January 2025

རྟེན་འབྲེལ་བཟང་པོ་བཅུ་འཛོམས་བྱུང་།

རྟེན་འབྲེལ་བཟང་པོ་བཅུ་འཛོམས་བྱུང་།

ཨེ་མ་ཧོ༔

༼༡༽

ཆོས་ཀྱི་སྤྲིན་བཞིན་བཟང་པོ་བཅུ་འཛོམས་པ།།

ཀ་དག་ངོ་བོ་སྤྲོས་བྲལ་བདེ་ཆེན་དཔལ།།

ལྷུན་གྲུབ་རང་བཞིན་འོད་གསལ་དགྱེས་པ་རྩལ།།

རང་རིག་ཐུགས་རྗེ་ཀུན་བཟང་རིག་འཛིན་རྒྱལ།།

༼༢༽

བཟང་གཅིག་དྲིན་ཆེན་བླ་མ་ཡུན་རིང་འཚོ།།

བཟང་གཉིས་སེམས་ཀྱི་གྲོགས་བཟང་མཉམ་དུ་འཛོམས།།

བཟང་གསུམ་ཕུ་ནུ་མིང་སྲིང་མཐུན་སྒྲིལ་ཡོང་།།

བཟང་བཞི་བརྩེ་བའི་གྲོགས་དང་ཡང་ཡང་མཇལ།།

༼༣༽

བཟང་ལྔ་རིགས་མཐུན་ཆོས་མཆེད་རང་དབང་ཐོབ།།

བཟང་དྲུག་མི་རིགས་ཐམས་ཅད་བསམ་བློ་མཐུན།།

བཟང་བདུན་སེམས་ཅན་ཐམས་ཅད་བདེ་བར་འབྱོར།།

བཟང་བརྒྱད་སྡུག་བསྔལ་རྒྱུ་བྲལ་བདེ་ལེགས་ཕྱིན།།

༼༤༽

བཟང་དགུ་སྡུག་བསྔལ་གཏན་མེད་བདེ་རྒྱུན་ལྡན།།

བཟང་བཅུ་ཉེ་རིང་ཀུན་བྲལ་བཏང་སྙོམས་གནས།།

ཀུན་བཟང་ཡིད་བཞིན་ནོར་བུའི་སྨོན་ལམ་གྲུབ།།

ཀུན་བཟང་སྙིང་པོའི་བསྟན་པ་འཛིན་སྐྱོང་སྤེལ།།

ཞེས་པ་འདི་ཡང་རབ་གནས་ཤིང་འབྲུག་མགོ་ཟླ་བའི་ཡར་ངོའི་བཟང་པོ་གཉིས་པ་ལ་རྗེ་བཙུན་མཁའ་འགྲོ་མ་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་རིགས་ཀུན་གྱི་ཁྱབ་བདག་མོ་ཀུན་དགའ་འཇམ་དབྱངས་དཔལ་མོས་ཐུགས་བརྩེས་ཉེར་གཅིག་མའི་བྱིན་ལུང་དང་༸མཁའ་འགྲོ་རྗེ་བཙུན་མ་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གཟིམ་ཁང་ནས་ཤྲཱིཿ ཨེ་མ་ཧོས་བདེན་གཏམ་ནང་མོལ་རྣམས་དེ་ཉིད་དུ་བགྱིས་པར་དགེའོ།། དགེའོ།། དགེའོ།།