
ཤར་ཕྱོགས་རྟགས་བརྒྱད་འགྲོ་དོན་གཟི་བརྗིད་འབར།།
ཤར་ཕྱོགས་རྟགས་བརྒྱད་འགྲོ་དོན་གཟི་བརྗིད་འབར།།
ཨེ་མ་ཧོ༔
༼༡༽
རིག་འཛིན་དབྱངས་ཅན་ལྷ་མོས་བྱིན་རླབས་ལས།།
མཁྱེན་རབ་འཇམ་དཔལ་དགྱེས་པ་རྡོ་རྗེའི་རྩལ།།
ཕན་བདེས་གདུགས་དཀར་ནུས་མཐུ་མཁའ་རུ་གཡོ།།
འཁོར་འདས་བཀྲ་ཤིས་བདེ་ལེགས་ཕུན་ཚོགས་གྱུར།།
༼༢༽
ཨེ་ཝྃ་པདྨ་ཀ་རས་བདག་རྐྱེན་ལས།།
རྩ་གསུམ་རྒྱལ་བའི་དབང་ལུང་མན་ངག་བསྩལ།།
ཐུབ་བསྟན་རྒྱལ་མཚན་མི་ནུབ་དབྱིངས་ལ་བསྒྲེངས།།
ཞིང་ཀུན་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།།
༼༣༽
དབང་ཆེན་པདྨ་དགྱེས་པའི་རྡོ་རྗེའི་གར།།
ཨེ་ཝྃ་རིག་པའི་སྒྱུ་འཕྲུལ་དྲྭ་བའི་དཔལ།།
ཀུན་མཁྱེན་བུམ་བཟང་འཛམ་གླིང་རྒྱན་དུ་གཏམས།།
ཟངས་རིའི་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།།
༼༤༽
མཁས་ལེགས་ཏཱ་རས་བྱམས་བརྩེ་དད་མོས་མཐུས།།
རིག་འཛིན་བརྒྱུད་པའི་གསེར་བཟང་ཤིང་རྟ་ཆེ།།
ཡིད་བཞིན་ནོར་བུ་པདྨ་དཀར་པོའི་གཤིས།།
སྣང་སྲིད་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།།
༼༥༽
ཨཱརྱ་ཏཱ་ར་སྐུ་གསུམ་མཁའ་འགྲོ་ཡིས།།
གསེར་གླིང་གནས་སུ་གསེར་ཆོས་བསྐོར་བར་བསྐུལ།།
ཀུན་ཁྱབ་ཆོས་དུང་དཀར་པོའི་སྒྲ་སྙན་ཉིད།།
ཡུལ་མཚོ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།།
༼༦༽
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས་རྗེའི་སྟོབས།།
ཐེག་ཀུན་ཁྱབ་བརྡལ་རྫོགས་པ་ཆེན་པོའི་གླིང་།།
འགྱུར་མེད་གཡུང་དྲུང་དཔལ་བེའུའི་རི་མོར་ཤར།།
བསྟན་སྲིད་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།།
༼༧༽
གསུམ་ལྡན་འབྱུང་བའི་རྟ་མཆོག་གོམས་འགྲོས་ལས།།
སྟག་སེང་ཁྱུང་འབྲུག་ཕྱོགས་དུས་རྒྱལ་བའི་སྟོབས།།
ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར།།
རྒྱལ་བསྟན་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།།
༼༨༽
མཁྱེན་བརྩེ་ཡེ་ཤེས་སྤྱན་བཟང་འདབ་མ་ཡངས།།
བཀའ་གཏེར་མན་ངག་མཛོད་ལ་དབང་འབྱོར་བས།།
དབུས་ཕྱག་གསེར་ཉའི་ཕྱག་རྒྱས་དམ་པོར་འཆང་།།
རྫོགས་ཆེན་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།།
དེ་ལྟར་རྨི་ལམ་འོད་གསལ་སྣང་བ་བཞིན།།
རྟགས་བརྒྱད་རི་མོ་མཚུངས་པའི་འགྲོ་དོན་ཉིད།།
འབད་མེད་ལྷུན་གྲུབ་འབྱུང་བའི་སྨོན་འདུན་དང་།།
དམ་མཐུན་དགེ་ལེགས་དབྱིངས་ནས་རྒྱལ་བས་སྩོལ།།
ཤྲཱིཿ གླིང་པས་སོ།།
24/2/2026 HK


