ཞི་གནས་དཔེ་རིས་ཀྱི་མཚོན་དོན་དང་ཞི་གནས་བཞག་ཐབས་དགུའི་སྐོར།
ཞི་གནས་དཔེ་རིས་ཀྱི་མཚོན་དོན་དང་ཞི་གནས་བཞག་ཐབས་དགུའི་སྐོར།འདི་ལ་ཞི་གནས་ཀྱི་རྒྱུ་ཚོགས་དྲུག་ལ་གནས་པའི་སྒོམ་པ་པོས། ལེ་ལོ་དང་། གདམས་ངག་བརྗེད་པ། བྱིང་རྒོད། འདུ་མི་བྱེད་པ། འདུ་བྱེད་པ་སྟེ་ཏིང་ངེ་འཛིན་གྱི་ཉེས་པ་རྣམས་ཤེས་པར་བྱས་ནས་ཉེས་པ་དང་པོའ་ིགཉེན་པོ་དད་པ། འདུན་པ། ཤིན་སྦྱངས། རྩོལ་བ་བཞི། གཉིས་པའི་གཉེན་པོར་དྲན་པ། གསུམ་པའི་གཉེན་པོར་ཤེས་བཞིན། བཞི་པའི་གཉེན་པོར་འདུ་བྱེད་པ། ལྔ་པའི་གཉེན་པོར་བཏང་སྙོམས་ཏེ་གཉེན་པོ་འདུ་བྱེད་བརྒྱད་བསྟེན་ནས་སྒྲུབ་དགོས་ལ། དེ་དག་ཀྱང་སེམས་གནས་དགུར་ཕྱེ་བ་དང་། དེ་རྣམས་སྟོབས་དྲུག་གིས་འགྲུབ་ལུགས་དང་། ཡིད་བྱེད་བཞིར་སྡུད་ཚུལ་རྣམས་ཤེས་ན་ཏིང་ངེ་འཛིན་སྐྱོན་མེད་བདེ་བླག་ཏུ་འགྲུབ་པར་གསུངས་པས་གླང་པོ་ཆེ་མ་དུལ་བ་འདུལ་བའི་དཔེ་དང་སྦྱར་ཏེ་གོང་དུ་རི་མོ་བཀོད་པ་རྣམས་ཀྱི་མཚོན་དོན་རགས་རིམ་འགོད་པ་ལ།ལམ་གྱི་ཁུགས་པ་དྲུག་གིས་སྟོབས་དྲུག་མཚོན་པ་དང་། ཞགས་པས་དྲན་པ་དང། ལྕགས་ཀྱུས་ཤེས་བཞིན་མཚོན། སེམས་གནས་དང་པོ་ནས་བདུན་པའི་བར་མེ་ལྕེ་ཡོད་མེད་དང་། ཆེ་ཆུང་གི་ཁྱད་པར་བཀོད་པས་ནི། དྲན་ཤེས་ཀྱི་འབད་རྩོལ་ཆེ་ཆུང་གི་ཁྱད་པར་མཚོན། གླང་པོས་སེམས་དང་། ཁ་དོག་ནག་པས་བྱིང་བ་དང། སྤྲེའུས་འཕྲོ་བ་དང་། མདོག་ནག་པས་རྒོད་པ་དང། འདོད་ཡོན་ལྔས་ནི་རྒོད་པའི་ཡུལ་མཚོན།ཁུགས་པ་གཉིས་པ་ནས་བཟུང་གླང་པོའ་ིམགོ་ནས་དཀར་ཆ་རིམ་གྱིས་འཕེལ་བ་དེས་གསལ་ཆ་དང་། གནས་ཆ་ཇེ་འཕེལ་དུ་འགྲོ་བ་མཚོན།ཁུགས་པ་གསུམ་པར་རི་བོང་ཁ་དོག་ནག་པས་བྱིང་བ་ཕྲ་མོ་མཚོན་པས། འདིར་བྱིང་བ་ཕྲ་རགས་སོ་སོར་ངོས་ཟིན་པ་མཚོན། ཕྱི་མིག་བལྟ་བ་ནི། སེམས་གཡེང་བའོ། །ཁུགས་པ་བཞི་པར་སྤྲེའུ་རྗེས་ལ་ལུས་པས་རྒོད་པ་སྔོན་ལ་སྐྱེ་བའི་ནུས་པ་ཉམས་པ་མཚོན། སྤྲེའུས་ལྗོན་ཤིང་ལས་འབྲས་བུ་ལེན་པ་ནི་ཞི་གནས་སྒྲུབ་སྐབས་སེམས་དགེ་བའི་ཕྱོགས་ལ་འཕྲོ་བ་བར་གཅོད་ཡིན་པས་འགོག་དགོས་ཀྱང་སྐབས་གཞན་དུ་མི་དགོས་པར་དོན་གཉིས་ཀྱི་འབྲས་བུ་ལེན་པ་མཚོན།ཁུགས་པ་ལྔ་པར་གླང་པོའི་ནག་ཆ་ཟད་ཅིང་སྤྲེའུ་དང་བྲལ་བས་ནི་ཐོག་མར་དྲན་ཤེས་ཅུང་ཟད་བསྟེན་ན་བྱིང་རྒོད་དང་འཕྲོ་བས་བར་དུ་གཅོད་མི་ནུས་པར་ཏིང་འཛིན་ཆད་མེད་དུ་འཇུག་པ་མཚོན་ནོ།།ཞི་གནས་བཞག་ཐབས་དགུའི་སྐོར།བསམ་གཏན་ལ་ཞི་གནས་དང་། ལྷག་མཐོང་༼ལྷག་པར་དུ་མཐོང་བའི་དོན༽ཟེར་བ་གཉིས་སུ་དབྱེ་ནས་བཤད་ཀྱི་ཡོད། ཞི་གནས་ཟེར་བ་ནི་སྤྱིར་ན་རང་སེམས་ཞི་བར་གནས་པའི་དོན་ཡིན་ཏེ། རང་གི་སེམས་ཕྱི་རོལ་ཡུལ་ལ་གཡེངས་བསྡད་པ་དེ་བཀག་ནས་ཉོན་མོངས་དུག་གསུམ་དེ་དག་ མེད་པ་ཆགས་ཏེ་རང་གི་བསམ་བློ་གཏོང་ས་དེ་དགེ་བའི་དམིགས་པ་ལ་བསམ་བློ་གང་འདྲ་ ཞིག་གཏོང་གིན་ཡོད་ནའང་དེའི་སྟེང་དུ་རང་གི་སེམས་ཞི་བར་གནས་ཐུབ་པ་དེ་ལ་ཟེར་ ཞིང་། བོད་དུ་གྲུབ་མཐའ་ཁག་གི་གསུང་ཚུལ་འདྲ་མིན་ཡོད་ཀྱང་། རྗེ་བླ་མ་ཙོང་ཁ་པའི་གསུང་སྲོལ་ལྟར་བཀོད་ན།…
རྗེ་བཙུན་འཕགས་མ་སྒྲོལ་མ་ཉེར་གཅིག་ལ་ཕྱག་འཚལ་
རྗེ་བཙུན་འཕགས་མ་སྒྲོལ་མ་ཉེར་གཅིག་ལ་ཕྱག་འཚལ་ཨེ་ཝཾ་ཉི་ཟླའི་སྣང་བ་ཞེས་བྱ་བ།།ན་མོ་མ་ཧཱ་གུ་རུ་ཨརྱ་ཏཱ་ར་ཡེ།།ཀ་དག་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།ལྷུན་གྲུབ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས།།ཨེ་ཝཾ་ཉི་ཟླའི་སྣང་བ་སྒྲོལ་མའི་དཔལ།།འཁོར་འདས་རང་ངོ་ཤེས་པས་ཕྱག་འཚལ་ལོ།།ཨོཾ་ཨཱཿཧཱུཾ་ཧྲཱིཿགསང་གསུམ་ཕྲིན་ལས་དཔལ།།སྒོ་གསུམ་བག་ཆགས་མ་ལུས་སེལ་བའི་མགོན།།འཇིགས་པ་ཀུན་སྐྱོབ་ཡུམ་ཆེན་ཕ་རོལ་ཕྱིན།།རྗེ་བཙུན་འཕགས་མ་སྒྲོལ་མ་ཕྱག་འཚལ་ལོ།།༼༡༽སྤྱན་རས་གཟིགས་དབང་ཐུགས་རྗེ་ཚད་མེད་དག།ཆུ་སྐྱེས་གེ་སར་བྱེ་བའི་བྱིན་རླབས་རྫོགས།།སྐད་ཅིག་གློག་ལྟར་འགྲོ་ཁམས་ཡོངས་སུ་སྨིན།།སྒྲོལ་མ་མྱུར་མ་དཔའ་མོར་ཕྱག་འཚལ་ལོ།།༼༢༽དྲི་མེད་སྟོན་ཀའི་ཟླ་བ་དཀར་པོའི་དཔལ།།ཉ་གང་བརྒྱ་ཕྲག་བརྩེགས་པའི་ཞལ་བཟང་མ།།སྐར་མ་སྟོང་ཕྲག་ཚོགས་པའི་འོད་རབ་འབར།།རིག་འཛིན་དབྱངས་ཅན་ལྷ་མོར་ཕྱག་འཚལ་ལོ།།༼༣༽གསེར་སྔོ་ཆུ་སྐྱེས་བཞད་པའི་པདྨའི་ཕྱག།སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་རབ་ཞིའི་དཔལ།།བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མའི་སྐུ།།བསོད་ནམས་མཆོག་གཏེར་མ་ལ་ཕྱག་འཚལ་ལོ།།༼༤༽སྣང་བ་མཐའ་ཡས་རྒྱལ་བའི་སྤྱི་གཙུག་ཅན།།ཕྱོགས་དུས་རྒྱལ་ཀུན་སྤྱོད་པའི་ཕ་རོལ་ཕྱིན།།རྒྱལ་སྲས་མ་ལུས་བསྟེན་པའི་མ་མ་ཉིད།།གཙུག་ཏོར་རྣམ་རྒྱལ་མ་ལ་ཕྱག་འཚལ་ལོ།།༼༥༽ཏུཏྟཱ་ར་ཞེས་ཧཱུྃ་གི་ཡི་གེའི་དཔལ།།འདོད་ཕྱོགས་ནམ་མཁའི་འཁོར་འདས་ཟིལ་གྱིས་མནན།།སྣང་སྲིད་མ་ལུས་དབང་དུ་འགུགས་ནུས་མ།།འཕགས་མ་རིག་བྱེད་ལྷ་མོར་ཕྱག་འཚལ་ལོ།།༼༦༽གཙང་རིས་བརྒྱ་བྱིན་མེ་ལྷ་ཚངས་པ་སོགས།།ལྷ་དབང་འབྱུང་པོ་རོ་ལངས་དྲི་ཟ་དང་།།གནོད་སྦྱིན་ཚོགས་ཀྱིས་མདུན་ནས་རབ་བསྟོད་མ།།གདོན་རིགས་འཇིགས་བྱེད་ཆེན་མོར་ཕྱག་འཚལ་ལོ།།༼༧༽ཏྲཊ་ཕཊ་སྔགས་ཀྱིས་ཕ་རོལ་འཁྲུལ་འཁོར་འཇོམས།།གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་གཟུང་འཛིན་མནན།།མཐུ་སྟོབས་མེ་འབར་འཁྲུགས་པ་ཤིན་ཏུ་འབར།།གཞན་གྱིས་མི་ཐུབ་མ་ལ་ཕྱག་འཚལ་ལོ།།༼༨༽ཏུ་རེ་འཇིགས་པས་བདུད་དཔུང་རྣམ་པར་འཇོམས།།ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད་པའི།།དགྲ་བོ་ཐམས་ཅད་མ་ལུས་གསོད་མཛད་མ།།གཞན་གྱི་མི་ཐུབ་རྒྱལ་མོར་ཕྱག་འཚལ་ལོ།།༼༩༽དཀོན་མཆོག་རིན་ཆེན་གསུམ་མཚོན་ཕྱག་རྒྱའི་གར།།སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མའི་དཔལ།།ཕྱོགས་དུས་འོད་ཚོགས་མ་ལུས་སྨིན་མཛད་མ།།སེང་ལྡེང་ནགས་ཀྱི་སྒྲོལ་མ་ཕྱག་འཚལ་ལོ།།༼༡༠༽རབ་དགའ་བརྗིད་པའི་དབུ་རྒྱན་འོད་ཕྲེང་སྤེལ།།བཞད་པ་རབ་བཞད་ཏུཏྟཱ་ར་ཡིས་མཚན།།བདུད་དང་འཇིག་རྟེན་མ་ལུས་དབང་མཛད་མ།།འཇིག་རྟེན་གསུམ་རྒྱལ་མ་ལ་ཕྱག་འཚལ་ལོ།།༼༡༡༽ས་གཞི་སྐྱོང་བའི་ཚོགས་ཀྱིས་ཐམས་ཅད་འགུགས།།མཁྱེན་བརྩེ་ནུས་མའི་ཁྲོ་གཉེར་གཡོ་བའི་དཔལ།།ཡི་གེ་ཧཱུྃ་གིས་ཕོངས་པ་ཀུན་སེལ་མ།།དབུལ་སེལ་ནོར་སྟེར་མ་ལ་ཕྱག་འཚལ་ལོ།།༼༡༢༽ཟླ་དུམ་དབུ་བརྒྱན་བཀྲག་མདངས་ཤིན་ཏུ་འབར།།རལ་པའི་ཁྲོད་ནས་འོད་དཔག་མེད་པས་མཛེས།།ཐུགས་རྗེ་རྟག་ཏུ་འོད་རབ་འགྱེད་མཛད་མ།།བཀྲ་ཤིས་དོན་བྱེད་མ་ལ་ཕྱག་འཚལ་ལོ།།༼༡༣༽བསྐལ་ཐའི་མེ་ལྟར་འབར་བའི་ཕྲེང་དབུས་གནས།།གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི་དཔལ།།འཁྲུལ་སྣང་དགྲ་དཔུང་རྣམ་པར་འཇོམས་མཛད་མ།།གནོད་བྱེད་དགྲ་དཔུང་འཇོམས་ལ་ཕྱག་འཚལ་ལོ།།༼༡༤༽ས་གཞིའི་ངོས་ལ་ཕྱག་རྒྱ་མཐིལ་གྱིས་བསྣུན།།ཞབས་ཀྱིས་བརྡུང་ཞིང་ཁྲོ་གཉེར་ཅན་མཛད་དཔལ།།ཡི་གེ་ཧཱུྃ་གིས་རིམ་བདུན་རྣམས་འགེམས་མ།།དྲག་མོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ།།༼༡༥༽བདེ་དགེ་མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད།།སྭཱ་ཧཱ་ཨོཾ་དང་ཡང་དག་རབ་ལྡན་པས།།སྡིག་པ་ཆེན་པོའི་ཚོགས་ཀུན་འཇོམས་མཛད་མ།།འཕགས་མ་རབ་ཞི་མ་ལ་ཕྱག་འཚལ་ལོ།།༼༡༦༽ཀུན་ནས་བསྐོར་རབ་དགའ་བའི་མཐུས།།སྔགས་བཅུ་བཀོད་པས་ལས་ཉོན་དགྲ་ལུས་འགེམས།།རིག་པ་ཧཱུྃ་ལས་སྒྲོལ་མ་དེ་ཉིད་མ།།རིག་སྔགས་སྟོབས་འཇོམས་ནུས་མ་ཕྱག་འཚལ་ལོ།།༼༡༧༽ཏུ་རེའི་ཞབས་བརྡབས་ཧཱུྃ་གི་ས་བོན་ཉིད།།རི་རབ་མནྡྷར་དང་འབིགས་བྱེད་སོགས།།འཇིག་རྟེན་གསུམ་རྣམས་གཡོ་བའི་སྒྱུ་འཕྲུལ་མ།།གཟུངས་སྔགས་དཔག་མེད་གནོན་མ་ཕྱག་འཚལ་ལོ།།༼༡༨༽ལྷ་མཚོ་རྣམ་པའི་རི་དྭགས་རྟགས་ཅན་བསྣམས།།ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས་བརྒྱན།།དུག་རྣམས་མ་ལུས་སེལ་མཛད་རྗེ་བཙུན་མ།།བཟླས་སྔགས་རྨ་བྱ་ཆེན་མོ་ཕྱག་འཚལ་ལོ།།༼༡༩༽ལྷ་ཚོགས་རྒྱལ་དང་མིའམ་ཅིས་བསྟེན།།ཀུན་ནས་གོ་ཆ་དགའ་བའི་བརྗིད་པའི་དཔལ།།རྩོད་དང་རྨི་ལམ་ངན་པ་ཀུན་སེལ་མ།།བཅོམ་ལྡན་གདུགས་དཀར་མོ་ལ་ཕྱག་འཚལ་ལོ།།༼༢༠༽ཉི་ཟླ་རྒྱས་པའི་སྤྱན་གཉིས་འོད་རབ་གསལ།།ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡི་དཔལ།།ཤིན་ཏུ་དྲག་པོའི་རིམས་ནད་ཀུན་སེལ་མ།།རི་ཁྲོད་ལོ་གྱོན་མ་ལ་ཕྱག་འཚལ་ལོ།།༼༢༡༽འགྲོ་རྣམས་དེ་ཉིད་གསུམ་་ལ་ལེགས་པར་བཀོད།།ཞི་མཐུ་ཡང་དག་ལྡན་པའི་ཏུ་རེའི་དཔལ།།གདོན་དང་རོ་ལོངས་གནོད་སྦྱིན་ཚོགས་འཇོམས་མ།།ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ།།རྩ་སྔགས་བསྟོད་པ་ཕྱག་འཚལ་ཉེར་གཅིག་གི།།ངོ་བོ་རང་བཞིན་ཐུགས་རྗེའི་ཕྲིན་ལས་ཀུན།།རྒྱལ་ཡུམ་སྒྲོལ་མའི་རྒྱུད་དོན་བཞིན་བསྟོད་པས།།འགྲོ་ཀུན་ཕན་བདེའི་དོན་ཀུན་ལྷུན་གྲུབ་ཤོག།སྣང་བ་ཐམས་ཅད་སྤྲུལ་པའི་སྐུ་རུ་དག།སྒྲ་གྲགས་མ་ལུས་ལོངས་སྤྱོད་ཡོངས་སུ་རྫོགས།།དྲན་རྟོག་རིག་པ་ཆོས་སྐུའི་རོལ་བར་སྨིན།།གསང་གསུམ་ཀུན་བཟང་ངོ་བོར་སངས་རྒྱས་ཤོག།ཅེས་པ་འདི་ཡང་རབ་གནས་ལྕགས་བྱིའི་ས་ག་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོར་༧སྐྱབས་རྗེ་དམ་པ་དྲི་མེད་གླིང་པ་འམ་༧སྒོ་ཆེན་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་རིན་པོ་ཆེས་ངོས་ལ་ཐུགས་བརྩེས་ཆེན་པོས་རྗེ་སྒྲོལ་མའི་གསོལ་འདེབས་དོན་ཀུན་ལྷུན་གྲུབ་གནང་བའི་བྱིན་རླབས་དང་། རྨི་ལམ་བཟང་པོ་དང་གནད་ཡོད་མི་སྣ་འགས་ཡང་ཡང་བསྐུལ་མ་དང་རང་གིས་མི་ཕྱེད་པའི་དད་པས་རྣམ་པར་སྣང་མཛད་ཀྱི་རྒྱུད་ཚིག་དང་མཐུན་པར་བསྟན་དང་འགྲོ་ལ་ཕན་པའི་ཕྱིར་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་ཨེ་ཝཾ་རྫོགས་ཆེན་ཆོས་སྒར་ནས་ཕྱག་འཚལ་བས་དོན་དང་ལྡན་པར་གྱུར་ཅིག་གུ། ཤྲཱིཿསརྦ་ལོ་ཀ་པ་ལ་བི་ཛ་ཡནྟུ
ཞི་གནས་དཔེ་རིས་ཀྱི་མཚོན་དོན་དང་ཞི་གནས་བཞག་ཐབས་དགུའི་སྐོར།
ཞི་གནས་དཔེ་རིས་ཀྱི་མཚོན་དོན་དང་ཞི་གནས་བཞག་ཐབས་དགུའི་སྐོར།འདི་ལ་ཞི་གནས་ཀྱི་རྒྱུ་ཚོགས་དྲུག་ལ་གནས་པའི་སྒོམ་པ་པོས། ལེ་ལོ་དང་། གདམས་ངག་བརྗེད་པ། བྱིང་རྒོད། འདུ་མི་བྱེད་པ། འདུ་བྱེད་པ་སྟེ་ཏིང་ངེ་འཛིན་གྱི་ཉེས་པ་རྣམས་ཤེས་པར་བྱས་ནས་ཉེས་པ་དང་པོའ་ིགཉེན་པོ་དད་པ། འདུན་པ། ཤིན་སྦྱངས། རྩོལ་བ་བཞི། གཉིས་པའི་གཉེན་པོར་དྲན་པ། གསུམ་པའི་གཉེན་པོར་ཤེས་བཞིན། བཞི་པའི་གཉེན་པོར་འདུ་བྱེད་པ། ལྔ་པའི་གཉེན་པོར་བཏང་སྙོམས་ཏེ་གཉེན་པོ་འདུ་བྱེད་བརྒྱད་བསྟེན་ནས་སྒྲུབ་དགོས་ལ། དེ་དག་ཀྱང་སེམས་གནས་དགུར་ཕྱེ་བ་དང་། དེ་རྣམས་སྟོབས་དྲུག་གིས་འགྲུབ་ལུགས་དང་། ཡིད་བྱེད་བཞིར་སྡུད་ཚུལ་རྣམས་ཤེས་ན་ཏིང་ངེ་འཛིན་སྐྱོན་མེད་བདེ་བླག་ཏུ་འགྲུབ་པར་གསུངས་པས་གླང་པོ་ཆེ་མ་དུལ་བ་འདུལ་བའི་དཔེ་དང་སྦྱར་ཏེ་གོང་དུ་རི་མོ་བཀོད་པ་རྣམས་ཀྱི་མཚོན་དོན་རགས་རིམ་འགོད་པ་ལ།ལམ་གྱི་ཁུགས་པ་དྲུག་གིས་སྟོབས་དྲུག་མཚོན་པ་དང་། ཞགས་པས་དྲན་པ་དང། ལྕགས་ཀྱུས་ཤེས་བཞིན་མཚོན། སེམས་གནས་དང་པོ་ནས་བདུན་པའི་བར་མེ་ལྕེ་ཡོད་མེད་དང་། ཆེ་ཆུང་གི་ཁྱད་པར་བཀོད་པས་ནི། དྲན་ཤེས་ཀྱི་འབད་རྩོལ་ཆེ་ཆུང་གི་ཁྱད་པར་མཚོན། གླང་པོས་སེམས་དང་། ཁ་དོག་ནག་པས་བྱིང་བ་དང། སྤྲེའུས་འཕྲོ་བ་དང་། མདོག་ནག་པས་རྒོད་པ་དང། འདོད་ཡོན་ལྔས་ནི་རྒོད་པའི་ཡུལ་མཚོན།ཁུགས་པ་གཉིས་པ་ནས་བཟུང་གླང་པོའ་ིམགོ་ནས་དཀར་ཆ་རིམ་གྱིས་འཕེལ་བ་དེས་གསལ་ཆ་དང་། གནས་ཆ་ཇེ་འཕེལ་དུ་འགྲོ་བ་མཚོན།ཁུགས་པ་གསུམ་པར་རི་བོང་ཁ་དོག་ནག་པས་བྱིང་བ་ཕྲ་མོ་མཚོན་པས། འདིར་བྱིང་བ་ཕྲ་རགས་སོ་སོར་ངོས་ཟིན་པ་མཚོན། ཕྱི་མིག་བལྟ་བ་ནི། སེམས་གཡེང་བའོ། །ཁུགས་པ་བཞི་པར་སྤྲེའུ་རྗེས་ལ་ལུས་པས་རྒོད་པ་སྔོན་ལ་སྐྱེ་བའི་ནུས་པ་ཉམས་པ་མཚོན། སྤྲེའུས་ལྗོན་ཤིང་ལས་འབྲས་བུ་ལེན་པ་ནི་ཞི་གནས་སྒྲུབ་སྐབས་སེམས་དགེ་བའི་ཕྱོགས་ལ་འཕྲོ་བ་བར་གཅོད་ཡིན་པས་འགོག་དགོས་ཀྱང་སྐབས་གཞན་དུ་མི་དགོས་པར་དོན་གཉིས་ཀྱི་འབྲས་བུ་ལེན་པ་མཚོན།ཁུགས་པ་ལྔ་པར་གླང་པོའི་ནག་ཆ་ཟད་ཅིང་སྤྲེའུ་དང་བྲལ་བས་ནི་ཐོག་མར་དྲན་ཤེས་ཅུང་ཟད་བསྟེན་ན་བྱིང་རྒོད་དང་འཕྲོ་བས་བར་དུ་གཅོད་མི་ནུས་པར་ཏིང་འཛིན་ཆད་མེད་དུ་འཇུག་པ་མཚོན་ནོ།།ཞི་གནས་བཞག་ཐབས་དགུའི་སྐོར།བསམ་གཏན་ལ་ཞི་གནས་དང་། ལྷག་མཐོང་༼ལྷག་པར་དུ་མཐོང་བའི་དོན༽ཟེར་བ་གཉིས་སུ་དབྱེ་ནས་བཤད་ཀྱི་ཡོད། ཞི་གནས་ཟེར་བ་ནི་སྤྱིར་ན་རང་སེམས་ཞི་བར་གནས་པའི་དོན་ཡིན་ཏེ། རང་གི་སེམས་ཕྱི་རོལ་ཡུལ་ལ་གཡེངས་བསྡད་པ་དེ་བཀག་ནས་ཉོན་མོངས་དུག་གསུམ་དེ་དག་ མེད་པ་ཆགས་ཏེ་རང་གི་བསམ་བློ་གཏོང་ས་དེ་དགེ་བའི་དམིགས་པ་ལ་བསམ་བློ་གང་འདྲ་ ཞིག་གཏོང་གིན་ཡོད་ནའང་དེའི་སྟེང་དུ་རང་གི་སེམས་ཞི་བར་གནས་ཐུབ་པ་དེ་ལ་ཟེར་ ཞིང་། བོད་དུ་གྲུབ་མཐའ་ཁག་གི་གསུང་ཚུལ་འདྲ་མིན་ཡོད་ཀྱང་། རྗེ་བླ་མ་ཙོང་ཁ་པའི་གསུང་སྲོལ་ལྟར་བཀོད་ན།…
ཞེན་པ་བཞི་བྲལ་གྱི་གདམས་ངག
ཞེན་པ་བཞི་བྲལ་གྱི་གདམས་ངག ས་སྐྱ་པཎྜི་ཏ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།། སྤྱིར་དལ་འབྱོར་གྱི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འཕྲད། བཅོས་མ་མ་ཡིན་པའི་བློ་སྐྱེས་ནས། དམ་ཆོས་ཕྱིན་ཅི་མ་ལོག་པ་ཞིག་བྱེད་དགོས་པས། དེ་ལ་ཞེན་པ་བཞི་དང་བྲལ་བ་ཞིག་ཉམས་སུ་ལེན་དགོས། དེ་གང་ཞེ་ན། ཚེ་འདི་ལ་མ་ཞེན་པ། ཁམས་གསུམ་འཁོར་བ་ལ་མ་ཞེན་པ། བདག་གི་དོན་ལ་མ་ཞེན་པ། དངོས་པོ་དང་མཚན་མ་ལ་ཞེན་པའོ།། དེ་བཤད་ན། ཚེ་འདི་ཆུའི་ཆུ་བུར་དང་འདྲ་བས་ནམ་འཆི་ངེས་པ་མེད་པས་ཞེན་པ་བྱ་རིན་མི་ཆོག ཁམས་གསུམ་འཁོར་བ་འདི་དུག་གི་འབྲས་བུ་དང་འདྲ་བས་འཕྲལ་ཞིམ་ཡང་ཕུགས་སུ་གནོད་པ་ སྐྱེལ། སུ་ཞེན་པར་བྱེད་པ་ཚོ་འཁྲུལ། རང་གི་དོན་ལ་ཞེན་ན་དགྲ་བོའི་བུ་གསོས་པ་དང་འདྲ། འཕྲལ་དགའ་དགའ་ལྟར་བྱེད་ཀྱང་ཕུགས་སུ་རང་ལ་གནོད་པ་བསྐྱེལ་ངེས། དེས་ན་རང་དོན་ལ་ཞེན་ན་འཕྲལ་བདེ་ཡང་ཕུགས་ངན་སོང་དུ་འགྲོའོ།། དངོས་པོ་དང་མཚན་མ་ལ་མངོན་པར་ཞེན་ན། སྨིག་རྒྱུ་ལ་ཆུར་འཛིན་པ་དང་འདྲ། འཕྲུལ་ཆུར་སྣང་ཡང་ཁར་བཏུང་རྒྱུ་མེད། འཁོར་བ་འདི་བློ་འཁྲུལ་བ་ལ་སྣང་ཡང་ཤེས་རབ་ཀྱིས་བརྟགས་ན་ངོ་བོ་གྲུབ་པ་ཅི་ཡང་ མེད། དེས་ན་འདས་པ་ལ་སེམས་མི་གཞུག མ་འོངས་པ་ལ་སེམས་མི་གཞུག ད་ལྟར་བ་ལ་རྣམ་པར་ཤེས་པ་མི་གཞུག་པ་ཞིག་གོ་བར་བྱས་ནས་ཆོས་ཐམས་ཅད་སྤྲོས་བྲལ་ དུ་ཤེས་པར་བྱའོ།། དེ་ལྟར་བྱས་པས་ཚེ་འདི་ཉིད་ལ་མ་ཞེན་པས་ངན་སོང་དུ་མི་སྐྱེ། ཁམས་གསུམ་ལ་མ་ཞེན་པས་འཁོར་བར་མི་སྐྱེ། བདག་གི་དོན་ལ་མ་ཞེན་པས་ཉན་རང་དུ་མི་སྐྱེ། དངོས་པོ་དང་མཚན་མ་ལ་ཞེན་པས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ།། ཞེན་པ་བཞི་བྲལ་གྱི་གདམས་ངག་ཕྱིན་ཅི་མ་ལོག་པ་དཔལ་ས་སྐྱ་ཆེན་པོའི་ཐུགས་དགོངས། ས་སྐྱ་པཎྜི་ཏས་སྦྱར་བ་རྫོགས་སོ།།
ནད་བརྒྱ་སེལ་བའི་སྨན་མཆོག རྒྱ་གར་གྱི་རླུང་སྦྱོར།།
ནད་བརྒྱ་སེལ་བའི་སྨན་མཆོག རྒྱ་གར་གྱི་རླུང་སྦྱོར།།སངས་རྒྱས་སྨན་གྱི་བླ་བེེ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། རྒྱ་གར་འཕགས་པའི་ཡུལ་དུ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་ཡོ་གའམ་རྒྱ་གར་གྱི་རླུང་སྦྱོར་ཞེས་གྲགས་པ་འདིར་དྲང་སྲོང་དང་བྲམ་ཟེ་དག་གིས་སྲོལ་གཏོད་ཅིང་བཱ་རམ་དེ་བ་མཆོག་གིས་ཉེ་བའི་ཆར་དར་སྤེལ་གཏོང་བ་ལས་ཤི་ཐག་བཅད་ཟིན་པའི་ནད་པ་བརྒྱ་སྟོང་མང་པོ་ཞིག་གི་མཆིན་ནད་དང་ཕོ་སྐྲན་སོགས་དྲག་བསྐྱེད་བྱུང་བས། དེང་སང་འཛམ་གླིང་ཤར་ནུབ་ཀྱི་མི་ཁྲི་བརྒྱ་ཕྲག་མང་པོས་སློབ་སྦྱོང་གནང་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད། རྒྱུན་དུ་ཉིད་ཀྱིས་བཟའ་བཏུང་སྤྱོད་ལམ་བྱེད་སྟངས་གལ་ཆེ་སྟེ་ནང་ཟས་རྒྱལ་པོ་བཅུད་ཅན་ཟ། གུང་ཟས་བློན་པོ་བཅུད་འབྲིང་ཟ། དགོང་ཟས་སྤྲང་པོ་འཇུ་སླ་ཟ་ཞེས་པ་ལྟར་སྤང་བླང་ངེས་པར་བྱ་དགོས། བོད་ཀྱི་གསོ་གཞུང་བཤད་རྒྱུད་ལས་ཀྱང་། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། ། དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། ། དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། ། ཞེས་གསུངས་སོ།རབ་རྡོ་རྗེ་སྐྱིལ་ཀྲུང་དང་འབྲིང་པདྨ་ཕྱེད། དེ་མིན་རུང་རྒྱུན་གྱི་འདུག་སྟངས་ལྟར་སྐྱིལ་ཀྲུང་བཅས་ཏེ་ལུས་དྲང་པོར་བྱེད། ཁ་མིག་དང་འོག་སྒོ་རྣམས་བཙུམས།རྒྱ་གར་སྐད་དུ་བྷ་སྟྲི་ཀཱ་པྲནཱ་ཡཱ་མཱ། བོད་སྐད་དུ་རླུང་སྦྱོར་ལ་བརྟེན་ནས་ལུས་ཁམས་གསོ་བ་ཞེས་བྱ་བ། དང་པོ་ཞོགས་པ་ལྟོ་སྟོང་གི་དུས་སུ་རླུང་སྦྱོར་མ་བྱས་པའི་སྔོན་དུ་དྲོ་གྲང་སྙོམས་པའི་ཆུ་ཁོལ་ཕོར་པ་གང་དོ་ཙམ་བཏུང་ནས་སྐ་རགས་སོགས་མེད་པ་གོས་གློད་ལ་སྲབ་བ་གོན་ནས་ཉིན་བཞིན་དུ་དུས་ཚོད་གཅིག་ལ་ཁེལ་ན་བཟང་། དེ་ནས་མཁའ་དབུགས་གཙང་ཞིང་འུར་ཟིང་མེད་པའི་གནས་སུ་གདན་གྱི་སྟེང་དུ་རབ་རྡོ་རྗེ་སྐྱིལ་ཀྲུང་དང་། འབྲིང་པདྨ་ཕྱེད། དེ་མིན་རུང་རྒྱུན་གྱི་འདུག་སྟངས་ལྟར་སྐྱིལ་ཀྲུང་བཅས་ཏེ་ལུས་དྲང་པོར་བྱེད། མིག་དང་། ཁ། འོག་སྒོ་རྣམས་བཙུམས། མོས་པར་ཡོད་ན་རླུང་ནང་དུ་རྔུབ་པ་དང་ལྷན་དུ་སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་དང་བྱམས་སྙིང་རྗེ་རྣམས་ཟླ་ཟེར་གྱི་རྣམ་པར་དཀར་ལམ་གྱིས་རྔུབ་པ་མོས། མར་གཏོང་བ་དང་ལྷན་དུ་ནད་གདོན་སྡིག་སྒྲིབ་དེ་དག་དུད་ཁུ་སོལ་ཁུ་ཡི་རྣམ་པར་ནག་ཉིལ་ཉིལ་དུ་ཕྱིར་འདོན་པར་དམིགས། གཞན་ཡང་མོས་པ་ཡོད་ན་བྱང་ཆུབ་སེམས་ཀྱི་ཉམས་ལེན་དང་འབྲེལ་ནས་རླུང་ནང་དུ་རྔུབ་པ་དང་སེམས་ཅན་ཀུན་གྱི་སྡིག་སྒྲིབ་ཉེ་ལྟུང་གི་ཚོགས་རྣམས་རླུང་དང་མཉམ་དུ་ཡར་རྔུབ་པས་འགྲོ་བ་ཀུན་ཉེས་པ་ལས་གྲོལ་བར་བསམ། དེ་ནས་རླུང་ཕྱིར་གཏོང་བ་དང་དཀར་པོ་དགེ་བའི་ཆོས་ཀུན་རླུང་དང་མཉམ་དུ་སེམས་ཅན་ཀུན་ལ་ཕོག་པས་འགྲོ་བ་ཀུན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་བསམ། འདི་ཆགས་མེད་བསྒྲུབ་ན་ཚེ་རིང་ནད་མེད་ལུས་སེམས་བདེ་བར་འབྱུང་། དེ་ལ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ན་དེ་བས་ལེགས་སོ།སྣ་བུག་གཉིས་ནས་མཁའ་དབུགས་ཡར་འཐེན་ཞིང་གློ་བ་ནང་དུ་བླུགས་ནས་ལུས་སུ་ཐིམ་སོང་བསམ། རླུང་འབྱིན་རྔུབ་གང་རིང་རིང་བྱེད།༈རླུང་སྦྱོར་དང་པོ། བྷ་སྟྲི་ཀཱཔྲནཱཡཱམཱ། རླུང་སྒོམ་སྟངས་དང་པོ་ནི། ལུས་དྲང་པོ་བྱས་ཏེ་འདུག་ལ། གཡས་གཡོན་གྱི་མཐེབ་མཛུབ་ཀྱི་རྩེ་གཏུགས་ཏེ་ཨ་ལོང་ལྟར་བྱས། སོར་མོ་གཞན་རྣམས་རྐྱང་བཞིན་པུས་མོ་གཡས་གཡོན་སྟེང་དུ་གན་རྐྱལ་དུ་འཇོག ཁ་མིག་བཙུམ་སྟེ་སྣ་བུག་གཉིས་ནས་མཁའ་དབུགས་དྭངས་གཙང་རྣམས་ཡར་མ་རྫོགས་བར་འཐེན་ཞིང་གློ་བ་ནང་དུ་བླུགས་ནས་ལུས་སུ་ཐིམ་སོང་བསམ་ལ། ཡང་གློ་བའི་ནང་གི་ནང་འབུ་མི་གཙང་བ་ཡོད་དོ་ཅོག་སྣ་བུག་གཉིས་ནས་མང་ན་ར་ར་ཐོན་སོང་བའི་མོས་པར་བྱ། རླུང་འབྱིན་རྔུབ་གང་རིང་རིང་བྱེད་དགོས།…
༄༅།།སྒྲོལ་མ་བསྡུས་པའི་གསོལ་འདེབས།
༄༅།།སྒྲོལ་མ་བསྡུས་པའི་གསོལ་འདེབས།ཨོཾ་ཕྱག་འཚལ་རྗེ་བཙུན་ཏཱ་རེ་ལྷ་མོ།།ཏུཏྟཱ་རེ་ཞེས་གདུང་པ་ཀུན་སྐྱོབ།།ཐུགས་རྗེ་ཐོགས་མེད་ཏུ་རེ་དཔའ་མོས།།བདག་སོགས་གྲུབ་མཆོག་སྩོལ་ཅིག་སྭཱ་ཧཱ།།དྷཱིཿམིང་པས།དེ་ཡང་རྗེ་བཙུན་བསྟན་པའི་འཁོར་ལོ་བསམ་བཞིན་དུ་ངུར་སྨྲིག་གར་གྱི་རྣམ་པ་ར྄ོལ་བ་ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་ཞལ་སྔ་ནས་བརྩམས་པའི་སྒྲོལ་མ་བསྡུས་པའི་གསོལ་འདེབས་འཆད་པ་ལ་ཐོག་མའི་དགེ་བ་མཚན་གྱི་དོན་དང་། བར་དུ་དགེ་བར་གཞུང་གི་དོན། མཐར་དགེ་བ་མཇུག་གི་དོན་དང་གསུམ་ལས། གཞུང་དོན་ལ་ཡང་སྤྱི་དོན་དང་གཞུང་དངོས་བཤད་ལ་གཉིས་ལས། དང་པོ་ལ་སྤྱི་དོན་བཤད་པ་ལ་བདུན།༡༽ གཞི༵་དབང་པོ་ཡང་རབ་ཀུན་ལ་སྣང་བའི་ཀུན་སྣང་གི་སྒྲོལ་མ་དང་།།༢༽ ལམ༵་དབང་པོ་འབྲིང་ལ་གསལ་བའི་འོད་གསལ་སྙིང་པོའི་སྒྲོལ་མ་དང་།།༣༽ གྲོགས༵་དབང་པོ་ཐ་མ་ལ་དད་གུས་སྐྱབས་སུ་འགྲོ་བའི་སྒྲོལ་མ་དང་།།༤༽ སྤྱོད༵་པ༵་ཀུན་ཏུ་བཟང་པོ་ལ་བསླབ་པ་བྱང་ཆུབ་སེམས་ཀྱི་སྒྲོལ་མ་དང་།།༥༽ ལྟ༵་བ༵་བསྐྱེད་རིམ་སྣང་སྟོང་གཙོ་བོར་བསྟན་པས་ལྷན་སྐྱེས་ཀྱི་སྒྲོལ་མ་དང་།།༦༽ སྒོམ༵་པ༵་རྫོགས་རིམ་བདེ་སྟོང་རྟེན་འབྲེལ་ལ་དབང་བས་བདེ་བ་ཆེན་པོའི་སྒྲོལ་མ་དང་།།༧༽འབྲས༵་བུ༵་རྫོགས་པ་ཆེན་པོ་རིག་སྟོང་ཡེ་ཤེས་ལྷུན་གྲུབ་ཀྱི་སྒྲོལ་མ་བཤད་པའོ། །གཉིས་ལ་གཞུང་དོན་ལ་བཞི་ལས།༡༽ དང་པོ་ཐེག་ཆེན་མདོ་སྔགས་སྤྱིའི་ལུགས་ལྟར་ཡན་ལག་བདུན་པའི་སྒོ་ནས་བཤད།༢༽ གཉིས་པ་ཐབས་བསྐྱེད་པའི་རིམ་པ་མ་ཧཱ་ཡོ་གའི་ལུགས་དང་།༣༽ གསུམ་པ་ཤེས་རབ་རྫོགས་རིམ་གསང་བ་ཨ་ནུ་ཡོ་གའི་ལུགས་དང་།༤༽ བཞི་བ་གྲོལ་ལམ་ཡང་གསང་ཨ་ཏི་ཡོ་གའི་ལུགས་བཤད་པའོ།།གསུམ་པ་མཇུག་གི་དོན་ལ་སྔགས་དོན་ཕན་ཡོན་བཤད་པ་ལ་གཉིས།༡༽ རྗེ་བཙུན་སྒྲོལ་མ་སྨོན་པའི་ཕན་ཡོན་འབྱུང་བའི་རྒྱུ་དུས་གཙོ་བོ་བཤད་པ་དང་།།༢༽ རྟེན་འབྲེལ་བསླུ་མེད་ཀྱི་ཕན་ཡོན་དངོས་བཤད་པའོ།༢༽ གཉིས་པ་ཕན་ཡོན་དངོས་བཤད་པ་ལ་བདུན་ལས།༡༽ ངན་སོང་གི་སྡུག་བསྔལ་ཞི་བའི་ཕན་ཡོན།།༢༽ སངས་རྒྱས་ཀུན་གྱིས་དབང་བསྐུར་བའི་ཕན་ཡོན།།༣༽ གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐོབ་པའི་ཕན་ཡོན།༤༽ ཕྱི་ནང་གསང་བའི་བར་ཆད་མ་ལུས་པ་སེལ་བའི་ཕན་ཡོན།༥༽ རང་དོན་མ་ཟད་གཞན་དོན་ཕྲིན་ལས་འབྱུང་བའི་ཕན་ཡོན།༦༽ མཐུན་རྐྱེན་ལེགས་ཚོགས་འདོད་དོན་གེགས་མེད་འགྲུབ་པའི་ཕན་ཡོན།།༧༽ མཛད་པ་པོའི་ཆེ་བ་དང་ཟབ་གནད་ཀྱི་ཕན་ཡོན་ནོ།ཞེས་པ་འདི་ཡང་རབ་གནས་ལྕགས་བྱི་ས་ག་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་རྟེན་འབྲེལ་གནང་ལ་དབང་བའི་དགེ་མཚན་རྣམ་པར་རྒྱལ་བའི་དུས་བཟང་ལ་༧སྐྱབས་རྗེ་རིག་འཛིན་གྲུབ་པ་མཐར་ཕྱིན་གྱིས་བསྟན་འགྲོར་སྨན་པའི་གསུང་སྐུལ་དང་ཤེས་རབ་འཚོལ་གྱིས་དྲྭ་ལམ་དུ་སྒྲིག་འཛུགས་བྱེད་བཞིན་པ་ལ་སྒྲོལ་མ་བསྡུས་དོན་གྱི་འཆད་ཁྲིད་ལ་ས་བཅད་མ་སྟོང་ཙམ་དུ་ཨེ་མ་ཧོས་སྔར་བྲིས་དེ་ལ་དམིགས་བསལ་ཀུན་ལ་གོ་བདེའི་ཆེད་དུ་འཆད་ཐབས་སུ་ཨེ་ཝྃ་རྫོགས་ཆེན་ཆོས་སྒར་ནས་མྱུར་བྲིས་བགྱིས་པར་དགེའོ། ཤྲཱིཿསརྦ་ལོ་ཀ་བི་ཛ་ཡནྟུ།།
Alt Sidebar
Search





