July 2019

བསང་མཆོད་དངོས་གྲུབ་ཀུན་འབྱུང་།རྒྱས་འབྲིང་བསྡུས་གསུམ་བཞུགས།

བསང་མཆོད་དངོས་གྲུབ་ཀུན་འབྱུང་།རྒྱས་འབྲིང་བསྡུས་གསུམ་བཞུགས།

བསང་མཆོད་བསྡུས་པ།
རཾ་ཡཾ་ཁཾ། ཨོཾ་ཨྰཿཧྰུྃ། མཆོད་མགོ་གཅིག་ནས་བཅུ་གསུམ་མཆོད། མཆོད་དང་པོ་ལྷ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་ནོར་ལྷ་གཏེར་བདག དྲིན་ཅན་རྩ་བའི་བླ་མ། སྟོན་པ་ཤྰཀྱའི་རྒྱལ་པོ། ཨོ་རྒྱན་པདྨ་འབྱུང་གནས། གྲུབ་ཐོབ་རྗེ་འབངས་ཉེར་ལྔ། འཇམ་མགོན་རྒྱལ་བ་ཡབ་སྲས། རྙིང་མའི་བཀའ་དགོངས་ཕུར་གསུམ། གསར་མའི་བདེ་གསང་འཇིགས་གསུམ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་ནང་གསང་གསུམ། དཔལ་ལྡན་དམག་ཟོར་རྒྱལ་མོ། རྣམ་སྲས་ཛམ་ལྷ་རིགས་ལྔ། མགོན་པོ་ཚོགས་ཀྱི་བདག་པོ། མཐུ་ཆེན་དགྲ་བླ་བཅུ་གསུམ། གཟའ་རྒོད་ཁྱབ་འཇུག་ཆེན་པོ། ཁྱད་པར་དུ་ཁྲག་འཐུང་བདུད་འཇོམས་གླིང་པའི་བཀའ་ཡི་གཏེར་སྲུང་། གནོད་སྦྱིན་ཤན་པ་དམར་ནག ལྷ་ཆེན་དབང་ཕྱུག་ཆེན་པོ། དྲང་སྲོང་གཟའ་བདུད་ནག་པོ། དཀོར་སྲུང་ཟླ་བའི་དབང་པོ། ལྷ་གཉན་རྨ་ཆེན་སྦོམ་ར། ཤར་གྱི་གཉན་པོ་གཡུ་རྩེ། སྒོ་སྲུང་རྫ་ཡི་བསེ་ཁྲབ། དགུ་སྟོར་རྫ་དམར་ཡོན་པོ། སློབ་དཔོན་རྒྱུད་ཀྱི་སྲུང་མ། ཕ་མྱིང་རྒྱུད་ཀྱི་སྲུང་མ། དྲེགས་པ་ལྷ་སྲིན་སྡེ་བརྒྱད། ཁྱེད་རྣམས་ཀྱིས་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། ནད་མེད་སྨན་གྱི་དངོས་གྲུབ་སྩོལ། རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ། རྒུད་མེད་འབྱོར་བའི་དངོས་གྲུབ་སྩོལ། གཞིས་ལ་འདུག་དུས་སྲུང་མ་མཛོད། ཕྱི་རུ་འགྲོ་ན་ལམ་སྣ་མཛོད། མགོ་མི་འཕྱུག་རྨོག་དཀར་གྱི་ཏོག་འཕྲུ༼ཁྲིད༽མཛོད། ལས་མི་འཕྱུག་ཁྲབ་དཀར་གྱི་རྒྱུན་ཐག་སྡོམ། སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་གེགས་ཆོམས། གོང་ནས་ཡར་འཐེན་གྱི་དགྲ་བླའི་འཇུ་ཐག་རྐྱོངས། འགབ་ནས་ཡར་སྐྱོབ་ཀྱི་གྲོགས་ལྷའི་རྟེན་ཕུར་ཚུགས། ཕྱི་ཡི་བར་ཆད་ནང་དུ་མ་གཏང་། ནང་གི་དངོས་གྲུབ་ཕྱི་ལ་མ་ཕུད། མདའ་ལི་མ་འཕེན་ཉིན་གཡས་ཀྱི་འཐེབ་ཤེད་མཛོད། གཞུ་མཆོག་དཀར་བཀང་ཉིན་གཡོན་གྱི་དཔུང་ཤེད་མཛོད། ཆུ་རབ་མེད་ལ་ཟམ་པ་ཚུགས། བྲག་སྐས་མེད་ལ་ཐེམ་པ་ཚུགས། ནད་གདོན་འཇིགས་བརྒྱད་ཉི་ཟེར་དང་འཕྲད་པའི་མུན་པ་བཞིན་དུ་སེལ། ཚེ་དཔལ་བསོད་ནམས་ཆར་ཆུ་དང་འཕྲད་པའི་ལྗོན་ཤིང་བཞིན་དུ་རྒྱས། ཁམས་གསུམ་ཟས་ནོར་ཁབ་ལེན་དང་འཕྲད་པའི་ལྕགས་བྱེ་བཞིན་དུ་བསྡུས། གནོད་བྱེད་དགྲ་བགེགས་ཐོགས་རྒོད་དང་འཕྲད་པའི་བྲག་རི་བཞིན་དུ་ཆོམས། ཁ་རྗེ་འོ་མའི་རྒྱ་མཚོ་མ་སྐམ། བསོད་ནམས་མར་གྱི་རི་བོ་མ་ཞུ། ཁ་ཟས་འདོད་ལྟོ་བཅུད་ཅན་གྱི་ཟས་དང་སྤྲོད། ལག་ནོར་འདོད་གཡང་ཞག་ཅན་གྱི་ནོར་དང་སྤྲོད། རྐང་རྟ་འདོད་བང་རྩལ་ཅན་གྱི་རྟ་དང་སྤྲོད། ཡག་པ་བརྒྱ་དང་སྤྲོད། ངན་པ་སྟོང་དང་བསྣོལ། དབང་ཐང་རྒྱལ་པོ་རིན་ཆེན་གྱི་བསོད་ནམས་མ་ཉམས། ལས་དོན་འཁོར་ལོ་རིན་ཆེན་གྱི་མུ་འཁྱུད་མ་ལྷོད། འཆར་སྒོ་རྟ་མཆོག་རིན་ཆེན་གྱི་འགྲོས་རྩལ་མ་ཞན། ཡོང་སྒོ་ནོར་བུ་རིན་ཆེན་གྱི་དགོས་འདོད་མ་ཉུང་། དགའ་བདེ་བཙུན་མོ་རིན་ཆེན་གྱི་འགྲོགས་ཡུན་མ་ཐུང་། ཕྱི་ནང་བློན་པོ་རིན་ཆེན་གྱི་མདུན་གྲོས་མ་ཉུང་། སྙིང་སྟོབས་གླང་བོ་རིན་ཆེན་གྱི་ཁུར་ཤེད་མ་ཆུང་། ཕོ་ཚོད་དམག་དཔོན་རིན་ཆེན་གྱི་དཔའ་སྙིང་མ་འཆོལ། དབུ་འཕང་རིན་ཆེན་གདུགས་དཀར་གྱི་ཡུ་བ་མ་ཐུང་། ཤེས་སྤྱོད་གསེར་གྱི་ཉ་མོའི་གཤོག་རྩལ་མ་ཞན། བསོད་ནམས་གཏེར་ཆེན་བུམ་པའི་ལྟོ་བ་མ་རལ། དབང་ཐང་པདྨའི་སྡོང་བོའི་ཡལ་ག་མ་འཁྱོག སྙན་གྲགས་དུང་དཀར་གཡས་འཁྱིལ་གྱི་རྒྱང་སྐད་མ་ཐུང་། མཛའ་མཐུན་དཔལ་གྱི་བེའུ་མདུད་པ་མ་ཞིག གཟི་བརྗིད་གསེར་སྦྱང་རྒྱལ་མཚན་གྱི་བཀྲག་མདངས་མ་ཡལ། དཔལ་འབྱོར་འཁོར་ལོ་རྩིབས་སྟོང་གི་མུ་འཁྱུད་མ་ལྷོད། ཨ་མཁྱེན་པའི་ཡེ་ཤེས་ཅན། བརྩེ་བའི་ཐུགས་རྗེ་ཅན། མཛད་པའི་འཕྲིན་ལས་ཅན། སྐྱོབས་པའིནུས་མཐུ་ཅན་རྣམ་པ་ཚོ། ཁྱེད་རྣམས་ཀྱི་ཞལ་དུ་བསང་མཆོད་རྒྱ་ཆེན་པོ་གྲངས་མང་བ་འདི་མཆོད་དོ།།

བསང་མཆོད་འབྲིང་བོ།
རཾ་ཡཾ་ཁཾ། ཨོཾ་ཨྰཿཧྰུྃ། ལན་གསུམ། མཆོད་མགོ་གཅིག་གཉིས་གསུམ་སོགས་ནས་བཅུ་གསུམ། མཆོད་དང་པོ་ལྷ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་ནོར་ལྷ་གཏེར་བདག དྲིན་ཅན་རྩ་བའི་བླ་མ། སྐྱབས་གནས་དཀོན་མཆོག་གསུམ་པོ། སྟོན་པ་ཤྰཀྱའི་རྒྱལ་པོ། ཨོ་རྒྱན་པདྨ་འབྱུང་གནས། རྒྱ་གར་གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་རྗེ་འབངས་ཉེར་ལྔ། བཀའ་གཏེར་གསར་རྙིང་གི་བླ་མ། ཡི་དམ་རྒྱུད་སྡེའི་ལྷ་ཚོགས། འཕགས་པ་རིགས་གསུམ་མགོན་པོ། ལྷ་མཆོག་རྡོ་རྗེ་གཞོན་ནུ། ཡི་དམ་གུ་རུ་དྲག་པོ། གནས་གསུམ་དཔའ་བོ་མཁའ་འགྲོ། རྗེ་བཙུན་འཕགས་མ་སྒྲོལ་མ། ལྷ་མོ་འོད་ཟེར་ཅན་མ། ཆོས་སྐྱོང་མ་མགོན་མགར་གསུམ། མགོན་པོ་ཚོགས་བདག་ཡབ་ཡུམ། མཐུ་ཆེན་ལེགས་ལྡན་ནག་པོ། ཤྲྰི་ལ་མ་ཧ་ཀ་ལ། དུག་གསུམ་ནད་ཀྱི་སྨན་པ། རིགས་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཀུན་གྱི་དགྲ་བླ། དབུས་ཀྱི་དེ་ཝ་མགོན་པོ། ཕྱི་ནང་གཉིས་ཀྱི་ཚོགས་བདག སྐུ་ཡི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ། ཕུང་བོའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ། མགོན་པོའི་ལྷ་དམག་བྱེ་བ་དུང་ཕྱུར། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དཔལ་ལྡན་གུར་གྱི་མགོན་པོ། སྔགས་སྲུང་ཨེ་ཀ་ཙ་ཏི། དཔལ་ལྡན་རང་བྱུང་གི་རྒྱལ་མོ་རེ་མ་ཏི་འཁོར་དང་བཅས་པ། དམ་ཅན་རྡོ་རྗེ་ལག་པ། དགྱེས་སྡེ་བསྟན་མ་བཅུ་གཉིས། དགེ་བསྙེན་ཉི་ཤུ་རྩ་གཅིག མཆེད་འཁོར་སུམ་བརྒྱ་དྲུག་ཅུ། ཡང་འཁོར་ལྷ་སྲིན་སྡེ་བརྒྱད། ནོར་བདག་ཛམ་ལྷ་རིགས་ལྔ། རྒྱལ་བོ་ཆེན་པོ་རྣམ་ཐོས་སྲས། གནོད་སྦྱིན་རྟ་བདག་བརྒྱད་སོགས། ནོར་ལྷ་བྱེ་བའི་འཁོར་ཚོགས། ཁྱད་པར་དུ་ཁྲག་འཐུང་བདུད་འཇོམས་གླིང་པའི་བཀའ་ཡི་གཏེར་སྲུང་རྒྱ་མཚོ། གནོད་སྦྱིན་ཤན་པ་དམར་ནག ལྷ་ཆེན་དབང་ཕྱུག་ཆེན་པོ། དྲང་སྲོང་གཟའ་བདུད་ནག་པོ། དཀོར་སྲུང་ཟླ་བའི་དབང་བོ། བཀའ་འཁོར་བྱེ་བ་ཁྲི་འབུམ། གཟའ་རྒོད་ཁྱབ་འཇུག་ཆེན་པོ། གཟའ་དམག་བྱེ་བ་དུང་ཕྱུར། ཇོ་མོ་ཚེ་རིང་མཆེད་ལྔ། བོད་མགོ་ནག་གི་སྐྱབས་རེ་ས། གནམ་གོང་མ་རྒྱལ་མོ། ས་བཅུ་ཐོབ་པའི་སངས་རྒྱས་ཨ་མྱེ་རྨ་ཆེན་སྦོམ་ར། རྨ་རིགས་སུམ་བརྒྱ་དྲུག་ཅུ། རྨ་འཁོར་སྟོང་དང་དགུ་བརྒྱ། ཞིང་བོ་ཧ་ལུང་བྲག་ར། བློན་པོ་རྒའུ་ཐུང་བྲག་དཀར། གཉེར་བ་འབྲིང་རྒྱས་ཞལ་དཀར། ཨ་མཆོད་ཁ་སར་པ་ཎི། ནུ་ཆུང་དགྲ་འདུལ་དབང་ཕྱུག ཨ་ངོ་སོ་བསྟོད་ཀྱི་བོ། རྨ་སྨྲར་གཉིས་ཀྱི་ས་མཚམས་ན་བཞུགས་པའི་ཤར་གྱི་གཉན་པོ་གཡུ་རྩེ། བཙུན་མོ་ལྷ་གཡང་སྒྲོལ་མ། མཚོ་སྨན་མཁའ་འགྲོ་མཆེད་བཞི། ཤར་གྱི་སྒོ་སྲུང་ལྷ་ཡོན་ཐོད་དཀར། ལྷོ་ཡི་སྒོ་སྲུང་ཁེས་ཚེས་གཉན་ཆེན། ནུབ་ཀྱི་སྒོ་སྲུང་རྫ་ཡི་བསེ་ཁྲབ། བྱང་གི་སྒོ་སྲུང་ཕ་བང་གྲུ་བཞི། སྒོ་ཟུར་གཡས་ན་ལྷ་གཡག་དཀར་པོ། སྒོ་ཟུར་གཡོན་ན་རྒྱ་སྟག་དམར་པོ། གཉན་དམག་བརྒྱད་ཁྲི་བཞི་སྟོང་། སྨན་མོ་དགུ་ཁྲི་དགུ་འབུམ་དང་བཅས་ཁྱེད་རྣམས་དང་། ནུབ་ཕྱོགས་པད་མ་ར་གའི་གདན་སྟེང་ན་བཞུགས་པའི་དབང་གི་སྒོ་སྲུང་ཆེན་པོ་རྫ་ཡི་བསེ་ཁྲབ། གོ་བ་སྟོང་གི་བདག་པོ། གོ་ཁྲབ་འབུམ་གྱི་བདག་པོ། བསྟན་སྲུང་ཆེན་པོ་རྫ་ཡི་བསེ་ཁྲབ། དམག་དཔོན་ཆེན་པོ་རྫ་ཡི་བསེ་ཁྲབ། ཚོང་དཔོན་ཆེན་པོ་རྫ་ཡི་བསེ་ཁྲབ། ཇག་དཔོན་ཆེན་པོ་རྫ་ཡི་བསེ་ཁྲབ། གསང་ཡུམ་ལྷ་སྨན་མཆེད་ལྔ་སོགས་འཁོར་དང་བཅས་པ་རྣམས་དང་། སྐད་ཅིག་གིས་བོས་ན་གློག་ཞགས་ལས་མྱུར་བའི་ཨ་སྐྱོང་གཉས་སྲས་དཔལ་ཆེན་མགོན་པོ། དམུ་བཙན་རྡོ་རྗེ་གཟི་འབར། གཟེན་མོ་ལྷ་རི་མཐོན་པོ། ལྷ་བཙན་དུང་རི་དཀར་ཡག ལྷ་ཀླུ་བཙན་གྱི་སྡེ་ཚོགས། ཁྱད་པར་དུ་ས་ཕྱོགས་ཡུལ་རི་འདི་ལ་གནས་པ། ཕ་རི་གཡས་ལ་གནས་པ། ཚུར་རི་གཡོན་ལ་གནས་པ། སྐྱེས་པ་ཤིང་ལ་གནས་པ། སྲ་བ་བྲག་ལ་གནས་པ། འགྲོ་བ་ལམ་ལ་གནས་པ། འབབས་པ་ཆུ་ལ་གནས་པའི་ལྷ་ཀླུ་གཞི་བདག་བསྟེན་ཅིང་བསྒྲུབ་པའི་སྲུང་མ། མ་མཆོད་རང་འཁོར་གྱི་སྲུང་མ། གྲུབ་མཐའ་ཆོས་རྒྱུད་ཀྱི་སྲུང་མ། སློབ་དཔོན་དབང་རྒྱུད་ཀྱི་སྲུང་མ། ཕ་མིང་མ་རྒྱུད་ཀྱི་སྲུང་མ། ཚེ་རབས་ལས་ཀྱི་སྲུང་མ། དཔའ་བོ་དབང་རྒྱུད་ཀྱི་སྲུང་མ། ཕྱུག་རྒྱུད་གཡང་གི་སྲུང་མ། བླ་སྲོག་དབང་གསུམ་གྱི་གཟའ་སྐར། ལོ་ཟླ་ཞག་དུས་ཀྱི་ཚེས་གྲངས། སྤར་ཁ་སྨེ་བའི་ལྷ་ཚོགས། ཁྱེད་རྣམས་ཀྱིས་བདུད་རྩིའི་བསང་མཆོད་རྒྱ་ཆེན་པོ་འདི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། སེམས་ཅན་ལ་བདེ་སྐྱིད་སྤེལ། བདག་གི་ལས་ཅི་འདོད་ཀྱི་དོན་འགྲུབ། ཡིད་ཅི་འདོད་ཀྱི་རྩེ་གང་། བསམ་པ་ལམ་ལ་འགྲོ་དགོས། འདོད་པ་ལག་ཏུ་འོང་དགོས། མང་པོའི་ནང་ནས་དགེ་དང་སྤྲད་དགོས། ཉུང་ཉུང་ནང་ནས་དོན་དང་སྤྲད་དགོས། དབུ་འཕང་རིན་ཆེན་གདུགས་དཀར་གྱི་ཡུ་བ་མ་ཐུང་། ཤེས་སྤྱོད་གསེར་གྱི་ཉ་མོའི་གཤོག་རྩལ་མ་ཞན། བསོད་ནམས་གཏེར་ཆེན་བུམ་པའི་ལྟོ་བ་མ་རལ། དབང་ཐང་པདྨའི་སྡོང་བོའི་ཡལ་ག་མ་འཁྱོག སྙན་གྲགས་དུང་དཀར་གཡས་འཁྱིལ་གྱི་རྒྱང་སྐད་མ་ཐུང་། མཛའ་མཐུན་དཔལ་གྱི་བེའུ་མདུད་པ་མ་ཞིག གཟི་བརྗིད་གསེར་སྦྱང་རྒྱལ་མཚན་གྱི་བཀྲག་མདངས་མ་ཡལ། དཔལ་འབྱོར་འཁོར་ལོ་རྩིབས་སྟོང་གི་མུ་འཁྱུད་མ་ལྷོད། དངོས་གྲུབ་ཆར་བ་འབབ་འབབ་ཀྱིས། འཕྲིན་ལས་གློག་དམར་འཁྱུག་འཁྱུག་གྱིས། དྲག་རྩལ་ཐོག་རྒོད་ཡར་ཡར་གྱིས། ངན་གསུམ་མར་ངོ་ཉེར་དགུའི་ཟླ་རོ་ཟད་ཟད་ཀྱིས། བཟང་གསུམ་ཡར་ངོ་ཚེས་གསུམ་གྱི་ཚེས་རིས་འཕེལ་འཕེལ་གྱིས། སྡང་བྱེད་ཀྱི་དགྲ་བགེགས་སྒྲོལ། གནོད་བྱེད་ཀྱི་བགེགས་དཔུང་ཆོམས། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། ནད་མེད་སྨན་གྱི་དངོས་གྲུབ་སྩོལ། རྒུད་མེད་འབྱོར་བའི་དངོས་གྲུབ་སྩོལ། རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ། བརྗིད་ཅན་གོས་ཀྱི་དངོས་གྲུབ་སྩོལ། བཅུད་ཅན་ཟས་ཀྱི་དངོས་གྲུབ་སྩོལ། གཡང་ཅན་ནོར་གྱི་དངོས་གྲུབ་སྩོལ། བང་ཅན་རྟ་ཡི་དངོས་གྲུབ་སྩོལ། དཔའ་སྙིང་རྒྱ་སྟག་གི་རི་མོ་ཀུན་ནས་གསལ་དགོས། གཟི་བརྗིད་དུང་སེང་གི་གཡུ་རལ་ཁུང་ནས་བསྐྱེད་དགོས། དབུ་འཕང་ཁྱུང་ཆེན་གྱི་ཐོར་ཚུགས་དགོང་དུ་མཐོ་དགོས། སྙན་གྲགས་གཡུ་འབྲུག་གི་ངར་སྐད་ཕྱོགས་བཅུར་བསྒྲགས་དགོས། གོང་ནས་ཡར་འཐེན་གྱི་དགྲ་བླའི་འཇུ་ཐག་བརྐྱང་དགོས། འགབ་ནས་ཡར་སྐྱོར་གྱི་སྲོག་ལྷའི་རྟེན་ཕུར་འཛུགས་དགོས། བསོད་ནམས་མར་གྱི་རི་བོ་མ་ཞུ། ཁ་རྗེ་འོ་མའི་རྒྱ་མཚོ་མ་སྐམ། ཚེ་དང་རིགས་རྒྱུད་དཔྱིད་གསུམ་གྱི་ཉི་ཐག་རིང་རིང་གྱིས། དབང་དང་འབྱོར་བ་དབྱར་གསུམ་གྱི་ཆར་ཆུ་འབབ་འབབ་ཀྱིས། མངའ་ཐང་གཟི་བརྗིད་སྟོན་གསུམ་གྱི་འབྲས་བུ་སྨིན་སྨིན་གྱིས། འཁོར་འབངས་ལོངས་སྤྱོད་དགུན་གསུམ་གྱི་བུ་ཡུག་འཚུབ་འཚུབ་ཀྱིས། མཐུ་མ་ཆུང་། རྩལ་མ་ཞན། གངས་དཀར་སེམས་ཀྱི་གོང་བ་ཀྱིས། དམར་ཆུང་སྲོག་གི་ཁེབ་མ་གྱིས། ཁྲ་ཆུང་མིག་གི་སོ་བ་ཀྱིས། བྱ་ཅི་བཅོས་ལམ་ལ་འགྲོ་དགོས། གཏམ་ཅི་བཤད་ཁ་ལས་དགེ་དགོས། ཨ་ངོ་སོ་བསྟོད་ཀྱི་ཅན་པོ། མཐུ་སྟོབས་གནམ་ལྕགས་ཐོག་མདའ་ལས་རྩལ་དྲག་ཅིང་། ཕྲིན་ལས་བར་སྣང་གློག་ཞགས་ལས་དབང་མྱུར་བའི་སྲུང་མ་གཉན་པོ་ཁྱེད་རྣམས་ཀྱིས་སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། འགྲོ་ན་མ་བཤོལ། འདུག་ན་མ་སྡང་། ཚེ་ཡི་སྡོང་གྲོགས། ལས་ཀྱི་སྡོང་གྲོགས། བསོད་ནམས་ཀྱི་སྡོང་གྲོགས། དཀར་བོ་དགེ་བའི་སྡོང་གྲོགས། ཆོས་མཐུན་བྱང་ཆུབ་འགྲུབ་པའི་སྡོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག

བསང་མཆོད་རྒྱས་པ།
རཾ་ཡཾ་ཁཾ། ཨོཾ་ཨྰཿཧྰུྃ། ལན་གསུམ། མཆོད་མགོ་བསང་མཆོད་ཡེ་ཤེས་བདུད་རྩི་གཅིག་ནས་བཅུ་གསུམ་མཆོད་དོ།། བྱིན་རླབས་རྩ་བ་བཀའ་བརྒྱུད་བླ་མ།། དངོས་གྲུབ་རྩ་བ་ཡི་དམ་ལྷ་ཚོགས།། ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་།། དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ།། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་འབྱུང་གནས།། འཕགས་ཚོགས་དགེ་འདུན་ཀུན་གྱི་མངའ་བདག། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ། བཀའ་གཏེར་མན་ངག་གི་བརྒྱུད་པ། དབང་ལུང་ཁྲིད་གསུམ་གྱི་བླ་མ། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་མཁན་སློབ་ཆོས་གསུམ། རྗེ་འབངས་ཉི་ཤུ་རྩ་ལྔ། སྤྲུལ་བའི་གཏེར་སྟོན་བརྒྱ་རྩ། བཀའ་གདམས་ཁུ་རྔོག་འབྲོམ་གསུམ། བཀའ་རྒྱུད་མར་མི་དྭགས་གསུམ། ས་སྐྱ་གོང་མ་རྣམ་ལྔ། ཀུན་མཁྱེན་ཡབ་སྲས་བཅུ་བཞི། རྗེ་བཙུན་ཏྰ་ར་ན་ཐ་སོགས་གསར་རྙིང་རིས་མེད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་བདུད་རྩི་བསང་གི་མཆོད་པ་དམ་པ་འདི་འབུལ་ལོ།། གསོལ་ལོ།། མཆོད་དོ།། ཨོཾ་ཨྰཿཧྰུྃ། འོ་གཞན་ཡང་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་འཁོར་ལོ་བདེ་མཆོག གཉིས་མེད་དུས་ཀྱི་འཁོར་ལོ། སྙིང་པོ་མ་ཧྰ་མ་ཡ། ཡི་དམ་རྡོ་རྗེ་འཇིགས་བྱེད། བཅོམ་ལྡན་དགྱེས་པ་རྡོ་རྗེ་ལ་སོགས་པའི་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ཡི་དམ་རྣམས་དང་། འཇམ་དཔལ་སྐུ་ཡི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས། ཕུར་བ་ཕྲིན་ལས་ཀྱི་ལྷ་ཚོགས། བླ་མ་རིག་འཛིན་གྱི་ལྷ་ཚོགས། མ་མོ་རྦོད་གཏོང་གི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ལ་སོགས་པའི་སྒྲུབ་སྡེ་བཀའ་བརྒྱད་ཀྱི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཁྱད་པར་དུ་ཁྲག་འཐུང་བདུད་འཇོམས་གླིང་པའི་བཀའ་ཡི་གཏེར་སྲུང་རྒྱ་མཚོ། གནོད་སྦྱིན་ཤན་པ་དམར་ནག ལྷ་ཆེན་དབང་ཕྱུག་ཆེན་པོ། དྲང་སྲོང་གཟའ་བདུད་ནག་པོ། དཀོར་སྲུང་ཟླ་བའི་དབང་པོ། དབང་ཆེན་རྟ་མཆོག་རོལ་བ། བཅོམ་ལྡན་ཞི་བའི་ལྷ་ཚོགས། ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས། སྤྲུལ་བའི་གུ་རུ་མཚན་བརྒྱད། དྲག་པོ་ཕྱི་ནང་གསང་གསུམ། རྗེ་བཙུན་འཕགས་མ་སྒྲོལ་མ། རྣམ་འཕྲུལ་འཕགས་མ་ཉེར་གཅིག མཁའ་འགྲོ་བདེ་ཆེན་རྒྱལ་མོ། མ་ཅིག་རྡོ་རྗེ་ཕག་མོ། རིགས་ལྔའི་མཁའ་འགྲོ་འབུམ་སྡེ། མཁའ་འགྲོ་སེང་གེའི་གདོང་ཅན། ལས་བྱེད་ཊཀྐི་འབུམ་སྡེ་ལ་སོགས་པའི་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཁྱེད་རྣམས་ལ་བདུད་རྩི་བསང་གི་མཆོད་པ་དམ་པ་འདི་འབུལ་ལོ།། གསོལ་ལོ།། མཆོད་དོ།། ཨོཾ་ཨྰཿཧྰུྃ། འོ་གཞན་ཡང་དམ་པའི་ལྷ་ཆོས་སྐྱོང་བའི་བཀའ་སྲུང་ཆོས་སྐྱོང་། མགོན་པོ་ཕ་རྒྱུད། ལྷ་མོ་མོ་རྒྱུད། སྐུ་ཡི་མགོན་པོ་ཕྱག་བཞི། གསུང་གི་མགོན་པོ་ཕྱག་དྲུག ཐུགས་ཀྱི་མགོན་པོ་གུར་མགོན། ཡོན་ཏན་གྱི་མགོན་པོ་བིང་ལེགས་ལྡན། ཕྲིན་ལས་གྱི་མགོན་པོ་དྲཀྴད་སྟག་ཞོན། ཞིང་སྐྱོང་ཀུན་དགའ་གཞོན་ནུ། ཡུམ་མཆོག་སུ་ན་ར་མ། ལས་མཁན་བམ་རོ་ཕོ་མོ། ལས་བྱེད་ལྷ་སྲིན་སྡེ་བརྒྱད། དཔལ་མགོན་མ་ནིང་ནག་པོ། ཡུམ་མཆོག་ཨེ་ཀ་ཙ་ཏི། དམ་ཅན་རྡོ་རྗེ་ལེགས་པ། དྲག་པོ་གཟའ་མཆོག་ཆེན་པོ། གིང་ལྔ་གཟའ་གདོང་བཀྩེ། སྙིང་རྗེའི་རང་གཟུགས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དཔལ་མགོན་ཚོགས་ཀྱི་བདག་པོ། ཡུམ་ཆེན་རེ་མ་ཏི་ནག་མོ། སྐུ་གསུང་ཐུགས་ཀྱི་མགོན་པོ། ཕྱོགས་བཅུ་སྡེ་བརྒྱད་ཀྱི་མགོན་པོ། ལྷ་དམག་བྱེ་བ་དུང་ཕྱུར། མགོན་པོའི་དགྲ་བླ་བཅུ་གསུམ། དཔལ་མགོན་བདུན་ཅུ་རྩ་ལྔ། དཔལ་ལྡན་དམག་ཟོར་རྒྱལ་མོ། ཁ་ཁྲིད་ཆུ་སྲིན་གདོང་ཅན། རྗེས་འབྲང་སེང་གེའི་གདོང་ཅན། དུས་བཞིའི་ལྷ་མོ་ཚེ་རིང་མཆེད་ལྔ། བསྟན་མ་བཅུ་གཉིས། ཆོས་རྒྱལ་ཕྱི་ནང་གསང་གསུམ། ཡུམ་མཆོག་ཕོ་བརྒྱད་མོ་བརྒྱད། རྒྱལ་ཆེན་རྣམ་ཐོས་སྲས། ནོར་སྟེར་རྟ་བདག་རིགས་བརྒྱད། ཛམ་ལྷ་རིགས་ལྔ། གནོད་སྦྱིན་བྱེ་བ། དམ་ཅན་སྡེ་དགུ། གནས་བདག་གཏེར་བདག་ལེགས་པའི་ཡེ་ཤེས་དང་ལས་ལ་གྲུབ་པའི་བཀའ་སྲུང་གཏེར་སྲུང་ཡུལ་ལྷའི་ཚོགས་དང་བཅས་པ་རྣམས་ལ་བདུད་རྩིའི་མཆོད་པ་དམ་པ་འདི་འབུལ་ལོ།། གསོལ་ལོ།། མཆོད་དོ།། ཨོཾ་ཨྰཿཧྰུྃ། འོ་གཞན་ཡང་དགུང་སྔོན་མཐིང་གི་གུར་ཆེན་ཕུབ་འོག་གི་དབང་ཆེན་གསེར་གྱི་ས་གཞི་བརྡལ་བའི་སྟེང་། དབུས་ཀྱི་རི་རྒྱལ་ལྷུན་པོ། གསེར་གྱི་རི་བདུན། རོལ་བའི་མཚོ་བདུན། ཁོར་ཡུག་ལྕགས་རི་མུ་ཁྱུད་གླིང་བཞི་གླིང་ཕྲན་བརྒྱད་ན་གནས་པའི་གཟུགས་ཁམ་བཅུ་བདུན། འདོད་ལྷ་རིགས་དྲུག རྒྱལ་ཆེན་བཞི། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། འཇིགས་བྱེད་ཆེན་པོ་དགུ། ཕྱོགས་སྐྱོང་བ་བཅུ། དེད་དཔོན་དགུ། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ཕྱི་ནང་གསང་བ་མཆོག་དང་སྤྲུལ་བའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་བདུད་རྩི་བསང་གི་མཆོད་པ་དམ་པ་འདི་འབུལ་ལོ།། གསོལ་ལོ།། མཆོད་དོ།། ཨོཾ་ཨྰཿཧྰུྃ། འོ་ཁྱད་པར་དུ་ཨོ་རྒྱན་པདྨའི་ཕྲིན་ལས་ཀྱི་སྤྲུལ་བ། ཨ་སྤོ་གདོང་གི་མཚུན་ལྷ། བོད་ཡུལ་ཡོངས་ཀྱི་དགྲ་ལྷ། འཛམ་གླིང་གེ་སར་རྒྱལ་བོ། སེང་ཆེན་ནོར་བུ་དགྲ་འདུལ། ཡབ་ཨ་བོ་ཀེ་མཛོ། ཡུམ་ཀླུ་སྨན་མཛེས་ལྡན། ཨ་ནེ་གནམ་སྨན་དཀར་མོ། ཕུ་བོ་འབུམ་པ་ཞལ་དཀར། ནུ་བོ་ཀླུ་ཕྲན་འོད་ལྡན། སྲིང་མོ་ཐ་ལེ་འོད་ཆུང་། མགོན་གཡང་དར་མ་བཅུ་གསུམ། ལྷ་རྟ་རྐྱང་ཆུང་ཁ་དཀར། སྦ་ལྕག་བསམ་པའི་དོན་འགྲུབ། ཕུ་བོ་དུང་སྐྱོང་དཀར་པོ། དགྲ་བླའི་མེ་སྟག་དམར་བོ། གླིང་གི་དཔའ་རྟུལ་སུམ་ཅུ། ཡང་ཐུལ་དམ་པའི་མི་བདུན། གླིང་གི་ལྷའི་དམག་དགྲ་ལྷའི་དམག་ཚོགས་དང་བཅས་པ་ཁྱེད་རྣམས་ལ་བདུད་རྩི་བསང་གི་མཆོད་པ་དམ་པ་འདི་འབུལ་ལོ།། གསོལ་ལོ།། མཆོད་དོ།། ཨོཾ་ཨྰཿཧྰུྃ། འོ་ཁྱད་པར་དུ་བོད་ཁ་བ་ཅན་གྱི་གཞི་བདག་གི་གཙོ་བོ། ས་བཅུའི་དབང་ཕྱུག་དགེ་བསྙེན་རྨ་རྒྱལ་སྦོམ་ར། གསང་ཡུམ་གོང་སྨན་ལྷ་རི། ཤར་དུ་འཛུམ་ཆེན་སྡོང་ཁྲོམ། ལྷོ་རུ་བྱིན་ཆེན་དཔལ་སྡེ། ནུབ་ཏུ་འབྲི་ཆེན་ལྡོང་དངུལ། བྱང་དུ་གཉན་ཆེན་ཐང་ལྷ། དཔའ་བའི་སྲས་དགུ། མཛངས་བའི་སྲས་མོ་དགུ། ནུ་བོ་དགྲ་འདུལ་དབང་ཕྱུག བློན་པོ་རྒས་ཐུང་བྲག་དཀར། གཉེར་བ་འབྲང་རྒྱས་ཞལ་དཀར། མོ་བ་གསལ་བྱེད་དུང་རལ། མདུད་ལྷ་སུམ་བརྒྱ་དྲུག་ཅུ། གཏོ་བ་སྔགས་འཆང་གཡུ་རལ། གཏོ་ཐབས་སུམ་བརྒྱ་དྲུག་ཅུ། རྨ་རིགས་སུམ་བརྒྱ་དྲུག་ཅུ། སྨན་མོ་སུམ་བརྒྱ་དྲུག་ཅུ། སྤྲུལ་བ་ཡང་སྤྲུལ་འཁོར་ཚོགས་བྱེ་བ་དུང་ཕྱུར་དང་བཅས་པ་རྣམས་ལ་བདུད་རྩི་བསང་གི་མཆོད་པ་དམ་པ་འདི་འབུལ་ལོ།། གསོལ་ལོ།། མཆོད་དོ།། ཨོཾ་ཨྰཿཧྰུྃ། འོ་གཞན་ཡང་མདོ་སྨད་ཀྱི་ཤར་ཕྱོགས་རྨ་སྨྲར་གཉིས་ཀྱི་ས་མཚམས། ཕྱི་ལྟས་གཡའ་བྲག་གངས་ཀྱི་རི་བོ། ནང་ལྟས་རིན་ཆེན་སྣ་ལྔའི་ཕོ་བྲང་ན་བཞུགས་པའི་ལྷ་ཆེན་གཉན་པོ་གཡུ་རྩེ། སྣ་ཚོགས་སྤྲུལ་བའི་བདག་པོ་ས་ཆེན་བདེ་བར་སྐྱོང་བའི་གསང་མཚན་རྡོ་རྗེ་དྲག་རྩལ། བཙུན་མོ་ལྷ་གཡང་སྒྲོལ་མ། དཔའ་བོ་སྲས་མཆོག་རྣམ་དྲུག ཕྱི་ནང་བློན་པོ་སྡེ་བརྒྱད། སྟོབས་ལྡན་སྒོ་སྲུང་རྣམ་བཞི། ཡབ་གཉན་རྒན་དེ་བ། ཡུམ་མ་ཕམ་གཡུ་མཚོ། ཞིང་བོ་རྨ་རྒྱལ་སྦོམ་ར། མེས་པོ་བཞག་ར་ལྷ་རྩེ། ཚ་བུ་ཐང་ལྷ་ཡར་བཞུད། ཤར་གྱི་སྒོ་སྲུང་ལྷ་གཡོན་ཐོད་དཀར། ལྷོ་ཡི་སྒོ་སྲུང་དར་དཀར་སྣང་རྩེ། ནུབ་ཀྱི་སྒོ་སྲུང་རྫ་ཡི་བསེ་ཁྲབ། བྱང་གི་སྒོ་སྲུང་ཕ་བང་གྲུ་བཞི། སྒོ་ཟུར་གཡས་ན་ལྷ་གཡག་དཀར་པོ། སྒོ་ཟུར་གཡོན་ན་རྒྱ་སྟག་དམར་པོ། གཉན་དམག་བརྒྱད་ཁྲི་བཞི་སྟོང་། མཚོ་སྨན་སུམ་བརྒྱ་དྲུག་ཅུ། ཡང་སྨན་དགུ་ཁྲི་དགུ་འབུམ་ལ་སོགས་པའི་རྨ་སྨྲར་གཉིས་ཀྱི་ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་ཁྱེད་རྣམས་ལ་བདུད་རྩི་ཕུད་ཀྱི་མཆོད་པ་དམ་པ་འདི་འབུལ་ལོ།། གསོལ་ལོ།། མཆོད་དོ།། ཨོཾ་ཨྰཿཧྰུྃ། འོ་ཁྱད་པར་དུ་གཉན་ཆེན་དབང་གི་སྒོ་སྲུང་རྡོ་རྗེ་ཕུར་བའི་བཀའ་སྲུང་བསེ་ཡི་སྐྱེས་བུ་ཆེན་པོ། བཙན་རྒོད་རྫ་ཡི་བསེ་ཁྲབ། བཙན་དམག་འབུམ་གྱི་རྗེ་བོ། ཤན་པ་སྟོང་གི་དམག་དཔོན། དམག་དང་ཇག་གི་ཁ་འཛིན། མཐུ་དང་སྟོབས་ཀྱི་བདག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་བདུད་རྩི་ཕུད་ཀྱི་མཆོད་པ་འདི་འབུལ་ལོ།། གསོལ་ལོ།། མཆོད་དོ།། ཨོཾ་ཨྰཿཧྰུྃ། འོ་གཞན་ཡང་སྟོང་གསུམ་སྟོང་གི་འཇིག་རྟེན་རྒྱ་མཚོ་ཆེན་པོའི་མཐའ་དབུས་ན། རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་ཚུན་ལ་གནས་པའི་སྲིད་པ་ཆགས་པའི་ལྷ་དགུ། རྗེ་ཡི་མགུར་ལྷ་བཅུ་གསུམ། དྲག་པའི་སྡེ་དཔོན་སུམ་ཅུ། སྔགས་བདག་དྲག་ཆེན་བཅོ་བརྒྱད། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་ན་གནས་པའི་དཔའ་བོ་མཁའ་འགྲོ། ཕ་མེས་རྒྱུད་ཀྱི་སྲུང་མ། བློན་པོ་རྒྱུད་ཀྱི་སྲུང་མ། འགོ་བའི་ལྷ་ལྔ། སྐྱོབས་པའི་ལྷ་དགུ། ལོ་དང་སྤར་སྨེའི་ཚོགས། རུས་ཆེན་དྲུག་གི་མཚུན་ལྷ་རྣམས་དང་། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སོགས་ན་གནས་པའི་དཀར་པོ་ལྷ་ཡི་སྡེ་ཚན། དམར་པོ་བཙན་གྱི་སྡེ་ཚན། ཕྱུག་པོ་ཀླུ་ཡི་སྡེ་ཚན། ས་བདག་གཉན་གྱི་སྡེ་ཚན། མཐོ་བ་ནམ་མཁའ་ལ་གནས་པ། དམའ་བ་ས་གཞི་ལ་གནས་པ། གཡའ་བྲག་རྫ་རི་ལ་གནས་པ། མཚོ་རྫིང་ཆུ་བོ་ལ་གནས་པ། གནས་ཡུལ་གཏེར་གྱི་བདག་པོ་ལ་སོགས་པའི་སྣང་ཞིང་སྲིད་པའི་སྡེ་བརྒྱད་གཞི་བདག་ཆེ་ཕྲ་མ་ལུས་པ་ཐམས་ཅད་ལ་བདུད་རྩི་བསང་གི་མཆོད་པ་དམ་པ་འདི་འབུལ་ལོ།། གསོལ་ལོ།། མཆོད་དོ།། ཨོཾ་ཨྰཿཧྰུྃ། འོ་གཞན་ཡང་ལྷ་ཀླུ་བཙན་མ་མོ་གཤིན་རྗེ་སོགས་སྡེ་བརྒྱད་དྲག་པའི་བཀའ་འཁོར་དུ་གནས་པ་རིགས་དང་སྡེ་ཚན་དུ་གཏོགས་པའི་འབྱུང་བོ་ཁས་ཞན་དབང་ཆུང་བ་ཨེ་མཆོད་ལ་རེ་བ། ཨེ་བསྟོད་ལ་གདུང་བ། རི་འབའ་འབུར་ལ་གནས་པ། མཚོ་འཁྱ་འཁྱིལ་ལ་གནས་པ། བྲག་ཅ་ཅིག་ལ་གནས་པ། ཤིང་རབ་རིབ་ལ་གནས་པའི་བཀའ་འཁོར་བྲན་གཡོག་ཉམ་ཆུང་གི་རིགས་ཕུད་ལ་མི་དབང་བ་ལྷག་མ་ལ་རེ་བའི་རིགས་དྲུག་ལན་ཆགས་ཀྱི་མགྲོན་པོ་ཐམས་ཅད་ལ་བདུད་རྩི་བསང་གི་ལྷག་མ་འདོད་ཡོན་ལྔའི་རང་བཞིན་འབུལ་ལོ།། བསྔོའོ།། སྦྱིན་ནོ།། གནས་སྐབས་འདོད་ཡོན་ལྔའི་ཚིམས་ཤིང་ཕན་བདེའི་སེམས་དང་ལྡན་ནས་མཐར་ཐུག་བྱང་ཆུབ་ཆེན་པོའི་བདེ་བ་ལ་རེག་པར་གྱུར་ཅིག དེ་དག་གང་འདོད་ཀྱིས་མཐར་འདོད་གསོལ་ནི། འོ་དེ་ལྟར་བདུད་རྩི་བསང་དང་གསེར་སྐྱེམས་ཀྱི་མཆོད་པ་འདི་བཞེས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུའི་སྐུ་ཚེ་བརྟན་ཞིང་། བསྟན་པ་དང་འགྲོ་བའི་མཛད་འཕྲིན་རྒྱས་པ་དང་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབེབས་པ་དང་། ལོ་ཕྱུག་རྟག་ཏུ་ལེགས་པར་མཛོད་ཅིག ནད་མིག་འཁྲུག་རྩོད་རྒྱུན་ཆོད་ཅིག བཀྲ་ཤིས་བདེ་སྐྱིད་ཀྱི་ཉི་མ་འཆར་བར་མཛོད་ཅིག བླ་མ་དཀོན་མཆོག་གི་ཐུགས་རྗེས་གདུལ་བྱ་སྨིན་ཅིང་གྲོལ་བར་མཛོད། ཡི་དམ་དཔའ་བོ་མཁའ་འགྲོས་དངོས་གྲུབ་རྣམ་གཉིས་ཆར་ལྟར་ཕོབས་ཤིག བཀའ་སྲུང་ཆོས་སྐྱོང་རྒྱ་མཚོས་ཕྲིན་ལས་གང་འདོད་མྱུར་དུ་སྒྲུབས་ཤིག ནོར་ལྷ་གཡང་ལྷ་རྣམས་ཟས་ནོར་ལོངས་སྤྱོད་སྤྲིན་ལྟར་དུ་གཏིབ་ཅིག ཡུལ་ལྷ་གཞི་བདག་རྣམས་ཀྱིས་ཁ་མགོན་དང་སྡོང་གྲོགས་མཛོད་ཅིག ཁྱད་པར་དུ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་མི་ཐོག་གི་ན་ཚ་ཞི། ཕྱུག་ཐོག་གི་གོད་ཁ་ཆོད། གཟུགས་ཅན་སྡང་བའི་དགྲ་སོད། གཟུགས་མེད་གནོད་པའི་བགེགས་ཆོམས། བར་ཆད་བདུད་ཀྱི་རྐྱེན་བཟློག མཁས་པའི་ལྕེ་འོག་ལ་མ་གཏོང་། སྔགས་པའི་མཐུ་འོག་ལ་མ་གཏོང་། དཔའ་བོའི་མཚོན་འོག་ལ་མ་གཏོང་། བཙན་པོའི་ཁྲིམས་འོག་ལ་མ་གཏོང་། དགྲ་རྐུན་ཇག་གསུམ་གྱི་མགོ་སྐོར་ཅིག ནད་མུག་མཚོན་གསུམ་གྱི་དབལ་ཆོད་ཅིག བྱད་ཁ་དང་ཕུར་ཁ་བཟློག་ཅིག ནད་ཡམས་དང་གོད་ཁ་ཆོད་ཅིག ཉིན་གྱི་བྱ་ར་མཛོད་ཅིག མཚན་གྱི་མེལ་ཚེ་མཛོད་ཅིག གཞི་ལ་འདུག་དུས་ཁ་འཛིན་མཛོད། བྱེས་སུ་འགྲོ་དུས་ལམ་ལྷ་མཛོད། རྒྱབ་ཀྱི་སྐྱེལ་མ་མཛོད་ཅིག མདུན་གྱི་བསུ་མ་མཛོད་ཅིག དགྲ་རྐུན་བྱུང་ན་བྱ་ཐོངས། དུག་མཚོན་བྱུང་ན་སྨན་ཐོངས། སྟེང་གི་མི་ན་ཚ་ཆོད། འོག་གི་ཕྱུགས་ཀྱི་གོད་ཁ་ཆོད། སྒོ་ཡི་ཞིང་གི་སད་སེར་ཆོད། ཕྱུག་གི་མཛོད་ཀྱི་གང་སྟོང་ཆོད། ཁ་ཞིམ་ངར་ཅན་གྱི་ཟས་དང་སྤྲོད། རྒྱབ་དྲོ་འཇམ་ཅན་གྱི་གོས་དང་སྤྲོད། ལག་རིན་ཐང་ཅན་གྱི་ནོར་དང་སྤྲོད། རྐང་མྱུར་མགྱོགས་ཅན་གྱི་རྟ་དང་སྤྲོད། སེམས་སྨིན་གྲོལ་ཅན་གྱི་ཆོས་དང་སྤྲོད། ཚེ་རིང་ནད་མེད་ཀྱི་དངོས་གྲུབ་སྩོལ། བཙན་ཕྱུག་འཕན་དར་གྱི་དངོས་གྲུབ་སྩོལ། ཟས་ནོར་ཆོས་གསུམ་གྱི་དངོས་གྲུབ་སྩོལ། སྲོག་ལུས་དབང་ཐང་བརྟན་པའི་དངོས་གྲུབ་སྩོལ། ཁ་རྗེ་རླུང་རྟ་དར་བའི་དངོས་གྲུབ་སྩོལ། ཚེ་བསོད་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། སྙན་གྲགས་ནམ་མཁར་ཁྱབ་པའི་དངོས་གྲུབ་སྩོལ། ཁམས་གསུམ་དབང་དུ་འདུ་བའི་དངོས་གྲུབ་སྩོལ། མཐའ་དམག་དུས་འཁྲུག་ཞི་བའི་དངོས་གྲུབ་སྩོལ། རྒྱལ་ཁམས་བདེ་ཞིང་སྐྱིད་པའི་དངོས་གྲུབ་སྩོལ། བསྟན་པའི་སྲོག་ཤིང་འཛུགས་པའི་དངོས་གྲུབ་སྩོལ། མདོར་ན་བསམ་དོན་ཐམས་ཅད་དམ་པའི་ཆོས་བཞིན་ཏུ་ལྷུན་གྱིས་འགྲུབ་ནས་འདི་དང་ཕྱི་མའི་དོན་ཐམས་ཅད་གེགས་མེད་ཡིད་བཞིན་ཏུ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཁ་སེམས་དལ་གྱི་དུས་སུ་མཆོད་ནི་འདི། གལ་ཆེན་འགགས་ལ་ཐུག་ཉིན་ཡོད་པར་མཛོད། སྐྱབས་གནས་ཁྱེད་ལ་ཕྲིན་ལས་བཅོལ་བ་འདི་ཇི་བཞིན་འགྲུབ་པར་མཛད་དུ་གསོལ།

གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་བསྟན་པའི་བདག་པོ་གདུང་སྲས་འབྲོང་རྫོང་རྡོ་རྗེ་ཕ་ལམ་ལ་ན་མོ།
པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ།།
ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་།།
གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར།།
མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག།
སྐུ་ཉིད་གྲུབ་པའི་དབང་ཕྱུག་ཆེན་པོ་ཁྲག་འཐུང་བདུད་འཇོམས་གླིང་པའི་གདན་ས་བརྡ་ཚང་བསྐལ་བཟང་དགོན་རྫོགས་ཆེན་དར་རྒྱས་གླིང་།