February 2019

༄༅། །མཉམ་པའི་ཚུལ་གནས་མཉམ་པའི་དོན་ལ་བཀོད། །

༄༅། །མཉམ་པའི་ཚུལ་གནས་མཉམ་པའི་དོན་ལ་བཀོད། །
བཟང་པོའི་ཁྲིམས་ཚུགས་བཟང་པོའི་ལས་ལ་སྦྱར། །
མཚུངས་མེད་བློ་གྲོས་རྒྱུ་སྐར་རྒྱལ་པོ་དེ། །
བདག་ཡིད་ཀུ་མུད་ཕྱེ་བའི་གཉེན་དུ་མཛེས། །
དེ་ཡང་སྡེ་གསུམ་ཀློང་དགུའི་ཤིང་རྟ་ཆེན་མོ་༸རྒྱལ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་དུས་རབས་བཅུ་བཞི་པའི་༼༡༣༥༡༽ནང་སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པའི་སྟོབས་ལས་ལྷོ་མོན་ཁ་བཞི་སྨན་ལྗོངས་འབྲུག་རྒྱལ་ཁབ་ཏུ་འཆིབས་ཁ་བསྒྱུར་གནང་ནས་གདན་ས། ༡༽བུམ་ཐང་བབརོན་ཐར་པ་གླིང་། ༢༽ཤིང་མཁར་བདེ་ཆེན་གླིང་། ༣༽ཀུར་སྟོད་༼ཀུ་རེ་སྟོད༽ཀུན་བཟང་གླིང་། ༩ །སྔན་ལུང་འབྲིས་བཅགས་གླིང་། ༥༽ཤར་ཀུན་བཟང་གླིང་། ༦༽མཁོ་ཐང་རིན་ཆེན་གླིང་། ༧༽སྤ་གྲོ་ཀུན་བཟང་གླིང་། ༨༽སྤ་གྲོ་བསམ་གཏན་གླིང་། ཞེས་གདན་ས་གླིང་བརྒྱད་བཏབ། ཡན་ལག་ཀྲོང་གསར་ཤེར་གླིང་། བུམ་ཐང་བསམ་གཏན་གླིང་གོང་འོག་གཉིས་རྣམས་ཡོད་ཅིང་། དེའི་ནང་ནས་བཞུགས་སའི་མཐིལ་གཙོ་བོ་བུམ་ཐང་བབ་རོན་ཐར་པ་གླིང་འདི་གནང་ཞིང་། དགོན་གནས་འདི་ཕྱག་བཏབ་པའི་ཚུལ་ཡང་། ཉིད་ཀྱི་གསུང་བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་མེ་ཏོག་སྐྱེད་ཚལ་ལས། དེ་འདྲའི་ལྷུན་པོ་རིན་ཆེན་མཆོག་ཚོགས་ཅན། །བྱམས་པ་གདན་བཞུགས་འདྲ་བའི་ཐུགས་ཀ་ལ། །ཐར་པ་གླིང་གི་སྒྲུབ་གནས་མཛེས་པ་ནི། །དཔལ་རི་པདྨ་འོད་ཀྱི་ཞལ་ཡས་བཞིན། །འདི་ནི་རི་རྒྱལ་རབ་ཏུ་ལྷུན་མཐོ་ལ། །ནགས་ཚལ་སྨན་ཤིང་མེ་ཏོག་ཆུ་གཙང་དང་། །ནེའུ་གསིང་སྨན་ལྗོངས་དུ་མས་རབ་བརྒྱན་ཞིང་། །དགོན་པའི་ས་གཞི་དག་ཀྱང་རབ་ཏུ་མཛེས། །ས་དང་གནམ་ཡང་ཉི་འོད་རྒྱུན་རིང་ལ། །དབྱར་བསིལ་དགུན་དྲོ་དུས་བཞི་བསིལ་དྲོད་མཉམ། །ཆུ་དང་ཤིང་བཟང་ངང་གིས་སྡོད་སྙིང་འདོད། །གྲོང་ལས་རྒྱང་རིང་དབེན་པའི་ནགས་ཁྲོད་ལགས། །འདི་ན་རང་བཞིན་འཚེ་བ་མེད་པ་དང་། །མཐུན་རྐྱེན་སྒྲུབ་སླ་བསམ་གཏན་ངང་གིས་འཕེལ། །བཅུད་ལེན་རྫས་ཀྱང་རྣམ་པ་གྲངས་མང་ལ། །ཤིང་ཏོག་སྔོ་ངད་མང་པོའི་ཁ་ཟས་ལྡན། །མཐོང་བས་ཆགས་ཤིང་བསྟེན་པས་ཡིད་སྤྲོ་ལ། །ངང་གིས་ཆོས་འཕེལ་སེམས་གཙང་རིག་པ་འཛིན། །རྒྱུན་དུ་ཡིད་དགའ་དག་པའི་ཞིང་ཁམས་བཞིན། །ཞི་བ་རབ་བཟང་ཐར་པའི་གླིང་མཆོག་ལགས། །འདི་ནི་སྔོན་ཚེ་རང་འབྱུང་པདྨ་ཡིས། །ལུང་བསྟན་ཟབ་གཏེར་བྱིན་རླབས་འབྱོར་པས་བརྒྱན། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འདུ་བ། །བར་ཆད་མེད་ཅིང་དངོས་གྲུབ་ཉེ་བ་ལགས། །དེ་འདྲའི་གནས་འདིར་པདྨའི་བྱིན་རླབས་ལས། །རྒྱལ་སྲས་དྲི་མེད་འོད་ཟེར་ལེགས་འོངས་ཏེ། །སྨོན་ལམ་ལུང་བསྟན་བཞིན་དུ་སྒྲུབ་པའི་ཕྱིར་། །བསྟི་གནས་བཅས་ཏེ་བསམ་གཏན་སྒོམ་པ་ལེགས། །ཞེས་པ་རྣམས་ཀྱི་བསྟན་དོན་ལྟར་དབེན་གནས་འདི་ཕྱག་འདེབས་མཛད་ཅིང་། རི་ཁྲོད་འདིར་ཀུན་མཁྱེན་ཀློང་ཆེན་རང་གི་བཞུགས་ཁྲི། ཉིད་ཀྱིས་སེངྒེའི་བྲག་ནས་ཌཱ་མ་རུ་གཏེར་བཞེས་སའི་ཤུལ། དྲང་སྲོང་བླ་མཚོ། རིག་འཛིན་པདྨ་གླིང་པས་རྫོགས་ཆེན་དགོངས་པ་ཀུན་འདུས་གཏེར་བཞེས་སའི་ས་གནས་རྣམས་ཉམས་མེད་མཇལ་རྒྱུ་ཡོད། ཡུལ་མི་རྣམས་ཀྱི་ངག་རྒྱུན་ལ་ལྷོ་མོན་འདིར་མི་ལོ་བཅུ་གསུམ་ཙམ་བཞུགས་ནས་རང་གི་སྐུ་ཚབ་ཏུ་སློབ་དཔོན་དཔལ་མཆོག་གི་གཅུང་པོ། སློབ་དཔོན་སངས་རྒྱས་ཀུན་དགའ་ཞེས་བྱ་བ་བླ་མར་སྐོས་ནས་བོད་དུ་ཕེབས་པར་གྲགས་ལ། དེ་ནས་དགོན་པ་རེ་ཞིག་ཉམས་ཆགས་སོང་ཡོད་ཀྱང་ཕྱིས་སུ་དུས་རབས་ཉི་ཤུ་པར། རྟོགས་ལྡན་ཤཱཀྱ་ཤྲཱིས་༼༡༨༥ ༣༣ ༡༩༡༩༽སྨན་ལྗོངས་འབྲུག་གི་ཆོས་རྒྱལ་རྒྱལ་རབས་དང་པ་གོང་ས་ཨུ་རྒྱན་དབང་ཕྱུག་༼༡༨༦༢ ༡༩༢༦༽ལ་བསྐུལ་མ་གནང་བ་ནས། ༧གོང་ས་མཆོག་ནས་ཀྱང་རླབས་ཆེན་གྱི་ཐུགས་བསྐྱེད་བཞེད་དེ་སླར་གསོ་མཛད་དེ། སྤྱི་ལོ་༡༩༡༤ རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ལོར་ལྷ་ཁང་ཐོག་གཉིས་མ་གཞི་ནས་གསར་དུ་བཞེངས། ནང་རྟེན་ཡང་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི་སྐུ་འདྲ་དང་། ཨོ་རྒྱན་པདྨ་འབྱུང་གནས། རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་སྐུ་འདྲ་བཅས་བཞེངས་གནང་། ལྡེབ་རིས་སུ་ཡང་ཀུན་མཁྱེན་ཀློང་ཆེན་གཙོ་བོར་བྱས་པའི་སྙིང་ཐིག་བླ་བརྒྱུད་དང་བདེ་ཆེན་ཞིང་བཀོད། ཟངས་མདོག་དཔལ་རིའི་ཞིང་བཀོད་བཞེངས་གནང་བ་དེ་སྐབས་ཀྱི་ལྷ་བྲིས་པ་བོད་ལྷ་ལུང་ནས་སློབ་དཔོན་ཨུ་རྒྱན་ཡིན་པར་གྲགས། ཆོས་རྒྱལ་ནས་མདོ་ཁམས་ཕྱོགས་སུ་གྲུབ་དབང་ཤཱཀྱ་ཤྲཱི་རབ་གནས་གསུང་ཆེད་གདན་ཞུ་གནང་ཡང་། གྲུབ་དབང་རིན་པོ་ཆེའི་སྐུ་ཚབ་ཏུ་ཉིད་ཀྱི་ཞལ་སློབ་ཨ་ཙ་རུ་རིན་པོ་ཆེ་རྣམ་རྒྱལ་དཔལ་འབྱོར་ཆེད་མངགས་བཏང་གནང་། དེའི་ཕྱག་ཏུ་ལེགས་སྐྱེས་སྐུ་རྟེན་གསེར་ཟངས་ལས་གྲུབ་པའི་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་། གསུང་རྟེན་ཀློང་ཆེན་མཛོད་བདུན་བྲིས་མ་པོད་བདུན། ཐུགས་རྟེན་གསེར་ཟངས་ཀྱི་མཆོད་རྟེན་གཅིག་བཅས་གནང་བ་གདན་སར་གནང་འབྱོར་གྲུབ་པ་དེ་དག་ནང་རྟེན་གཙོ་བོར་བཞུགས། སྐུ་ཉིད་ཀྱིས་བསྟན་པའི་སྦྱིན་བདག་མཛད་དེ་སྒྲུབ་སྡེ་བསྙེན་མཚམས་པ་ཞལ་གྲངས་༡༣ དང་། ཀློང་ཆེན་སྙིང་ཐིག་གི་བཤད་སྒྲུབ་ཀྱི་བསྟན་པ་འཛིན་པའི་དགེ་འདུན་གྱི་སྡེ་བསྐྱར་དུ་བཙུགས་གནང་བ་མ་ཟད་མི་རྗེ་རང་ཉིད་ཀྱང་དགོན་དེར་སྒྲུབ་པ་གནང་བཞུགས་འདུག དེ་བཞིན་འབྲུག་རྒྱལ་གཉིས་པའི་སྐབས་བཤད་གྲྭ་རྒྱ་ཆེར་བཙུགས་ཏེ་ད་ཚུན་བར་བུམ་ཐང་བབརོན་ཐར་པ་གླིང་འདུས་སྡེའི་མཁན་སྤྲུལ་བླ་སློབ་རིམ་བྱོན་རྣམས་ནས་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་ཏེ། དེ་ཡང་རིམ་བཞིན་སྒྲུབ་སྡེ་དང་བཤད་གྲྭ་གྲྭ་ཚང་སློབ་གྲྭ་བཅས་ཀྱི་རྒྱུན་ཉམས་པ་སོར་ཆུད་ཅིང་མི་ཉམས་གོང་འཕེལ་ངང་བསྟན་དང་འགྲོ་བའི་དོན་ཆེན་ལྷུན་གྱིས་གྲུབ་ནས་སྟོན་ཀའི་ནམ་མཁའ་དྭངས་མ་ལ་ཀུ་མུད་གྱི་འོད་ཟེར་མུ་མེད་འཕྲོ་ནས་མཆོད་ཡོན་གྱི་དམ་པར་གནས་བཞིན་པའོ།།
གདན་སའི་ལོ་རྒྱུས་རིན་ཆེན་དྭངས་མའི་ཁམས། །
ས་འོག་བསྐལ་བར་འགྱུར་བ་མ་བཟོད་ནས། །
ཚིག་དང་སྡེབ་སྦྱོར་ངག་གི་རབ་དབེན་ཡང་། །
འབད་པ་ཆེན་པོས་བསྡུས་ཏེ་ཕྱོགས་ཙམ་བཀོད། །
ཅེས་པ་འདི་ཡང་ཨུར་སྦས་པ་སློབ་སྤྲུལ་སྐལ་བཟང་ཕུན་ཚོགས་ནས་རབ་འབྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ། ། སྤྱི་ལོ་༢༠༡༦ ཟླ་༥ པའི་ཚེས་༥ ལ་བུམ་ཐང་ཐར་པ་གླིང་བཤད་གྲྭ་སྔ་འགྱུར་བཀའ་གཏེར་རིག་པའི་འབྱུང་གནས་གླིང་དུ་སུག་བྲིས་བགྱིས་པའོ།།

Leave a Reply

Your email address will not be published. Required fields are marked *