང་གཏེར་
བྱིན་རླབས་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ།།
ཨེ་མ་ཧོ༔
༼༡༽
ཀ༵་དག་གདོད་མ་ཆོས་དབྱིངས་སྤྲོས་བྲལ་ཀྱི་ཞིང་ན།།
ཁ༵་སྦྱོར་བདུན་ལྡན་ལྷུན་གྲུབ་འོད་གསལ་གྱི་རོལ་གར།།
ག༵་ས་ག་བར་རིག་རྩལ་ཡེ་ཤེས་སུ་རྫོགས་པ།།
ང༵་བདག་གཟུང་འཛིན་ཡེ་གྲོལ་ཡེ་རྫོགས་ངང་མཆོད་དོ།།
༼༢༽
ཅ༵་ཅོའི་ཚིག་ལ་མ་ལྟོས་ཆོས་དུང་གི་སྒྲ་སྙན།།
ཆ༵་ལུགས་སྣ་ཚོགས་གང་འདོད་གཟུགས་ཅན་གྱི་བསང་མཆོད།།
ཇ༵་ཆང་འདོད་ཡོན་དགའ་སྟོན་ཚོགས་འཁོར་གྱི་ལོངས་སྤྱོད།
ཉ༵་རྒྱས་ཟླ་བཞིན་ལས་ལྷག་མཆོད་སྤྲིན་གྱིས་བསང་ངོ་།།
༼༣༽
ཏ༵་ཐཱ་ག་ཏའི་དགོངས་པ་ཇི་བཞིན་དུ་གཟིགས་ཏེ།།
ཐ༵་དག་བསྒྱུར་བཅོས་མི་དགོས་རང་བྱུང་གི་མཆོད་པ།།
ད༵་ལྟའི་ཚོགས་བརྒྱད་རིག་པ་ས་ལེ་ངང་སངས་རྒྱས།།
ན༵་མོ་རྒྱལ་ཀུན་མཆོད་དང་འགྲོ་དྲུག་ལ་བརྔན་ནོ།།
༼༤༽
པ༵་ཏྲ་ལྟ་བུའི་ཀུན་རྟོག་དག་སྣང་གི་རྟེན་འབྲེལ།།
ཕ༵་ཅིག་ཀུན་བཟང་དགོངས་ཀློང་རོལ་ཅིག་ཏུ་འདྲིས་ཕྱིར།།
བ༵་མོར་ཉི་ཟེར་ཕོག་བཞིན་སྒྲིབ་ཚོགས་ཀུན་བསངས་བས།།
མ༵་རྒན་འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་སུ་བསང་ངོ་།།
༼༥༽
ཙ༵་རི་ཏྲ་སོགས་གནས་ཡུལ་རི་ཁྲོད་ཀྱི་ཆོས་པ།།
ཚ༵་གྲང་དཀའ་སྤྱོད་མཛད་ཕྲིན་བྱིན་རླབས་ཀྱི་བདེན་རྟགས།།
ཛ༵་ཧཱུྃ་བྃ་ཧོའི་ཕྱག་རྒྱས་གང་འདོད་བཞིན་སྤེལ་ནས།།
ཝ༵་ལེར་འཁོར་འདས་ཀུན་ཆུབ་རིག་འཛིན་ཀུན་རྒྱལ་ལོ།།
༼༦༽
ཞྭ༵་དམར་རིང་ལུགས་སྐྱོང་བ་མཆོག་གསུམ་གྱི་ངོ་བོ།།
ཟ༵་ཉལ་འགྲོ་འདུག་སྤྱོད་ལམ་རྩ་གསུམ་གྱི་རང་བཞིན།།
འ༵་འུར་ཀུན་རྟོག་རང་ཞི་སྐུ་གསུམ་གྱི་ཐུགས་རྗེ།།
ཡ༵་མཚན་ཀུན་བཟང་མཆོད་སྤྲིན་རང་ཤར་ཏུ་བསང་ངོ་།།
༼༧༽
ར༵་བ་གངས་རིས་བསྐོར་བའི་ཡུལ་སྐྱོང་གི་གཉེན་པོ།།
ལ༵་ལུང་ཀུན་ཕན་མཛད་པའི་ཆོས་སྐྱོང་ཀུན་ཕེབས་ཤོག།
ཤ༵་ཟ་བདུད་སྲིན་དམ་ཉམས་ལས་ངན་ཀུན་བསྒྲལ་ནས།།
ས༵་སྟེང་རྒྱལ་བསྟན་རྒྱལ་མཚན་མཁའ་དབྱིངས་སུ་བསྒྲེངས་ཤིག།
༼༨༽
ཧ༵་ཅང་སྙིགས་སྤྱོད་ངན་པའི་དུས་འཁྲུག་ཀུན་བསངས་ནས།།
ཨ༵་ཏི་རྫོགས་ཆེན་བརྒྱུད་པའི་སྨིན་གྲོལ་དུ་བཀོད་ཅིང་།།
ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ཀུན་ཁྱབ་ཀྱི་ཕྲིན་ལས།།
རབ་འབྱམས་རྒྱལ་བའི་མཛད་པ་མཐར་ཕྱིན་དུ་སྨོན་ནོ།།
༼༩༽
སྟོང་ཆེན་དོན་དམ་རང་གྲོལ་ངེས་དོན་གྱི་བླ་མ།།
སྙིང་རྗེས་ཀུན་རྫོབ་དོང་སྤྲུགས་འཕོ་ཆེན་གྱི་ཡི་དམ།།
བདེ་ཆེན་ཡེ་ཤེས་འདྲེན་པའི་བརྩེ་ཆེན་གྱི་མཁའ་འགྲོ།།
ཀུན་འདུས་ཆོས་སྐྱོང་ཀི་བསྭོ་ལྷ་རྒྱལ་གྱིས་བསྟོད་དོ།།
ཞེས་པ་རབ་གནས་ཤིང་འབྲུག་ལྷ་བབས་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་ཟག་མེད་སྡེ་མཚན་ཉེར་གཅིག་གྲངས་ཀྱི་སློབ་ཚོགས་ལ་དབང་བསྐུར་དང་རི་བོ་བསངས་མཆོད་སྐབས་གང་ཤར་བ་དག་ཚོགས་དབུས་བསང་ཁྲིའི་རྩ་ནས་གླུ་རུ་ཤྲཱིཿ ཨེ་མ་ཧོས་བསང་གི་སྙན་ངག་གླུ་རུ་བླངས་པར་དགེའོ།།
26/10/2024