ཤེས་གཉེན་དམ་པ་ལགས། ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
ཤེས་གཉེན་དམ་པ་ལགས། ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
གཡ
བཤེས་གཉེན་དམ་པ་ལགས། ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
གངས་ལྗོངས་སྨྲ་བའི་དབང་ཕྱུག་ལ་ཕུལ་བའི་སེམས་ཀྱི་ལྷ་རེག་དཀར་པོ།
གཅི༵ག་བསྡུས་རྒྱལ་བའི་མཁྱེན་རབ་དཔྱིད།།
གཉི༵ས་མེད་བརྟན་པའི་འཁོར་ལོ་དེས།།
འགྲོ་ཁམས་སྲིད་ཀྱི་རིགས་ཅན་གསུ༵མ།།
དུས་མཐར་ཕྱོགས་བཞི༵ར་སྐྱོང་དེར་འདུད།།
བཀའ་པོད་ལྔ༵་དང་གནའ་དེང་གཞུང་།།
ཕར་ཕྱིན་དྲུ༵ག་གིས་ཤར་ནུབ་འགེངས།།
གླིང་བདུ༵ན་རྒྱ་མཚོའི་ཐ་གྲུ་ཡོངས།།
རྟགས་བརྒྱ༵ད་ནོར་གྱིས་ཁྱབ་དེ་རྒྱལ།།
བརྩེ་ཆེན་སྙིང་རྗེ་ཁོ་ནས་གཞན་དབང་གྱུར།།
མཁྱེན་དཔྱོད་ཤེས་རབ་ཁོ་ནས་བདེན་པར་འཇུག།
བྱས་པ་གཞན་དོན་བསྒྲུབ་པ་སྙིང་པོའི་ཆོས།།
འཕགས་ཆེན་སེམས་དཔའི་རྣམ་ཐར་བསམ་མི་ཁྱབ།།
སྦས་ཤིང་གབ་པའི་ཕྱི་ནང་གསང་བའི་ཡོན།།
མ་ལུས་མི་ལུས་ལྷག་ལུས་མེད་པ་ཞིག།
དྲུང་ན་འགྲོགས་པ་སུས་ཀྱང་དཔོག་མིན་ན།།
འོན་རྟུལ་བདག་གི་ཡུལ་ནི་ཇི་ལྟར་འགྱུར།།
ཞོགས་ཁའི་མཚམས་སྤྲིན་བརྟོལ་བའི་གསེར་འོད་གཟི།།
ཉི་ཤར་ནམ་ལངས་ཐང་གསལ་གྱུར་པའི་རིགས།།
སྒྲོ་སྐུར་ལོག་སྤྱོད་ཕྱོགས་རིས་རྒྱང་དོར་ནས།།
རང་གི་མཐོང་ཐོས་ཙམ་ཞིག་གསོང་པོར་རྗོད།།
རྣམ་བཞིའི་འཁོར་ཚོགས་རྡུལ་དམར་བརྩེགས་པའི་སྤོར།།
གང་ཁྱེད་རྒྱུ་སྐར་ལམ་གྱི་ཉི་ཟླ་བཞིན།།
ཡབ་རྗེ་ཁྱུང་ཆེན་གཞོན་ནུའི་རྒྱལ་ཚབ་ལ།།
མཐའ་བཞིའི་རྒྱལ་ཁམས་ཁྱོན་ན་ལྷག་ཏུ་སྙན།།
ཡབ་གཅིག་དམ་པས་དཀའ་བ་འབུམ་ཕྲག་གིས།།
བསྐྲུནད་ཅིང་བསྒྲུབས་པའི་ལྔ་རིག་སྡེ་བཞིའི་དཔུང་།།
མཁྱེན་དཔྱོད་ཐབས་ཤེས་ཉི་ཟླའི་ཤེད་སྟོབས་ཀྱིས།།
ལྷ་དབང་གཡུལ་ལས་རྒྱལ་རྔ་ཡང་ཡང་བརྡུངས།།
ཉེར་ཞི་ཁྱེད་ཐུགས་བྱང་སེམས་འོ་མའི་མཚོར།།
བསྟོད་སྨད་སྒྲོ་སྐུར་ཁ་ཆར་གང་བབས་ཚོགས།།
གནོད་མེད་གྲོགས་སུ་སྒྱུར་བའི་གསེར་འགྱུར་རྩིས།།
དོན་གཉིས་ལམ་གྱི་གདམས་པར་འཆར་འདི་མཚར།།
བླུན་པོ་ནོར་ལྡན་གསེར་ཁྲིར་འགོད་པ་དང་།།
མཁས་རྣམས་ནོར་གྱིས་ཆུ་སྣ་གར་ཁྲིད་དུས།།
ཁྱེད་ཉིད་སྲ་མཁྲེགས་ཕ་ལམ་རྡོ་རྗེའི་རིར།།
རང་ཚུགས་འོད་ལྔ་མདངས་བཅུ་ཀུན་ནས་འཚེར།།
གཅམ་བུའི་གཏམ་དང་བྲག་ཆའི་སྒྲ་དབྱངས་ཀྱིས།།
ཁྱེད་ཉིད་མི་བསླུ་མི་གཡོ་དྲང་སྲོང་མཆོག།
གཡོ་སྒྱུའི་ལས་དང་བཙན་པོའི་འཇིགས་སྐུལ་གྱིས།།
གང་ཁྱེད་མི་འཁྲུལ་མི་འཇིགས་གདོང་ལྔའི་དབང་།།
བཤད་དང་སྒྲུབ་པ་ཕྱོགས་རེའི་བརྟུལ་ཞུགས་ཀྱིས།།
བསྟན་དགོན་ཐོ་རེངས་རྒྱུ་སྐར་ཉམས་དམས་ཚེ།།
གྲྭ་གསུམ་སྡེ་གཉིས་བཤད་སྒྲུབ་ཟུང་འབྲེལ་གྱིས།།
རྒྱལ་བསྟན་ཉིན་བྱེད་སླར་ཡང་སྲིད་འདིར་བཞེངས།།
ཆེར་སྙིགས་སྒྲུབ་དཀའི་བསྟན་འགྲོའི་ཁུར་ཆེན་ལས།།
ནན་ཏན་སྙིང་པོར་གཞོལ་བ་ལྷུར་ལེན་གྱིས།།
བརྩོན་ཅིང་སྒྲུབ་པའི་ཉིན་མཚན་གཅིག་ཏུ་བསྒྲིལ།།
འདི་ལྟའི་དཀའ་ཐུབ་བཞེས་མཁན་ཁྱེད་ཉིད་ཙམ།།
ཇི་སྙེད་གནའ་དེང་ཤེས་བྱའི་ཟབ་རྒྱས་གནད།།
མ་འདྲེས་སྤུ་རིས་འབྱེད་པའི་མཁྱེན་དཔྱོད་མཆོག།
ཆེད་མཁས་ཤར་ནུབ་རིག་སྨྲའི་གྲལ་དབུས་ན།།
ལུང་རིགས་རྩལ་དྲུག་སྤོབས་པའི་གཏིང་ནས་རྫོགས།།
ལོག་སྨྲ་ལྟ་ངན་དུས་ཀྱི་གད་སྙིགས་ཚོགས།།
འགྲོ་ཁམས་རྒྱ་མཚོའི་ཟབ་སར་འབྱིང་བ་ན།།
ངན་རྟོག་རྙོག་མ་སེལ་བའི་ནོར་དབང་མཆོག།
ཁྱེད་དང་མཚུངས་པ་མེད་ན་ལྷག་ཅི་ཞིག།
འདི་ན་ལུགས་གཉིས་ཕྱོགས་ལྷུང་གདོན་གྱིས་དཀྲུག།
སྒྲོ་སྐུར་ཆགས་སྡང་གཏམ་གྱི་མེ་རུ་འཕྱུར།།
གང་ཁྱེད་ཉིད་ནི་བསྟན་འགྲོར་སྨན་པའི་སླད།།
བདེན་པ་སྐྱོང་བར་གཟུ་བོའི་ལམ་ལ་ཞུགས།
རྒྱལ་གསུང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ།།
དེང་དུས་གཞོན་རབས་རྨོངས་ཤིང་ཕྱོགས་སྟོར་ཚེ།།
དེང་རབས་དངོས་ཁམས་རིག་པའི་ལམ་ཆེན་ནས།།
ཡིད་ཆེས་རྙེད་པའི་གཞུང་བཟང་བརྩེ་བས་བསྩལད།།
འཇིགས་རུང་སྲིད་པའི་སྨག་ནག་མུན་པའི་མཚོར།།
ཕྱིར་ཞིང་འཁྱོམ་པའི་འགྲོ་བའི་སྐྱེ་འཆིའི་རླབས།།
དབང་མེད་ལས་ཀྱིས་འཁྱེར་ཞིང་འཁོར་བའི་ཚུལ།།
ལུང་རིགས་དངོས་སྟོབས་ཚད་མས་ཡང་ཡང་སྟོན།།
ཆགས་སྡང་བདུད་མོའི་གཏམ་གྱིས་ཅལ་འདྲོགས་ནས།།
ཆོལ་ཁ་གྲུབ་མཐས་གངས་དཀར་བཤིག་པའི་ཚེ།།
ཁྱེད་ཀྱིས་སྤྱི་ཆོས་གསེར་འཁོར་རྩིབས་སྟོང་ལས།།
སྨྱོན་མས་རང་ཆས་གཏོར་རྣམས་ཁ་སྐྱེངས་བསྒྱུརད།།
ཐུབ་བསྟན་ནོར་དབང་ལྷུན་པོའི་གཤིས་ཀྱི་མདངས།།
དངོས་ཁམས་ཀླད་ཁམས་སེམས་ཁམས་ཚན་རིག་གི།།
རིག་པས་བསྲེག་བཅད་བརྡར་བའི་ཞུན་ཐར་གྱིས།།
དེང་འདིར་སྲིད་རྩེར་གཤོམ་པ་ཁྱོད་ཡོན་ཉིད།།
རྣམ་གྲོལ་འཇུག་ངོགས་སྐྱེས་བུ་གསུམ་གྱི་ལམ།།
ཤེས་རབ་སྒྲོན་མེའི་འོད་ཀྱིས་གསལ་བྱས་ཏེ།།
མ་ཧཱ་ཙི་ནའི་རིགས་ཅན་གསུམ་གྱི་གཙོས།།
ཐར་འདོད་ཡིད་ཀྱི་བློ་ཁ་ཆོས་ཀྱིས་གསོས།།
སྟོང་དང་རྟེན་འབྱུང་བྱམས་དང་སྙིང་རྗེ་དང་།།
ཐབས་དང་ཤེས་རབ་གཏོང་དང་ཚུལ་ཁྲིམས་དང་།།
མདོར་ན་རྒྱལ་སྲས་སྤྱོད་པ་གང་ཇི་སྙེད།།
ཁྱེད་ཀྱིས་ཅི་དགར་མ་སྤྱད་ཅང་ཡོད་དམ།།
མཁྱེན་དཔྱོད་ཉི་ཟླའི་འོད་དཀར་འབྱམས་སུ་ཀླས།།
བཟང་སྤྱོད་རྨ་བྱའི་སྒྲོ་ཆུན་ཡི་གར་འོང་།།
ཡོངས་རྫོགས་གངས་ཀྱི་ལུགས་གཉིས་དཔུང་པའི་གཉེན།།
ཡ་མཚན་མཛད་ཆེན་རྨ་འབྲིའི་ཀླུང་བཞིན་བཞུར།།
རིགས་ཀྱི་བླ་སྲོག་གངས་ཀྱི་བཅུ་ཕྲག་ནོམ།།
བྷོ་ཊའི་སྲོལ་བཟང་ཁ་བའི་ཟས་དང་གོས།།
སྤུན་ཟླའི་བདེ་ཐང་ཨ་མའི་སློབ་གསོ་བཅས།།
གངས་བུའི་བྱིས་སྒྲུང་ཡན་ཆད་ཁྱེད་ཀྱིས་སྒྲུབ།།
གངས་ཀྱི་ཁྱད་ནོར་མདོ་སྔགས་རིག་པའི་གཞུང་།།
བཤད་སྒྲུབ་རྡོ་རྗེའི་ཁམས་སུ་རྟག་འགྲུབ་ཕྱིར།།
མི་ལོ་བཞི་བཅུར་རྒྱ་བོད་སྐད་གཉིས་ཀྱིས།།
དཔེ་ཁྲིད་སྣ་མང་བསྐྱངས་དང་སྐྱོང་བཞིན་ལགས།།
སྟོང་ཕྲག་མི་ལོ་བརྒལ་བའི་མེས་པོའི་ནོམ།།
རྐྱེན་གྱིས་གཏོར་ཅིང་རྡུལ་གྱིས་ཟོས་པ་ན།།
མ་བསྐོས་རེས་ལ་འཁོར་བའི་རྡོག་ཁྲེས་འདི།།
དམ་པ་ཁྱེད་འདྲའི་ཕྲག་ཁར་ཤུགས་ཀྱིས་ལྷུང་།།
ཕྱོགས་མེད་ཐོས་བསམ་མཁྱེན་པའི་སློབ་གསོ་གཅིག།
རིས་མེད་སྙིང་རྗེས་བརྩེ་བའི་སློབ་གསོ་གཉིས།།
ཞུམ་མེད་དོན་འཁྱོལ་ནུས་པའི་སློབ་གསོ་གསུམ།།
འདི་གསུམ་གངས་ལྗོངས་སློབ་གསོའི་སྲོག་བཟུང་སྟེ།།
རིག་པས་རྒྱལ་ཁམས་མཐའ་དབུས་སྐོར་ཞོར་དུ།།
ལུས་དང་ངག་གི་རྣམ་པར་རིག་བྱེད་ཀུན།།
གངས་ཀྱི་ཆོས་རིག་བསྟན་འགྲོར་སྨན་པའི་སླད།།
དངོས་དང་བརྒྱུད་ནས་མ་གཞོལ་གང་ཅི་ཡོད།།
རྒུད་པའི་མཐའ་ནས་གཉོར་སྐབས་གཡོག་པོ་ཁྱོད།།
བྱམས་བརྩེས་རིས་མེད་སྐྱོང་ཚེ་མགོན་པོ་ཁྱེད།།
ལུག་ཁྱུའི་མཐའ་ན་འདུར་ཉིན་རྒན་པོ་ཁོ།།
མཁས་པའི་རུ་དཔུང་འདྲེན་དུས་མཛངས་པ་ཁོང་།།
ཤར་ནས་ནུབ་དང་ལྷོ་ནས་བྱང་གི་བར།།
ནང་བསྟན་ཚན་རྩལ་མཚན་ཉིད་རིག་པ་ལ།།
དཀའ་བའི་མདུད་འགྲོལ་ཟབ་པའི་མཐིལ་ཕིགས་པ།།
ཁྱེད་ཀྱི་ལེགས་བཤད་མཚར་ཞེས་མཁས་རྣམས་གླེང་།།
མིག་སེར་སྐྱེ་བོའི་སྡང་ཞུགས་བསམ་སྦྱོར་གྱིས།།
ལོག་སྤྱོད་འབྱུང་བྱས་སྒྲོ་སྐུར་རྟག་བསྒྲགས་ཀྱང་།།
རང་གཤིས་འཛམ་བུའི་ཆུ་གསེར་མ་བཀྲུས་ཀྱང་།།
མིག་ལྡན་མཐོངས་ལ་ཉ་གང་འོད་དུ་འཚེར།།
བྱམས་དང་བརྩེ་བའི་དཔལ་གྱིས་སེམས་དྲངས་ཤིང་།།
གཟུར་གནས་ཤེས་རབ་དབལ་གྱིས་ཡིད་འཕྲོག་པའི།།
རྩོད་སྒྲུབ་རིགས་སྨྲ་མཚན་ཉིད་རིག་ལམ་པ།།
ཁྱེད་ཀྱི་དྲུང་དེར་འདུས་པ་མཐོང་ཐོས་མང་།།
དབྱར་སྐྱེས་པདྨ་དཀར་པོའི་ལང་ཚོ་ལ།།
མྱག་ལ་འཁོར་བའི་སྦྲང་ནག་མི་མགུ་ཡང་།།
ཟིལ་མངར་རོ་བརྒྱ་ཆགས་པའི་དྲི་བཟང་ལ།།
དཔྱོད་ལྡན་གསེར་གྱི་བུང་ཚོགས་ངང་གིས་འདུ།།
ཚུར་ལ་སྒྲོ་སྐུར་མཚོན་གྱིས་དམོད་བྱས་ཀྱང་།།
ཕར་ལ་དུས་ཐོག་བྱམས་བརྩེའི་ཆར་ཆེན་འགྱེད།།
དུང་གླིང་རོལ་མོས་བསུ་སར་མི་ཕེབས་ཀྱང་།།
བཤས་རའི་འདམ་ཁྲག་རྫབ་ལ་བཤུམ་བཞིན་འཇུག།
མི་འཇིགས་སྐྱབས་སྦྱིན་སྤྱན་སྟོང་ཕྱག་སྟོང་གིས།།
མགོན་མེད་འཇིགས་དངང་གདུང་བས་སྐྱབས་བྲལ་ཚེ།།
གང་དགོས་དེ་ལ་དགྱེས་བརྩེས་དེ་སྩོལ་བའི།།
རྒྱལ་བའི་རྒྱལ་སྲས་འགྲོ་བའི་རྣམ་འདྲེན་ཁྱེད།།
ཆོས་བརྒྱད་ཆགས་སྡང་མགོ་འཕང་རྡོག་པས་བརྫི།།
འཕགས་ནོར་བདུན་དང་ཞི་དུལ་བག་ཡོད་བཅས།།
སྔར་བྱོན་བཀའ་གདམས་གཙང་མའི་རྣམ་ཐར་ཚོགས།།
དུས་མཐའ་འདིར་ཡང་ཁྱོད་ཀྱིས་བདག་གིར་བཞེས།།
དར་གདུགས་འཕན་དཀྲིས་གསེར་དངུལ་ཙན་དན་ཁྲིར།།
མདོ་སྔགས་ཆོས་ཆར་འབེབས་ལ་བྱིན་བརྗིད་ཆགས།།
སྐྱབས་མེད་མགོན་མེད་ཉམ་ཆུང་ཉམ་ཐག་སར།།
འབྱོན་བཞུགས་སྐུ་ཡི་འགྲོ་དོན་ཡི་གར་འོང་།།
ཁྱེད་གསུང་ཉི་ཟླའི་འོད་ལ་བརྟེན་བྱས་ན།།
རང་གཞན་འདི་ཕྱིའི་དོན་བཟང་ལེགས་པའི་ལམ།།
མིག་སྐྱའི་གན་མཛོད་འགྲུབ་པའི་བསོད་ནམས་བཞིན།།
འདོད་ཐོག་ཡིད་བཞིན་འགྲུབ་པའི་རྫོགས་ལྡན་མང་།།
ལྷང་ལྷང་རྣ་བར་སྙན་པ་ཆོས་ཀྱི་གཏམ།།
བྲེལ་བྲེལ་ལམ་དུ་བྱོན་པ་འགྲོ་བའི་ཆེད།།
མྱུར་མྱུར་ལས་ལ་གཞོལ་བ་བསྟན་པའི་སླད།།
ཁྱེད་ཀྱི་སྒེར་ཆས་བསྟན་འགྲོའི་སྤྱི་ཆས་ལགས།།
ཁ་བ་དཀར་པོ་འདི་ནི་དཀར་ཞིང་གཙང་།།
འདི་ཉིད་ལས་ཀྱང་ཁྱེད་ཉིད་དཀར་ཞིང་གཙང་།།
ཏི་སེའི་གངས་དཀར་གན་ནི་བརྗིད་ཅིང་རྔམས།།
དེ་ཉིད་ལས་ཀྱང་ཁྱེད་ཉིད་བརྗིད་ཅིང་བྱིན།།
དཔལ་ཡོན་ནུབ་ཀྱི་རྒྱལ་ཁམས་རིག་པས་སྐོར།།
གདུག་རྩུབ་ཤར་གྱི་མི་ཚོགས་སྙིང་རྗེས་འདུལ།།
བརྗོད་གསལ་གོ་སླའི་གསུང་གིས་རྨོངས་བློ་འབྱེད།།
ཕྲ་ཞིབ་ཟབ་རྒྱས་རིག་པས་མཁས་པ་དྲངས།།
ཉ་གང་ཆ་གཏེར་ཤར་རིར་འཕགས་པ་བཞིན།།
སྔོ་བསངས་ནམ་མཁའ་སྤྲིན་གྱིས་དག་པ་བཞིན།།
འབུམ་ཕྲག་འོད་བརྒྱ་ཕྱོགས་བཅུར་འཕྲོས་པ་བཞིན།།
ཡུལ་དུས་ཀུན་ཏུ་ཁྱེད་ཀྱི་དགེ་ལེགས་འཇོ།།
མི་མཐུན་རང་ལུགས་འབུམ་གྱིས་བདེན་པ་བསྒྲིབས།།
མི་གཅིག་སྐྲ་མདོག་གདོང་གིས་ས་ལྒང་དཀྲུགས།།
མི་ཡུལ་ལུང་པ་སྲིན་མོའི་དུར་ཐང་འདིར།།
མི་འགྱུར་གཞོམ་བྲལ་ཁྱེད་འདྲ་དཀོན་ཅོག་དངོས།།
འཐོབ་དཀའ་རྙེད་དཀའ་དལ་བའི་མི་ཚེ་འདི།།
འཕྲད་དཀོན་འབྱོར་དཀོན་རྒྱལ་བའི་ཞལ་སྐྱིན་ལ།།
མཐའ་བྲལ་སྲིད་པ་འཁོར་བའི་ཚང་ཆེན་ནས།།
ཡང་ཡང་མཇལ་བར་བསམ་ན་ང་རེ་དགའ།།
ལོ་ཟླ་རྩྭ་མགོར་ཟེགས་པའི་མནོག་ཆུང་ལ།།
འདི་བྱས་གྲུབ་པའི་ནོམ་ཞིག་ཅང་མེད་ཀྱང་།།
ཡང་ཡང་ཁྱེད་རྗེས་ཟིན་པའི་དགའ་སྐྱིད་འདིས།།
རྙེད་པའི་དལ་རྟེན་འདི་གོ་དེ་ཡིས་ཆོག།
ཕར་བལྟས་འཁོར་བའི་ཆགས་སྡང་རིང་ནས་དོར།།
ཚུར་བལྟས་དགོན་གྱི་ཆོས་བརྒྱད་རྒྱང་དུ་གཡུགས།།
གནས་ལུགས་རྒྱལ་ས་སྙེག་པའི་སེམས་དཔའ་ཆེ།།
སྒོ་གསུམ་དགའ་དད་བྱེ་བས་ཁྱེད་ཉིད་བཀུར།།
ཆང་ཉིད་ཆུ་རུ་བསྒྱུར་བ་མ་མཐོང་མོད།།
ལྕགས་ནག་གསེར་དུ་བསྒྱུར་བའང་མ་ཐོས་ཀྱང་།།
སྡུག་བསྔལ་བདེ་བར་སྒྱུར་བའི་གདམས་པ་དངོས།།
རྣམ་ཀུན་འགྲོ་ལ་འགྱེད་མཁན་ཁྱེད་ཉིད་མཐོང་།།
སུ་ལ་འཇིགས་ཤིང་བསྔང་བའི་སྐྱབས་བྲལ་ན།།
དེ་ཡིས་ཁྱེད་ཀྱི་བརྩེ་ཆེན་མཐོ༵ང་བར་ཤོག།
གང་ཞིག་འཚོ་བའི་དོན་ལ་རྨོངས་པ་ན།།
དེ་ཡིས་ཁྱེད་ཀྱི་གསུང་མཆོག་ཐོ༵ས་པར་ཤོག།
གང་ལ་སྐྱེ་འཆིའི་གནད་གསང་འཐོམས་པ་ན།།
དེའི་ཚེ་ཁྱེད་གསུང་དེ་ཡིས་བསམ༵་པར་ཤོག།
སུ་ཞིག་ཁེར་རྐྱང་དོགས་འཚེར་གྱིས་མནར་ཚེ།།
དེ་ཡིས་ཁྱེད་ཀྱི་གདམས་དོན་སྒོ༵མ་པར་ཤོག།
དེ་ལྟར་སྙན་ཚིག་འཁྲོལ་མཁས་ཁོ་བོའི་ལྗགས།།
དད་འདུན་རླུང་དང་འཕྲད་པའི་རྟེན་འབྲེལ་ལས།།
ཀུན་འདུལ་རྔ་ཡི་དཀྲོལ་བའི་ཅོང་ཆེན་དབྱངས།།
དང་དད་ཡིད་ཀྱིས་བརྡུངས་པ་ཤིན་ཏུ་སྙན།།
བདག་ནི་ཚེ་རབས་འདི་ལས་གཞན་དུ་ཡང་།།
སྣ་མང་སྐད་ཡིག་གནས་ལ་ནང་བྱན་ཆུད།།
རྣམ་དག་བསྟན་གཉིས་བཤད་ཅིང་སྒྲུབ་པའི་ལས།།
ཁྱེད་བཞིན་གཞོལ་ཏེ་ཁྱེད་མཉེས་འགྲུབ་གྱུར་ཅིག།