ང་དང་འབྲོགས་ཡུལ། ཁ་བ་རྩག་རླུང་འདྲེས་མའི་བྱང་ཐང་གི་ཡུལ་གྲུ།།ཕོ་རོག་སྟོང་སྐད་འགྲོགས་ནས་རི་སྤྱང་གི་འདུར་ལམ།།གཡུ་དུད་ཕྱུག་མོས་ཀློང་ན་སྦྲ་ནག་གི་བརྗིད་ཉམ།།གདོད་མའི་ཕ་གཞིས་འདི་ལ་སེམས་པ་ཞིག་འཁྲེངས་སོང་།། རྟ་ཕོས་རྨིག་སྒྲ་རྒྱང་རིང་རྩྭ་ཐང་ནས་ལྡིལ་དུས།།མཛེས་མས་ཕོ་གཞོན་འགུག་པའི་རྫི་གླུ་འདི་སྙན་པ།།སྨྱུག་དཀར་གླིང་བུས་སྒྲ་ཡིས་ལུག་ཁྱུ་ཞིག་སྐྱངས་བའི།།ཕོ་གཞོན་པག་རྩག་ཅན་གྱི་རང་གཤིས་འདི་དྲང་ངོ་།། ལན་སྐྲ་རིང་མོ་གཡུ་བྱུར་སྤོས་ཤེལ་གྱིས་བརྒྱན་པའི།།མ་བཅོས་ཤ་མདངས་དཀར་བའི་འབྲོག་མོ་འདི་ཡག་ནོ།།བརྩེ་བ་གཡོ་རྒྱུས་མ་ལྷད་མཛའ་བོ་ལ་དུང་བའི།།གྲོང་མཐའི་འཆལ་མོས་མི་འགྲན་ངང་བརྒྱུད་འདི་ཡག་པ།། ཡུ་དམར་ཇ་ལ་འོ་མས་ཁ་དོག་གིས་ཕབ་ནས།།འབྲི་མར་སེར་བོ་སྦྲང་དཀར་རྩམ་ཆུར་དང་སྡེབ་པའི།།གདོད་མའི་ལག་ཟས་ཤ་མར་འཐུད་གསུམ་གྱིས་འཚོ་བའི།།འབྲོགས་པའི་ཤ་ཁ་སྨུག་ཡང་སེམས་གཤིས་དེ་མི་ནག། ཆང་ཕོར།
རྨི་ལམ་དྲན་རིག་གི་ཡེ་ཤེས་ཞེས་བྱ་བ།།ན་མོ་གུ་རུ་ཨ་བྷྱེ་ཛྙཱ་ན་བཛྲ་ཡེ།།༡༽སྙིང་དབུས་འདབ་བརྒྱད་ཀློང་གི་ཀུན་བཟང་ཡབ་ཡུམ།།འོད་གསལ་སྙིང་པོའི་དབྱིངས་རིག་ཨེ་ཝཾ་བླ་མ།།གསང་གསུམ་མཇལ་བའི་ངང་ནས་གསོལ་བ་འདེབས་སོ།།མཆོག་ཐུན་དངོས་གྲུབ་མ་ལུས་ད་ལྟ་སྩོལ་ཅིག།༢༽གནས་ཡུལ་ཟངས་མདོག་དཔལ་རིའི་ཕོ་བྲང་དབུས་ན།།རིག་འཛིན་མཁས་གྲུབ་དབང་ཕྱུག་པདྨ་རྒྱལ་པོ།།བརྡ་བརྒྱུད་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ།།ཞིང་ཁམས་རབ་འབྱམས་མཐོང་བའི་དངོས་གྲུབ་སྩོལ་ཅིག།༣༽གནས་ཆེན་རི་བོ་རྩེ་ལྔའི་བྱང་སེམས་གླིང་ནས།།ངེས་དོན་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ།།རང་སྣང་རྣམ་དག་ངང་ནས་གསོལ་བ་འདེབས་སོ།།འགྲོ་ཀུན་མ་ལུས་འདྲེན་ནུས་དངོས་གྲུབ་སྩོལ་ཅིག།༤༽རྨི་ལམ་འོད་གསལ་དབྱིངས་ལ་གསལ་དག་བརྟན་པས།།དཔའ་བོ་མཁའ་འགྲོ་འདུས་པའི་ཚོགས་གྲལ་བཞུགས་པའི།།འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གསོལ་བ་འདེབས་སོ།།གསང་ཆེན་བསྟན་པ་སྤེལ་ནུས་དངོས་གྲུབ་སྩོལ་ཅིག།༥༽གནས་གསུམ་མཁའ་འགྲོ་དགྱེས་པའི་སྐུ་གསུམ་གླིང་ན།།རྨད་བྱུང་ཉམས་བརྒྱས་སྒེག་པའི་ཌཱཀྐིའི་ཚོགས་ལ།།བདེ་ཆེན་རྩེད་འཇོ་རོལ་བར་གསོལ་བ་འདེབས་སོ།།ཕྱག་རྒྱའི་རྟུལ་ཞུགས་མཐར་ཕྱིན་དངོས་གྲུབ་སྩོལ་ཅིག།༦༽ཕ་གཅིག་མཚོ་སྐྱེས་རྡོ་རྗེ་སྙིང་དཀྱིལ་སྒོམ་ཚེ།།ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་འབྲལ་བ་མི་འདུག།རང་རིག་བླ་མའི་རྣལ་འབྱོར་ཐུགས་དམ་བཟུང་ནས།།མ་གྱུར་འགྲོ་ཀུན་སྨིན་གྲོལ་འགོད་པར་སྨོན་ནོ།།༧༽སྣང་སྲིད་ཐམས་ཅད་དག་ལྷ་ཡི་ཞིང་ཁམས།།སྒྲ་གྲགས་མ་ལུས་ཟབ་རྒྱས་ནཱ་དའི་གསུང་དབྱངས།།ཐུགས་དམ་ཟག་མེད་འོད་གསལ་ཡེ་ཤེས་ཤར་བ།།རང་རིག་པདྨ་ཀ་རའི་དགའ་སྟོན་རོལ་ཡ།།༨༽གཡས་གྲལ་རོ་མའི་གདན་ལ་མཁའ་འགྲོའི་ཟློས་གར།།གཡོན་གྲལ་རྐྱང་མའི་གདན་ནས་དཔའ་བོའི་བྲོ་གླུ།།དབུས་གྲལ་དབུ་མའི་དཀྱིལ་ནས་ལྟད་མོ་མཐོང་བ།།གསང་ཆེན་རྨི་ལམ་ཟབ་མོའི་རྟེན་འབྲེལ་བཟང་ངོ་།།༩༽དགྱེས་འཛུམ་དགའ་མའི་ཟུར་མིག་གཡོ་བ་མཛེས་པ།།བརྡ་གླུ་གསུང་དབྱངས་གདམས་ངག་དེ་འདྲའི་སྙན་པ།།སྒྱུ་འཕྲུལ་རྡོ་རྗེའི་གར་སྟབས་ཚོགས་འཁོར་རོལ་བ།།ཨ་ཧོ་དགའ་བོ་སྐྱིད་པ་བླ་མའི་བཀའ་དྲིན།།༡༠༽སྔོན་ཚེ་དཔལ་གྱི་བསམ་ཡས་མཆིམས་ཕུའི་རྩེ་རུ།།རྗེ་འབངས་གྲོགས་ལ་བཀའ་གཏེར་གདམས་ངག་གནང་ཚེ།།བདག་ཀྱང་འདི་འདྲའི་ཉམ་ཆུང་འཁྱར་པོ་མ་ཡིན།།གནུབས་ཆེན་བུདྡྷ་ཛྙཱ་ནའི་རིག་སྔགས་འཆང་ཡོད།།༡༡༽ད་ནི་སྐྱབས་མེད་མགོན་མེད་མཐའ་ཁོབ་ཡུལ་ནས།།སྙིང་གཅེས་ཨ་མ་བྲལ་བའི་གྲོགས་མེད་ཁེར་རྐྱང་།།དོན་མེད་མི་ཚེ་ཟད་པའི་ཚུལ་ལ་དགོངས་ཏེ།།ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས་ཤིག།༡༢༽སྤྱི་བོ་བདེ་ཆེན་འཁོར་ལོའི་སྒོ་ཆེན་ཕྱེས་ཤིག།མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་ཁྲོལ་ཅིག།སྙིང་ཁ་ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་མཇལ་ཕྱིར།།ལྟེ་བ་སྤྲུལ་པའི་འཁོར་ལོར་ཕྲིན་ལས་རྒྱས་སྨོན།།༡༣༽གསང་གནས་བདེ་སྐྱོང་འཁོར་ལོའི་སྒྱུ་རྩལ་ངོམས་ནས།།བདེ་ཆེན་དྲུག་ཅུ་རྩ་བཞིས་དགའ་སྟོན་རོལ་མོ།།རྒྱལ་བ་སྲས་དང་བཅས་ལ་མཆོད་པ་འབུལ་ན།།གསང་ཆེན་བསྟན་པ་སྤེལ་བའི་རྟེན་འབྲེལ་འགྲིགས་སོང་།།༡༤༽ཟག་མེད་བདེ་བ་ཆེན་པོའི་དགའ་སྟོན་དཔལ་ལ།།དགྱེས་བཞིན་དགའ་མགུར་སྤྱོད་པ་ཕ་རྗེས་བུ་བསྙེགས།།འགྱུར་མེད་དམ་ཚིག་རྡོ་རྗེའི་ལང་ཚོ་རྫོགས་པ།།སེ་ཁྱུང་དབྲ་དཀར་རྒོད་པོའི་མཐུ་སྟོབས་ངོམས་ཡོད།།༡༥༽ཨེ་ཝཾ་ལྟ་སྒོམ་འབྲེལ་བའི་གཤོག་ཟུང་ལྡན་ཅིང་།།ཏ་ན་ག་ནའི་དམ་ཚིག་རྩལ་དྲུག་རྫོགས་ཕྱིར།།ཆོས་དབྱིངས་དགོངས་པར་གཤེགས་པའི་རིག་འཛིན་ཕོ་མོ།།སྐལ་བཟང་དཔལ་ཡོན་བརྟས་ན་ང་ཕྱིར་འཕུར་ཤོག།།༡༦༽ལྟ་བ་ནམ་མཁའ་ཡངས་པའི་དབྱིངས་ལ་འཕུར་འགྲོ།།སྒོམ་པ་རྒྱ་མཚོ་ཆེན་པོའི་གཏིང་ཉིད་མི་གཡོ།།སྤྱོད་པ་ཀུན་ཏུ་བཟང་པོའི་མཛད་པ་སྐྱོང་ནས།།འབྲས་བུ་རིག་འཛིན་ས་ལ་བདེ་མྱུར་བཤེགས་ཤོག།ཅེས་པའང་རབ་གནས་ས་ཕག་མགོ་ཟླའི་མར་ངོའི་ཚེས་བཟང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་འདས་མཆོད་སྐབས་སུ་ཐོ་རངས་ཀྱི་རྨི་ལམ་བཟང་པོ་ཞིག་ལ་བསྟེན་ནས་ཐོལ་བྱུང་དུ་དཔལ་དགྱེས་པ་རྡོ་རྗེས་རྗེས་དྲན་དུ་སྨྲས་པར་དགེའོ།། །།
ཟོལ་བསྟོད་མི་དགོས་པའི་སྙན་ངག་གི་བརྗོད་བྱ་གསོན་པོ། ཀུན་ཏུ་དགའ་བའི་གཏམ་དགའ་སྐྱོ་དད་གསུམ་འདྲེས་པའི་སྤྲིན་གྱི་རྒྱ་མཚོ་འཁྱོམ་པའི་ངག་རིག་གི་རླབས་སྒྲ།ཡང་དར་བསྟན་པའི་སྲོལ་འབྱེད་གངས་ཅན་བསྟན་འགྲོའི་རྒུད་པ་རྨང་ནས་གསོས་པའི་རྒྱལ་བ་གཉིས་པ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་རྗེས་སུ་དྲན་པ།དེ་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་རྣམ་པར་དཀར་བའི་ཐུགས་བསྐྱེད་ལས་འཁྲུངས་ཤིང་དུས་ཀྱི་རྒུད་པས་ཉམས་པ་མེད་པའི་རྒྱལ་སྲས་སེམས་དཔའ་ཆེན་པོ། གང་ཉིད་ནི་འགོག་པ་མེད་པའི་སྙིང་རྗེའི་འཇུག་པ་རྒྱུན་མི་ཆད་པའི་ཐུགས་བསྐྱེད་དང་གདུལ་བྱའི་ལས་སྨོན་བསོད་ནམས་ཀྱི་དཔུང་ཆེན་པོ་ལྷན་དུ་འཛོམས་པས་མ་བསྒྲིགས་རྟེན་འབྱུང་གི་ལམ་ཆེན་ནས་སླེབས་པའི་སེམས་དཔའ་ཆེན་པོ།ཡ་ང་བའི་ལྔ་བདོའི་མུན་དཔུང་སྟུག་པོས་ས་ཆེན་པོའི་གཞིན་རིས་སྒྲིབ་ལ་ཉེ་བའི་དུས་ཀྱི་ཡང་མཐར་རྒྱལ་སྲས་སེམས་དཔའ་སྟོང་གི་སྙིང་སྟོབས་ཀྱི་གོ་ཆ་བདག་གིར་བཞེས་ནས། ཡང་དར་བསྟན་པའི་རྒྱལ་མཚན་སེར་པོའི་གྲིབ་བསིལ་གྱིས་གླིང་ལྔ་མཚོ་བཞིའི་ཡངས་པའི་ཁྱོན་ལ་འཚེ་མེད་ཞི་བ་དམ་པའི་ཕྲིན་ལས་དུས་སུ་སྨིན་ཏེ།འཛམ་གླིང་ནོར་འཛིན་ལྷུན་པོའི་གསེར་གྱི་རྒྱ་ཕིབས་མཐོན་པོ་གངས་ཅན་བོད་ཀྱི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་སྤེལ་གསུམ་གྱིས་མཛད་པ་བླ་ལྷག་ཅན། རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་རྣམ་པར་རོལ་བ་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་མཆོད་སྡོང་ཆེན་པོ།ངེས་པའི་དོན་དུ་བགྲེས་རྒུད་འཕོ་འགྱུར་གྱི་མཚན་མ་རིང་དུ་སྤངས་པའི་འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ་ཡིན་ན་ཡང་། ཐུན་མོང་གདུལ་བྱའི་སྣང་ངོར་གངས་རིའི་ར་བ་དཀར་པོའི་མུ་ཁྱུད་ཀྱིས་མཐའ་ནས་སྐོར་བའི་ཆོས་ལྡན་བོད་ཀྱི་ཡུལ་ཞེས།མི་ཟད་རིན་ཆེན་གཏེར་གྱི་མངའ་ཁོངས་ཆེན་པོ་ཕྱུགས་དང་འབྲི་རིགས་ཀྱི་ཕྱྭ་གཡང་ཡོངས་སུ་དར་ཞིང་ཕུན་ཚོགས་སྡེ་བཞིའི་མངའ་ཐང་གིས་གཏམས་པའི་ཞིང་ཁྱད་པར་ཅན་ལས།མདོ་ཁམས་གཉིས་ཀྱི་ས་མཚམས།ཡན་ལག་བརྒྱད་ལྡན་གྱི་རྡོ་ཀླུང་རིང་མོ་དལ་གྱིས་འབབ་པའི་ཉེ་འགྲམས།ས་ལ་དགེ་བཅུ་ཚང་ཞིང་སྤང་ཐང་དང་ནགས་ཚལ་ལ་སོགས་རང་བྱུང་ཁོར་ཡུག་གི་མཛེས་སྡུག་ཕུན་སུམ་ཚོགས་པས།མིའི་ཡིད་སྣང་དབང་མེད་དུ་འཕྲོག་པར་བྱེད་པའི་མེ་ཏོག་གི་ཞིང་ཁམས་ཆེན་པོ།སྣ་ཚོགས་མདོག་ལྡན་གྱི་བུང་བ་དང་བྱེའུ་སོགས་དགའ་བདེའི་རྣམ་པར་འཕྲུལ་བའི་རྩེད་དགས་མྱོས་ཤིང་།དར་དིར་མགྲིན་པའི་དབྱངས་ཀྱིས་རྒྱལ་ཀུན་མཉེས་པར་བྱེད་པའི་རང་བྱུང་མགྲིན་པའི་རོལ་མོ་ཅིར་ཡང་འཁྲོལ་བ་སོགས་ཞིང་འབྲོག་གཉིས་ཀྱི་སའི་མཛེས་སྡུག་མ་ཚང་བ་མེད་ཅིང་། སྔོན་བྱོན་གྲུབ་བརྙེས་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་མཆོག་རྡོ་ཁོག་ཆོས་ལྷས་ཞེས་གང་གི་སྐུ་སྐྱེ་གོང་མ་སོགས་ཀྱིས་ལུང་གིས་ཟིན་པའི་གནས་ཁྱད་པར་ཅན་དེར།ཨོ་རྒྱན་རིན་པོ་ཆེ་དངོས་ཀྱི་ལུང་བསྟན་ལས།གསེར་ཐང་སྨད་དུ་ཨ་ཡི་མིང་ཅན་འབྱུང་།།བེེ་རོའི་སྤྲུལ་བས་སེམསཅན་བདེ་ལ་སྦྱོར།།ཞེས་ལུང་གི་བསྟན་པ་བཞིན་དུ་ རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བསྟན་པའི་རྒྱལ་མཚན་ཆེན་པོ་དགུང་དུ་འདེགས་པ་ལ་བརྒྱུད་པ་དྲུག་གི་བྱིན་རླབས་ཀྱིས་གདུང་གཏིང་མ་འགྱུར་པའི་སྤྲུལ་བའི་གཏེར་སྟོན་ཆེན་མོ་ཁྲག་མཐུང་བདུད་འཇོམས་རྡོ་རྗེ་དང་། རིགས་སྲས་ཉེ་བའི་སྲས་བརྒྱད་ཁྱིམ་ཚང་གཅིག་ཏུ་འཁྲུངས་པ་སོགས་མི་རབས་ནས་མི་རབས་སུ་སྔགས་ཆེན་རིག་པ་འཛིན་པའི་སྐྱེ་སྲིད་རྒྱུན་མི་ཆད་པ་ལུང་གིས་ཟིན་པའི་གདུང་རྒྱུད་དུ། རིགས་ཀྱི་སྲིད་པ་བཟུང་ནས་མཚན་དཔེའི་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ།རྒྱལ་བའི་རིགས་སྲས་ཀྱི་སཱ་ལས་ལྗོན་པ་བཟང་པོའི་ལང་ཚོའི་འཕེལ་རིམ་ཡར་ཚེས་ཟླ་གཞོན་གསར་བའི་རྗེས་སུ་བརྙེགས་ནས། གཟུངས་སྔགས་རྒྱལ་པོ་འབྲི་དྲུག་དབྱངས་སུ་གྱེར་ཏེ་སྔོན་སྦྱངས་བག་ཆགས་ཀྱི་འཕྲོ་མ་ཆད་པར། ལང་ཚོའི་གཉོམ་ལག་གི་མཐུ་བརྟས་པ་དང་ལྷན་དུ་རང་བཞིན་གྱིས་བསམ་པ་དཀར་བ་དང་། གཡོ་སྒྱུ་ཆུང་བ།ངང་བཟང་བ་དང་། ཕྱི་ཐག་རིང་བ་སོགས་འཇིག་རྟེན་ཡ་རབས་ཕུལ་བྱུང་གི་ཡོན་ཏན་གྱིས་མངོན་པར་མཛེས་ཤིང་།བྱང་ཆུབ་སེམས་མཆོག་གི་ནོར་གྱིས་ཕྱུག་ཅིང་། དད་པ་དག་སྣང་གི་རྩ་བ་བརྟན་པ།སྐྱེས་སྦྱངས་མཁྱེན་རབ་ཀྱི་རྩལ་ཁ་རྒྱས་ཤིང་། འོད་གསལ་ཐོད་རྒལ་གྱི་གཟིགས་སྣང་དབྱིངས་སུ་མ་ནུབ་པར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ཇི་བཞིན་མཇལ་བའི་ཉམས་ལེན་གྱི་འཕྲོ་མ་ཆད་པས་དག་པ་རམ་འབྱམས་ཀྱི་རོལ་མོ་འབྱམས་སུ་ཀླས། ལྷག་པར་དུ་སྨྲ་བའི་དབང་པོ་འཇམ་པའི་དབྱངས་དངོས་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མངོན་སུམ་རྗེས་སུ་བཟུང་པ་ནས། རིག་གསང་རྟེན་འབྲེལ་གྱི་འཆར་སྒོ་ཕྱེས་ཤིང་། སྤོབས་པའི་གཏེར་ཆེན་བརྒྱད་ལ་མངའ་དབང་འབྱོར། བྱིན་རླབས་ཤེད་མོང་གི་མེ་ཆེན་པོས་རྨོངས་པའི་མུན་པ་སྟུག་པོའི་སྐྱེ་རྒྱུད་བཅད་དེ་རྩ་འཁོར་ཡི་གེའི་སྤྲིན་དུ་དག སྐུ་ན་ཕྲ་བའི་དུས་ནས་ཆེ་བ་བདུན་གྱིས་མངོན་པར་འཕགས་པ་གསང་ཆེན་སྔ་འགྱུར་པའི་བསྟན་པའི་སྒོར་ཞུགས་ཏེ། ས་གནས་ཀྱི་སེམས་དཔའ་ཆེན་པོ་གཡུ་ཁོག་བྱ་བྲལ་རིན་པོ་ཆེ་དང་།མཁས་བཙུན་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཐུབ་དགའ་ཡིད་བཞིན་ནོར་བུ།སྤྱན་རས་གཟིགས་དངོས་མ་ཎི་བླ་མ་པདྨ་སིདྡྷི་སོགས་ཕྱིའི་ཡོངས་འཛིན་གྱི་ཚུལ་དུ་བསྟེན་ཏེ། སྔོན་བྱོན་དམ་པ་གོང་མའི་མཛད་རྗེས་སུ་བརྙེགས་ཤིང་མཉེས་པ་གསུམ་དང་ཞབས་ཏོག་དགུ་ཕྲུགས་ཀྱི་སྒོ་ནས་ཡ་ཐོད་གདོང་གི་མིག་དང་། ཁོག་པའི་ནང་གི་སྙིང་བཞིན་དུ་མངོན་ལྐོག་མེད་པར་བསྙེན་ནས་ཟབ་གསང་གསུང་གི་བདུད་རྩི་ལ་ངོམས་མེད་དུ་རོལ། མདོ་སྔགས་ཆོས་ཀྱི་གཞུང་ལུགས་ལ་ལྟ་བའི་ཤེས་རབ་ཕུན་སུམ་ཚོགས་པའི་དཔལ་གྱིས་ཕྱུག་པས། སྒྲུབ་བརྒྱུད་ཤིང་ལྟ་བརྒྱད་ཀྱི་གྲུབ་མཐའི་བཞེད་མཚམས།དཀའ་བའི་གནད།གནས་སྐབས་དང་མཐར་ཐུག་དྲང་ངེས་ལྡེམ་དགོངས་ཀྱི་རྣམ་བཞག་ཚང་ལ་མ་ནོར་བའི་སྔོན་བྱོན་དམ་པ་གོང་མའི་དགོངས་པའི་དྲོད་ཚད་ལ་མངའ་དབང་འབྱོར།ཁྱད་པར་དུ་གསང་སྔགས་སྔ་འགྱུར་པའི་ཕ་ཆོས་གཙང་མ་ནང་རྒྱུད་སྡེ་གསུམ་གཙོས་བཀའ་གཏེར་དག་སྣང་གི་ཆུ་བོ་ཆེན་པོ་བཞིས་བསྡུས་པའི་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད།རྒྱབ་རྟེན་གྱི་ལུང་། མན་ངག་ཕྱག་བཞེས་སོགས་འབྲེལ་བ་བཞི་ལྡན་གྱི་མནོག་ཆོས་ཐུན་མིན་ཐུགས་ཀྱི་བུམ་པར་བསྐྱིལ།ཁྱད་པར་དུ་ཀུན་རྨོངས་མུན་པའི་དྲ་བ་གཅོད་པའི་རལ་གྲིའི་འཕྲུལ་ཐབས་ཕྲག་པའི་རྒྱན་དུ་ལྡེམ་པའི་ཚེ་རབས་ལས་ཀྱི་ལྷ་མཆོག་ཀུན་མཁྱེན་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་ལུས་གྱི་གྲིབ་མ་བཞིན་དུ་སྐད་ཅིག་ཀྱང་འབྲལ་བ་མེད་པར་མཆན་གྱི་བུ་ལྟརབསྐྱངས་པས།ཤེས་བྱ་རིག་པའི་གནས་གང་ལའང་ཆགས་ཐོགས་བྲལ་བའི་ཁྱད་དུ་འཕགས་པའི་ཤེས་རབ་ཀྱིས་གདེང་རྙེད།སྐུ་ན་ཧ་ཅང་གཞོན་པའི་དུས་ནས་དབུ་མ་རྩ་འཇུག་བཞི་གསུམ་དང་། རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་མོ་དཀའ་བའི་གནད་འགག་དག གསར་རྙིང་གི་མཁས་གྲུབ་མང་པོ་དང་མཉམ་དུ་རྣམ་དག་ལུང་རིགས་ཀྱི་སྒོ་ནས་བཀའ་ཡི་བགྲོ་བ་གནང་བས། གཟུར་གནས་དམ་པ་དག་གི་གཡོ་མེད་ཐུགས་ཀྱི་བརྟན་པ་འཕྲོགས་ཏེ།མཁས་པ་མཁས་པའི་མདུན་ན་མཛེས་པའི་དཔེ་བཞིན་དུ་བསྔགས་བརྗོད་ལྷ་ཡི་རོལ་མོ་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་དུ་སྤེལ་བའི་རྩོད་པའི་དཔའ་བོ། སྐྱེ་བ་དུ་མར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གོམས་པའི་བག་ཆགས་དང་སྲིད་པའི་ཕུན་ཚོགས་མཐའ་དག་དུག་སྦྲུལ་གྱི་ཚང་དང་སྲིན་མོའི་གླིང་བཞིན་དུ་གཟིགས་པའི་ངེས་པར་འབྱུང་བའི་ཐུགས་གཤིས་བརྟན་པོས་སྐུ་ཚེ་གང་པོར་རང་ཉིད་དང་ཁྱིམ་ཚང་ལ་དབང་བའི་བདག་ཏུ་བཟུང་བའི་རྒྱུ་རིན་ཐང་ཆེན་པོ་ཅན་གཅིག་ཀྱང་མེད་པར་མ་ཟད། ཅུང་ཙམ་རེ་ཡོད་པའང་སྤོང་དག་ལན་གྲངས་མང་པོར་བྱས་ཏེ་འཚོ་བ་བྱ་འཚོ་བྱིའུ་འཚོ་ཙམ་གྱིས་སྐུ་ཚེའི་རིན་ཐེངས་ཚང་མ་རྒྱལ་བསྟན་ཁོ་ནའི་ཆེད་དུ་ཕུལ། སྤྱིར་རྒྱལ་བའི་གསུང་རབ་དང་ལྷག་པར་དུ་འོད་གསལ་རྡོ་རྗེའི་སྙིང་པོ་ཡང་གསང་བླ་ན་མེད་པ་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དྲི་མ་མེད་པའི་ལམ་གྱི་རྩ་ལག་སྡེ་རིས་དང་བཅས་པ་ལ་སྡུག་འབད་དང་ལྷུ་སྒྲིག་འདེམས་ཀ་བཅས་ཀྱི་ངལ་བ་ལ་མ་བརྟེན་པར་དགོངས་པ་ཀློང་རྡོལ་གྱི་མཁས་དབང་དམ་པ།ཐོས་པ་གོ་ཡུལ་དུ་མ་ལུས་པར་རང་རྒྱུད་ལ་སྦྱར། འཆད་པ་ངག་ཐོག་ནས་མ་ལུས་པར་ཤེས་རབ་གསུམ་གྱིས་གཏན་ལ་ཕབ་ནས་འཕགས་ཡུལ་རྒྱན་དྲུག་མཆོག་གཉིས་དང་སྔ་འགྱུར་རིག་འཛིན་བརྒྱུད་པའི་ལྟ་དགོངས་ཅིག་ཅར་དུ་གཟིགས་ཤིང་། དབང་རྫོགས་པ།ནུས་པ་ཐོབ་པ། ཐེག་ཆེན་ལ་མཁས་པ། ངེས་པའི་དོན་རྟོགས་པ། ཐུགས་རྗེ་ཆེ་བ།འགྲོ་བའི་དོན་ལ་བརྩོན་པ། དོན་ལ་མཁས་པ།…
མཁན་ཆེན་བླ་མའི་ཞབས་བརྟན།ཤྲཱིཿདཔལ་ལྡན་གྲུབ་པའི་དབང་ཕྱུག་ཨེ་མ་ཧོ་།།ཉམས་རྟོགས་རྩལ་རྒྱས་ཆགས་ཐོག་ཀུན་གྲོལ་བའི།།མཚོ་སྐྱེས་རྡོ་རྗེའི་རང་ལུགས་སྤེལ་མཛད་པ།།མཁན་ཆེན་བླ་མའི་ཞབས་པད་རྟག་བརྟན་གསོལ།།ཞེས་པའང་དགེ་མང་མཁན་མིངཙམ་འཛིན་པ་པུཎྱེེ་མིང་ཅན་ནས་བྲིས་པ་དེ་བཞིན་ཏུ་འགྲུབ་པར་དཀོན་མཆོག་རྒྱལ་བ་རྒྱ་མཚོས་མཐུན་འགྱུར་མཛད་ཏུ་གསོལ།། །། སྤྱི་ལོ་༡༢/༡/༢༠༢༠་ལའོ།།མཁན་ཆེན་བླ་མ་ལ་གསོལ་བ་འདེབས།།ཨོཾ་སྭཱ་སྟི།།དུས་གསུམ་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ།།ཐར་པའི་ལམ་སྟོན་དེད་དཔོན་ཆེན་པོ་སྟེ།།གྲུབ་དབང་བླ་མའ་ིཐུགས་སྲས་རིན་པོ་ཆེ།།མཁན་ཆེན་བླ་མ་མཆོག་ལ་གསོལ་བ་འདེབས།།ཐུགས་ཡིད་དབྱེར་མེད་འདྲིས་པར་བྱིན་གྱིས་རློབས།།ཨོཾ་ཨཱཿཧཱུཾ་མ་ཧཱ་གུ་རུ་ཤྲཱིཿཨ་ནནྟ་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཧྲཱིཿ།།ཞེས་པ་ང་རང་གི་སྙིང་ཐག་པ་ནས་རྩ་བའི་བླ་མ་མཇལ་ནས་མཁན་ཆེན་རིན་པོ་ཆེ་ལ་ལོ་མ་རྡོ་རྗེ་ཕུན་ཚོགས་ཀྱིས་སེམས་གཏིང་གསོལ་བ་བཏབས་པར་དགེའོ།། །།
དགེ་མང་མཁན་ཆེན་བསོད་ནམས་འོད་ཟེར་རིན་པོ་ཆེའི་ཞབས་བརྟན།བླ་མ་མཁྱེན།།ཐུགས་རྗེ་ཆེན་པོས་མ་ལུས་འགྲོ་ལ་བྱམས།།ཤེས་རབ་ཆེན་པོས་ཤེས་བྱ་རབ་འབྱམས་གཟིགས།།མཁྱེན་བརྩེའི་བསོད་ནམས་འོད་ཟེར་རིན་པོ་ཆེ།།སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།ཅེས་པ་མཁན་ཆེན་དམ་པ་ཉིད་དང་བཀའ་མོལ་བྱུང་བའི་མོད་ལ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྙིང་ནས་སྨོན་པར་དགེའོ།། སྤྱི་ལོ་༡༢/༡/༢༠༢༠་ལ།།
གདམས་ངག་ཡིད་བཞིན་ནོར་བུའི་དོ་ཤལ།ན་མོ་གུ་རུ་ཨེ་མ་ཧོ།།༡༽བསྐལ་མང་ཚོགས་གཉིས་བསགས་པའི་མཐུས།།རྫོགས་པ་ཆེན་པོའི་ཆོས་དང་འཕྲད།།ཆོས་དང་གང་ཟག་གཅིག་ཉིད་དུ།།བརྩོན་པའི་ཐུགས་དམ་མ་ལྷོད་ཅིག།༢༽དང་པོ་བློ་ལྡོག་རྣམ་བཞི་གོམས།།བར་དུ་ཚད་མེད་རྣམ་བཞི་བསྐྱེད།།དོན་ལ་སྲོག་སྡོམ་གཟེར་བཞིས་ངང་།།རྫོགས་པ་ཆེན་པོའི་སྣང་བཞི་ཐོབ།།༣༽དངོས་གཞི་ལས་ཀྱང་སྔོན་འགྲོ་གཙོ།།ལུས་ངག་ལས་ཀྱང་ཀུན་སློང་གཙོ།།དྲག་འབད་ལས་ཀྱང་རྒྱུན་བརྩོན་གཙོ།།འཁོར་བ་ལས་ཀྱང་མྱང་འདས་གཙོ།།༤༽རྫོགས་ཆེན་བླ་མེད་སྙིང་པོའི་དོན།།དད་གུས་དམ་ཚིག་བརྩོན་པའི་མཐུས།།ཉམས་རྟོགས་ཡར་ངོའི་ཟླ་བ་བཞིན།།འབྱུང་འགྱུར་འདི་ལ་ཐེ་ཚོམས་མེད།།༥༽ཉམས་ལེན་རྒྱུན་ཁྱེར་བྱེད་པ་ནི།།སྲོག་གི་སྙིང་པོ་དམ་པར་ཟུངས།།འཇིག་རྟེན་ཞེན་སྣང་རྒྱབ་ཏུ་བསྐྱུར།།འདུ་འཛི་མེད་པའི་དབེན་པར་བསྟེན།།༦༽ངེས་འབྱུང་བརྟན་པོའི་ས་གཞི་ལ།།བྱང་སེམས་བདུད་རྩིའི་ཐིགས་པ་བྲན།།དད་གུས་དག་སྣང་རྩི་ཤིང་བརྟས།།སྣང་སྲིད་རྫོགས་པ་ཆེན་པོར་ཤར།།༧༽བླ་མའི་གདམས་པ་སེམས་ལ་དྲིལ།།ཡི་དམ་བསྙེན་པ་ངག་ལ་བཟླས།།མཁའ་འགྲོ་དམ་ཚིག་མ་རལ་ན།།ཆོས་སྐྱོང་བཀའ་སྲུང་སྤྲིན་བཞིན་འདུ།།༨༽གཞི་ལ་སྤྲོས་བྲལ་ཀ་དག་ངང་།།ལམ་དུ་ལྷུན་གྲུབ་ཐོད་བརྒལ་ལས།།འབྲས་བུ་ཚེ་གཅིག་སངས་རྒྱས་ཐོབ།ངེས་ཤེས་མཛོད་ཅིག་སྐལ་བཟང་ཚོ།།༩༽བླ་མ་དད་པའི་མོས་གུས་ངང་།།གང་ཤར་སྣང་བའི་རྟོགས་པ་རྣམས།།སྤངས་བླང་དབེན་པའི་ལམ་ཁྱེར་ཀུན།།ཀུན་བཟང་སྤྱོད་པ་རྒྱ་མཚོ་ལགས།།༡༠༽གཅེར་ལྟ་གཅེར་གྲོལ་སྒོམ་པར་བཞག།གཞི་མེད་རྩ་བྲལ་མི་དམིགས་ངང་།།གནས་ལུགས་རྫོགས་པ་ཆེན་པོར་ཞོགས།།སྤྱོད་ལམ་ཀུན་ཏུ་བཟང་པོར་མཛོད།།༡༡༽སྣང་གྲགས་རིག་པའི་གཉུག་མ་ཉིད།།ངོ་བོ་རང་བཞིན་ཐུགས་རྗེའི་དཔལ།།སྐུ་གསུམ་དགྱེས་པ་རྡོ་རྗེ་འཆང་།།ནམ་ཡང་འབྲལ་མེད་རྗེན་པར་སྐྱོང་།།༡༢༽ལོ་ཟླའི་དུས་ཚོད་དམ་དུ་འཛིན།།དྲན་ཤེས་བག་ཡོད་རྒྱུན་དུ་སྐྱོང་།།རྟག་ཏུ་དེ་ཉིད་གོང་དུ་སྤེལ།།བསྟན་འགྲོའི་དོན་ལ་མ་གཡེལ་ཅིག།༡༣༽ནམ་ཞིག་ཆོས་ཀུན་སྟོང་པའི་ངང་།།སྣང་སྲིད་ཐམས་ཅད་ཆོས་སྐུར་རྟོགས།།དགག་བསྒྲུབ་བྱ་རྩོལ་ཟད་པའི་ཚེ།།ཁྲེགས་ཆོད་དགོངས་པ་ལོན་པ་ཡིན།།༡༤༽རང་རིག་སྐྱེ་མེད་ངོ་བོ་ལས།།འོད་གསལ་དཀྱིལ་འཁོར་རང་བཞིན་སྣང་།།ཞིང་ཁམས་རབ་འབྱམས་མཇལ་བ་ཉིད།།ཐོད་རྒལ་སྣང་བཞི་གོམས་པར་འབྱུང་།།༡༥༽མཐར་ཐུག་ཐེག་པའི་རྩེ་མོ་ཉིད།།ཡང་གསང་རྫོགས་པ་ཆེན་པོ་ལ།།ཀུན་བཟང་ས་ལམ་མ་ལུས་ཚང་།།གསང་གསུམ་གྲུབ་པ་མཐར་ཕྱིན་མཛོད།།ཅེས་པ་འདི་ཡང་རབ་བྱུང་བཅུ་བདུན་པའི་ས་ཕག་མགོ་ཟླའི་ཉ་གང་ལ་ཟླ་བ་གཟའ་ཀས་གྲོལ་བ་དང་མཉམ་དུ་སྐལ་ལྡན་གྱི་སློབ་མ་ཀརྨ་ཆོས་སྒྲོན་དང་རིག་འཛིན་རྡོ་རྗེས་དད་གུས་དམ་གཙང་གིས་སྐུལ་ངོར་གང་ཤར་ཤྲཱིཿསྨྱོན་ཨེ་མ་ཧོས་དམ་ཚིག་གཙང་ནའི་ལེགས་སྐྱེས་སུ་ཕུལ་བར་དགེའོ།། །། སྤྱི་ལོ་༢༠༢༠ཟླ་བ་༡ཚེས་༡༠་ལ།། མཆན། ༼དྲ་ཐོག་ནས་གདན་ས་ཁག་དང་ཚན་རིག་པའི་དགེ་རྒན་གྱིས་སྐུལ་ངོར་ཤར་མར་བྲིས་ནས་རྗེས་སུ་ཤྭོ་ལོ་ཀ་བཅོ་ལྔ་ཏག་ཏག་འགྲིགས་འདུག་པས་དུས་ཚེས་དགེ་བའི་རྟེན་འབྲེལ་རྨད་དུ་བྱུང་། ༽
Alt Sidebar
Search