དམ་ཚིག་བཅུ་བཞིའི་གསལ་བཤད་ཀུན་དགའ་ནོར་བུའི་དོ་ཤལ།
དམ་ཚིག་བཅུ་བཞིའི་གསལ་བཤད་ཀུན་དགའ་ནོར་བུའི་དོ་ཤལ།ན་མོ་གུ་རུ་བཛྲ་ཡཱ་ན་མཱུ་ལཱ་པ་དྷི་ཡེ།།རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བཅུ་བཞི་ཡི།།ཚིག་དོན་མ་ནོར་དམ་ཅན་བུ་ལ་གདམས།།དམ་གཙང་ཡེ་ཤེས་སྙིང་པོའི་འོད་གསལ་བ།།མ་ལུས་འགྲོ་ཀུན་དོན་ཆེན་ལྷུན་གྲུབ་སྩོལ།།དངོས་གྲུབ་རྡོ་རྗེ་སློབ་དཔོན་རྗེས་འབྲང་ལ།།བརྙས་པའི་རྩ་ལྟུང་དང་པོ་མཐོལ་ལོ་བཤགས།།བདེ་གཤེགས་བཀའ་ལས་འདས་པའི་ལྟུང་བ་ཞེས།།རྩ་ལྟུང་གཉིས་པ་ཕོག་པ་མཐོལ་ལོ་བཤགས།།རྡོ་རྗེའི་སྤུན་ལ་ཁྲོས་ཤིང་བརྡེག་པ་དང་།།ཉེས་བརྗོད་གསུམ་པ་ཤོར་བར་མཐོལ་ལོ་བཤགས།།མ་ལུས་སེམས་ཅན་རྣམས་ལ་བྱམས་པ་སྤང་།།རྩ་ལྟུང་བཞི་པ་ཡིན་པར་རྒྱལ་བས་གསུངས།།དམ་ཚིག་བཞི་པ་རལ་བ་མཐོལ་ལོ་བཤགས།།ཆོས་ཀྱི་རྩ་བ་བྱང་ཆུབ་སེམས་ཉིད་ཡིན།།དེ་སྤོང་བ་ནི་ལྔ་པ་ཕོག་པ་མཐོལ་ལོ་བཤགས།།རང་གཞན་གྲུབ་མཐའ་ཀུན་ལ་སྡང་བ་དང་།།ཆོས་ལ་སྨོད་པ་དྲུག་པར་མཐོལ་ལོ་བཤགས།།ཡོངས་སུ་མ་སྨིན་སེམས་ཅན་ཐམས་ཅད་ལ།།གསང་བ་སྒྲོག་པ་བདུན་པ་མཐོལ་ལོ་བཤགས།།ཕུང་པོ་སངས་རྒྱས་ལྔ་ཡི་མངའ་བདག་ཉིད་ལ།།ངན་སྨོད་བརྒྱད་པ་ཕོག་པ་མཐོལ་ལོ་བཤགས།།རང་བཞིན་ཡེ་ནས་དག་པའི་ཆོས་རྣམས་ལ།།སོམ་ཉི་ཟ་བ་དགུ་པར་མཐོལ་ལོ་བཤགས།།གདུག་ལ་རྟག་ཏུ་བྱམས་སྐྱེས་བྱེད་ལྡན་པ།།དམ་ཉམས་བཅུ་པ་ཕོག་པ་མཐོལ་ལོ་བཤགས།།མིང་སོགས་བྲལ་བའི་ཆོས་རྣམས་དེར་རྟོག་པ།།ཡིད་རལ་བཅུ་གཅིག་ཕོག་པ་མཐོལ་ལོ་བཤགས།།སེམས་ཅན་དད་དང་ལྡན་པའི་སེམས་སུན་འབྱིན།།སེམས་ཉམས་བཅུ་གཉིས་ཕོག་པ་མཐོལ་ལོ་བཤགས།།དམ་ཚིག་རྫས་ནི་ཇི་བཞིན་ཉིད་མི་བརྟེན་པ།།ལས་ཉམས་བཅུ་གསུམ་ཕོག་པ་མཐོལ་ལོ་བཤགས།།ཤེས་རབ་རང་བཞིན་བུད་མེད་སྨོད་པར་བྱེད།།རིག་ཉམས་བཅུ་བཞི་ཕོག་པ་མཐོལ་ལོ་བཤགས།།དངོས་གྲུབ་མྱུར་དུ་ཐོབ་འདོད་སྔགས་འཆང་གིས།།དམ་ཚིག་རིམ་པ་མ་འདྲིས་ལེགས་སྲུང་ན།།ཚེ་འདིར་གྲོལ་བ་རྡོ་རྗེ་འཆང་གི་བཀའ།།སྙིང་དང་སྲོག་ལས་གཅེས་མཛོད་སྐལ་བཟང་རྣམས།།ཞེས་པ་རབ་གནས་ས་ཕག་ས་ག་ཟླ་བའི་ཡར་ཚེས་རྒྱལ་བ་གསུམ་པར་དོན་གཉེར་གསེར་མདོག་ལྕང་ལོ་ཅན་འགས་ངོར་གོ་བདེར་བཤད་པར་དག་ཚིག་བཅད་དུ་ཤྲཱིཿཨེ་མ་ཧོས་ཡིད་ཀྱི་ནམ་མཁའ་མཛོད་ལས་ཕྱུང་བ་དག་ཨེ་ཝཾ་སངས་རྒྱས་སྟོང་གི་སྐྱེད་ཚལ་ནས་བགྱིས་པར་དགེའོ། །
༧སྐྱབས་རྗེ་དམ་པ་ཨོ་རྒྱན་དྲི་མེད་གླིང་
Khenchen Lama and Sang-ngag Tulku Rinpoche Khenchen Lama and Sang-ngag Tulku Ewam Garden of One Thousand Buddhas ༧སྐྱབས་རྗེ་དམ་པ་ཨོ་རྒྱན་དྲི་མེད་གླིང་པའི་ཡང་སྤྲུལ་དྲུག་པ་སྒོ་ཆེན་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་རིན་པོ་ཆེས་ངོས་ལ་ཐུགས་བརྩེ་རྒྱ་ཆེན་པོས་རྗེས་སུ་བཟུང་ནས་འཁོར་འདས་གཉིས་ཀ་ལ་བདག་སྐྱོང་བླ་ན་མེད་པར་མཛད། ཁྱད་པར་དུ་སྐུ་ཉིད་ཀྱི་སྒོམ་ཁང་ཆུང་ཆུང་ཞིག་ཏུ་ཁྲིད་ནས་བདག་གཅིག་པུ་ལ་ཨོ་རྒྱན་རྩ་གསུམ་གླིང་པའི་ཟབ་གཏེར་ལས་བླ་མ་དྲག་པོ་པདྨ་ཁྲག་འཐུང་ལས། རྫོགས་ཆེན་རྩ་དབང་དོན་ཁྲིད་ཀྱི་དགོངས་འགྲེལ་འཁོར་འདས་རང་གྲོལ་གྱི་ཟབ་ཁྲིད་རྒྱས་པ་ཚེས་བཅུའི་ཉིན་གང་བོར་གསུངས། བླ་མ་བཀའ་དྲིན་ཅན་གྱིས་བདག་ལ་འཁོར་འདས་ཀུན་ལ་གསང་རྒྱ་མེད་པར་ལྟ་བ་ལ་ངོ་བོ་མཐོང་ཚུལ། སྒོམ་པ་ཡིས་རང་བཞིན་གོམས་སྟངས། སྤྱོད་པ་ལ་ཐུགས་ཐིག་ལམ་ཁྱེར། འབྲས་བུ་ལ་འགྲོ་དོན་ལྷུན་གྲུབ་ཀྱི་མན་ངག་དང་། གཞི་ཡི་ངོས་འཛིན། ལམ་གྱི་གོལ་ས། རྒྱུན་པར་དྲན་ཤེས་དང་། གནམ་ལྕགས་མན་ངག་གསང་བ་རིན་པོ་ཆེའི་སྐོར་སོགས་མདོ་སྔགས་སྤྱི་དང་། བྱེ་བྲག་མཁྱེན་བརྩེ་རྡོ་རྗེ་འཆང་གི་ཞལ་གདམས། རྫོགས་ཆེན་རྒྱུད་སྡེ་ཡོངས་ཀྱི་སྙིང་བཅུད། སྐུ་ཚེ་གང་བོར་རྫོགས་པ་ཆེན་པོ་ཐུགས་དམ་མཛད་པའི་ཉམས་རྟོགས་རྣམས་བདག་ལ་གབ་སྦས་གསང་བར་མ་མཛད་པར་བཀའ་མོལ་ལྷུག་པོར་གསུངས་ནས་ངོ་སྤྲོད་དང་རིག་པའི་རྩལ་དབང་སྐབས་སུ་ཐུགས་ཡིད་དབྱེར་མེད་དང་། ངོས་ལ་དད་དམ་བཅོས་མིན་ངང་ནས་བླ་མ་ལ་མི་ཕྱེད་པའི་དད་གུས་ཐོབ། ཇི་སྐད་དུ། བླ་མ་རིན་པོ་ཆེས་འདི་ན་དཔོན་མེད་གཡོག་ཀྱང་དེ་བས་མེད།།བླ་མ་སློབ་མའི་དགོངས་པ་དབྱེར་མེད་པར།།ལྟ་སྒོམ་སྤྱོད་འབྲས་མ་ནོར་རྟོགས་པ་ལ།།ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། གནས་ལུགས་གཞི་དབྱིངས་རང་གྲོལ་འདི་ཀ་འོ།། ཞེས་སོགས་ཞལ་རྩེད་དང་གདམས་ངག་ཏུ་གནང་།། གཞན་ཡང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་གཏེར་སྐོར་ལ་ཡང་ཟབ་རྒྱས་དཀའ་གནད་དང་ཐུགས་བསྐྱེད་བླ་ན་མེད་པའི་འགན་བཞེས་ནི་སྔ་འགྱུར་སྤྱི་ལ་བཀའ་དྲིན་བླ་ན་མེད་པར་མཆིས་སོ། རྒྱས་པར་ཨེ་མ་ཧོའི་ཉིན་ཐོའི་ཟིན་བྲིས་ལས་ཤེས་འཚལ།། ཤྲཱིཿཨེ་མ་ཧོས
གཙང་བོའི་ཆིལ་སྒྲ་སེམས་ཀྱི་གསེབ་དུ་འདྲེས།།
གཙང་བོའི་ཆིལ་སྒྲ་སེམས་ཀྱི་གསེབ་དུ་འདྲེས།།གཡེར་གྲུའི་དར་ཤིང་ཆར་རླུང་ཁྲོད་ནས་འདར།།ལམ་ཞུག་འགྲུལ་བ་སེམས་སུ་ཚུབ་ཆ་སྐྱེས།།ཕར་ཁའི་གྲོང་ཚོ་སྨུག་པའི་དཀྱིལ་ན་གཡོ།། བྲོ་བས་སྲོག་དམར་འཕྲོགས་པའི་ཐབ་ཇུས་མཁན།།ཉ་བ་རྒད་པོས་ཀ་པད་ཆང་གིས་ཁེངས།།མི་སེམས་ཟས་ལ་གཡེངས་བའི་ཉི་མ་ཚོ།།ལྟོ་དཀར་སྲོག་དམར་ཤོར་བའི་གཏམ་འདི་སྐྱོ།། ཐང་ཤིང་འཕྲེད་དུ་ཉལ་བའི་ལམ་འགྲམ་ན།།སྟ་གྲི་ཡུ་བ་བུད་པའི་ལྟས་ངན་གན།།འདང་ནུབ་ཇག་པས་མཅོམ་པའི་གྲོང་ཚོ་བཞིན།།ལྗོན་པའི་གསེབ་ནས་ངུ་སྐད་གཉོམ་ཐག་ཆོད།། གྲུ་ཤིང་མཚོ་འགྲམ་གཏོང་གི་ཕོ་གཞོན་འགས།།སྨྱུག་ཞྭའི་འོག་ན་སྡང་མིག་ཁྲག་གིས་འཚོས།།དཔའ་དམ་ཤག་སྒྲས་མི་སྲོག་གཅོད་མཁན་སྙམ།།མི་ལྡོམ་སེམས་སུ་སྐྲ་སྣང་ཁད་ཀྱི་སྐྱེས།། གཙང་བོའི་རླབས་རྒྱུན་རིང་མོའི་ཁུག་པ་ལ།།ཕོ་རྒོད་ཟུངས་ཁྲག་ཐིམ་པའི་གནའ་གཏམ་གདའ།།སྐམ་ཐོག་ཆུ་སྲིན་འབོད་པའི་ཆང་ཞུ་བ།།ལེང་ཧྲན་ཇག་པའི་མགོ་གཙོ་ཡིན་ནམ་ཅི།།
འཇའ་གུར་རྟེན་འབྲེལ་་ཉི་ཟླ་རང་ཤར།།
འཇའ་གུར་རྟེན་འབྲེལ་་ཉི་ཟླ་རང་ཤར།།ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།ཀ་དག་ངོ་བོ་དབྱིངས་ཆེན་ངང་ཉིད་ལས།།ལྷུན་གྲུབ་རང་བཞིན་འོད་གསལ་སྙིང་པོས་གར།།ཟུང་འཇུག་ཐུགས་རྗེའི་རྟེན་འབྲེལ་འཇའ་ལུས་དཔལ།།ཨེ་ཝཾ་སངས་རྒྱས་གུ་ཧྱེ་རྣམ་པར་རྒྱལ།།ཨེ་ཝཾ་རྟ་བདུན་དབང་པོས་རོལ་རྩེད་ངོམས།།ཨེ་ཝཾ་ཟླ་བ་གཞོན་ནུས་བདུད་རྩི་འཇོ།།ཨེ་ཝཾ་སྐར་ཚོགས་ཕྲ་མོ་སྤྲིན་བཞིན་བརྡལ།།ཨེ་ཝཾ་འཇའ་ཚོན་སྙིང་པོ་ཡི་གར་འོངས།།ཕྱི་ལྟར་སྦྲང་ཆར་ཀློང་ནས་དག་ཁྲུས་གསོལ།།ནང་དུ་འཇའ་འོད་རྟེན་འབྲེལ་མངོན་དུ་འཆར།།གསང་བ་གསང་སྔགས་འཇའ་ཚོན་དཀྱིལ་འཁོར་ཤར།།ཡང་གསང་བླ་མེད་དམ་གཙང་དགྱེས་དགུས་རྩེན།།ཉིན་མོ་འདི་ན་ཞི་གནས་བདེན་པའི་ཞིང་།།མཚན་མོ་འདི་ལ་ལྷིང་འཇགས་དགའ་མས་འཁྱུད།།ཉིན་མཚན་ཀུན་ཏུ་བདེ་ལེགས་ངང་དུ་འཚོ།།ཨེ་མ་སྐལ་བཟང་ཨེ་ཝཾ་འདུས་སྡེས་མཛེས།།གེ་སར་རྒྱལ་པོའི་བཞད་སྒྲས་ཁམས་གསུམ་འགུགས།།གསང་བ་ཡེ་ཤེས་དགྱེས་པས་བདེ་ཆེན་སྟེར།།དཔའ་བོ་མཁའ་འགྲོའི་བྲོ་གར་རི་ལུང་བསྐངས།།བདུད་བཞི་གཡུལ་ལས་རྒྱལ་བའི་རྒྱལ་རྔ་ ཕྱི་སྣོད་དག་པ་འཇའ་འོད་ཟང་ཐལ་དཔལ།།ནང་བཅུད་རྫོགས་པ་ཡེ་ཤེས་རྩལ་དགྱེས་པ།།གསང་ཆེན་འོད་སྐུར་བཞུགས་པའི་རྡོ་རྗེ་འཆང་།།ཀུན་བཟང་སྣང་བ་མཐའ་ཡས་ཨེ་མ་ཧོ།།སངས་རྒྱས་སྟོང་གི་སྐྱེད་ཚལ་རི་ལུང་ཀུན།།ཀུན་བཟང་འཇའ་འོད་སྣ་བཅུས་ཡོངས་སུ་གཏམས།།བྱིན་རླབས་སྦྲང་ཆར་འཇོ་བའི་བར་གསང་ནས།།དངོས་གྲུབ་ཉམས་རྟོགས་ཉ་གང་ཟླ་ལས་ལྷག།བྱམས་བརྩེ་ཕ་མ་ལས་ལྷག་སངས་རྒྱས་ཐུགས།།མན་ངག་བདུད་རྩི་ལས་ལྷག་དམ་ཆོས་གསུང་།།ལུས་སྦྱོང་སྟོང་ལས་ལྷག་པའི་བདེ་ཆེན་སྐུ།།དྲིན་ཆེན་བླ་མ་ཁྱེད་ཀྱིས་དཔལ་ལས་འཁྲུངས།།སངས་རྒྱས་འཁྲུངས་སྐར་ཚེས་པའི་སྟ་གོན་ཉིན།།སངས་རྒྱས་སྐྱེད་ཚལ་འཇའ་འོད་ཀློང་ནས་མཇལ།།སངས་རྒྱས་བསྟན་པ་རྒྱས་པའི་རྟེན་འབྲེལ་ཤར།།སངས་རྒྱས་ཡེ་ཤེས་ཀུན་གྱིས་རྟོགས་གྱུར་ཅིག།ཅེས་པ་འདི་ཡང་རབ་གནས་ས་ཕག་ས་ག་ཟླ་བའི་ཡར་ཚེས་དགེ་བ་སྟེ་སངས་རྒྱས་བཅོམ་ལྡན་འདས་འཁྲུངས་སྐར་གྱི་ཉིན་མོར་རྟེན་འབྲེལ་དགེ་བའི་ཕྱི་འཇའ་འོད། ནང་གི་ཉམས་རྟོགས། གསང་བ་བླ་མའི་བཀའ་དྲིན་དང་མཆེད་གྲོགས་ཀྱི་བརྩེ་དུང་གི་བསམ་ཡུལ་ལས་འདས་པའི་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བའི་སྐབས་སུ་གང་ཤར་དུ་ཨེ་ཝཾ་སངས་རྒྱས་སྟོང་གི་དགའ་ཚལ་ནས་རྒྱལ་ཁམས་པ་ཨེ་མ་ཧོས་དེ་ཉིད་དུ་བགྱིས་པར་དགེའོ།། །།
༧རྗེ་བཙུན་སྨྲ་བའི་སེང་གེའི་བསྟོད་པ་ཀུན་སྐྱོབ་མཐུ་ལྡན་གྱི་འགྲེལ་བ་ཉུང་ངུ་གསར་བུ་འཇུག་པའི་ལམ་བཟང་།
༧རྗེ་བཙུན་སྨྲ་བའི་སེང་གེའི་བསྟོད་པ་ཀུན་སྐྱོབ་མཐུ་ལྡན་གྱི་འགྲེལ་བ་ཉུང་ངུ་གསར་བུ་འཇུག་པའི་ལམ་བཟང་། ཨེ་མ་ཧོ། ཀུན་སྐྱོབ་མཐུ་ལྡན་བློ་གྲོས་གཏེར་འཛིན་སྨྲ་བའི་སེང་གེ་ཐུགས་རྗེ་ཅན། ཞེས་པས། ཨེ་མ་ཧོ་ནི་ངོ་མཚར་ཆེ་བའི་སྒྲ་སྟེ་གཟི་བརྗིད་ཀྱི་ཆེ་བ་འདོན་ཕྱིར་བསྟོད་ཚིག་གི་ཐོག་མར་དྲངས་ཏེ། ཁམས་གསུམ་འཁོར་བའི་གནས་སུ་ཟོ་ཆུ་བཞིན་བརྒྱུད་པའི་སེམས་ཅན་ཀུན་ལ་སྐྱབས་དང་སྐྱབས་པ་ཆེན་པོ་སྟེ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ངོགས་སྟོན་པའི་བྱིན་མཐུ་འམ་ནུས་པ་ལྡན་པ། ཇི་སྙེད་ཀུན་རྫོབ་ཀྱི་བོན་དང་ཇི་ལྟ་གནས་ལུགས་ཀྱི་བོན་སོགས་ཐམས་ཅད་གཟིགས་པའི་བློ་གྲོས་གང་གིས་སྤྱད་ཀྱང་འཛད་པ་མེད་པའི་གཏེར་གྱི་བང་མཛོད་འཛིན་ཞིང་། ཕྱི་ནང་གསང་བའི་ཐེག་སྒོ་གང་ཞིག་སྨྲ་བ་དང་དགྲོལ་བའི་གསུང་ལ་ཐོགས་རྡུགས་དང་འཇིགས་ཞུམ་མེད་པར་རྩལ་ཆེན་གྱི་སེང་གེ་ལྟ་བུའི་མཁྱེན་ཚད་ཀྱི་ཐུགས་དགོངས་དང་། འགྲོ་བ་ཀུན་ལ་བུ་གཅིག་གི་མ་ལྟར་བརྩེ་བའི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་བསྟན་པ་དང་། མཚན་དཔེ་རབ་རྫོགས་གུར་གུམ་མདོག་དམར་ཞལ་གཅིག་ཕྱག་གཉིས་འཛུམ་དང་ལྡན། ཞེས་པ། གང་དེའི་སྐུ་ལ་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་མ་ཚང་བ་མེད་པར་རབ་ཏུ་མངའ་ཞིང་ཡོངས་སུ་རྫོགས་པ་དང་། གུར་གུམ་ཆུན་པོའི་མདོག་བཞིན་དམར་སེར་གྱི་མདངས་རྒྱས་ཤིང་གཞོན་ཚུལ་གྱི་ཉམས་དང་ལྡན་པའི་ཞལ་གཅིག་དང་། དོ་མཉམ་བདེན་གཉིས་མཚོན་པའི་ཕྱག་ནི་རྣམ་པ་གཉིས་སུ་གནས་ཤིང་། དྲག་དང་ཁྲོ་བོའི་ངང་ཚུལ་ལས་རིང་དུ་འདས་ཏེ་ཞི་ཞིང་དུལ་བའམ་དགྱེས་པ་ཆེན་པོའི་བཞད་མཛུམ་དང་ལྡན་པ་དང་། སྟོང་གསུམ་ཀུན་གྲགས་སྒྲ་རྒྱལ་འབྲུག་གི་ཁྲི་ལ་རོལ་པའི་འགྱིང་བག་ཅན། ཞེས་པས། སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན། སྟོང་གསུམ་པ་མཐའ་ཐུག་གི་འཇིག་རྟེན་དང་གསུམ་སྟེ་འཇིག་རྟེན་ཀུན་ལ་སྙན་པའི་གྲགས་པ་ལྡིར་བའི་སྒྲ་ཡི་རྒྱལ་པོ་ཞེས་ངར་ཆེན་གཡུ་འབྲུག་གིས་བཏེགས་པའི་ཁྲི་འཕང་མཐོན་པོ་ལ་རོལ་པའམ་བཞུགས་པའི་གཟི་བརྗིད་འགྱིང་སྟབས་བག་ཕེབ་ཅིང་ཁོང་ལྷོད་པའི་ཚུལ་ཅན་དུ་གནས་ཤིང་། འཕྲུལ་ཆེན་ཡི་གེ་བཞི་བཅུས་རབ་སྤྲས་བཀྲ་གསལ་ནམ་བཟའ་ལེགས་པར་བགོས། ཞེས་པ། འཕྲུལ་གྱི་ཡི་གེ་ཆེན་མོ་སྟེ་ཞང་བོད་ཡི་གེ་ཀུན་གྱི་བྱུང་ཁུངས་སམ་མ་ཕྱི་དབྱངས་གསལ་བཞི་བཅུའི་གཟུགས་ཀྱི་རྣམ་པར་མཚན་པས་རབ་ཏུ་སྐྲས་པའི་དར་གྱི་སྟོད་གཡོག་སོགས་བཀྲ་ལ་གསལ་བའི་ནམ་བཟའ་སྐུ་ལ་ལེགས་ཤིང་འཚམ་པར་བགོས་པ་དང་། རྒྱུད་ལུང་མན་ངག་སྡེ་སྣོད་ཀུན་འབྱུང་གཏོ་ཡི་བཀའ་སྒྲོམ་རབ་ཏུ་འགེལ། ཞེས་སྟོན་པས་གསུངས་ཤིང་ཞུས་ལེན་དང་འབྲེལ་བའི་རྒྱུད་དང་། འཕགས་པས་བཀྲལ་ཏེ་གཏན་ཚིགས་སུ་ཆེ་བའི་ལུང་དང་། ཉུང་ལ་འདུས་ཤིང་མཛུབ་ཚུགས་སུ་སྟོན་པའི་མན་ངག་གི་སྡེ་གསུམ་པོ་གདུལ་བྱ་སྣོད་དང་ལྡན་པ་ཀུན་ལ་བྱུང་དང་འབྱུང་བའི་གཏོ་ཡི་བཀའ་སྒྲོམ་ཞེས་གསུང་རབ་ཀྱི་བཅུད་དུ་སྦ་བའི་སྣོད་སྒྲོམ་སྐུ་ཡི་རྒྱབ་ཕྱོགས་སུ་རབ་ཏུ་འགེལ་བའམ་འཁུར་བའི་རྣམ་ཅན་དང་། ཕྱག་གཡས་སྔོན་དམར་ཤེས་རབ་རལ་གྲིས་འཁྲུལ་རྟོག་བདག་འཛིན་རྩད་ནས་གཅོད། ཞེས་པས་ཕྱག་གཡས་ན་མཐིང་སྔོན་ནམ་མཁའི་མདངས་དང་ལྡན་ཞིང་རྩེ་མོར་དམར་ནག་མེ་རི་འབར་བས་བརྒྱན་པའི་ཤེས་རབ་ཀྱི་རལ་གྲི་རྣོན་པོས་འཁྲུལ་པའི་རྣམ་པར་རྟོག་པ་ཀུན་དང་རྩ་བ་བདག་གཞན་གཉིས་སུ་འཛིན་པའི་མ་རིག་བག་ཆགས་དང་བཅས་པ་རྩད་ནས་གཅོད་པའི་བརྡ་རུ་མཁའ་རུ་ཕྱར་བ་དང་། གཡོན་པའི་གསལ་བའི་སྒྲོན་མེས་འགྲོ་བ་མ་རིག་བློ་མུན་སེལ་བར་མཛད། ཞེས་པ། ཕྱག་གཡོན་པས་མེ་ཏོག་ཨུད་པ་ལའི་དཀྱིལ་དུ་གསལ་ལ་འོད་དུ་འཚེར་བའི་སྒྲོན་མེས་ཀུན་འབྱུང་ལས་ཉོན་དབང་གིས་འགྲོ་ཞིང་འཁྱམས་པའི་སེམས་ཅན་རྣམས་ཀྱི་ཡང་དག་གཤིས་ཀྱི་གནས་ལུགས་མ་རིག་རྨོངས་པའི་བློ་དབྱར་གྱི་ཤེའུ་མུན་འཁྲིག་པ་ལྟ་བུ་དེ་ཉིད་སྐད་ཅིག་ལ་སེལ་བར་མཛད་པ་དང་། གཡས་གཡོན་འཕྲག་གཉིས་འབར་བའི་ཉི་ཟླ་ཐབས་ཤེས་ཟུང་འབྲེལ་ཚུལ་དུ་བརྗིད། ཅེས་སྐུ་ཡི་གཡས་གཡོན་འཕྲག་གོང་གཉིས་སུ་མདངས་ཟེར་འོད་དུ་འབར་བའི་ཉི་མ་དང་ཟླ་བ་གཉིས་ཐབས་དང་ཤེས་རབ་ཡ་མ་བྲལ་བར་ཟུང་དུ་འབྲེལ་བའི་བརྡའམ་ཚུལ་དུ་བརྒྱན་ཅིང་བརྗིད་དང་ལྡན་པ། གཡུ་ཡི་ཟུར་ཕུད་རིགས་ཀྱི་རྟགས་སོགས་ཞི་རྒྱན་མཛེས་པའི་རྒྱན་གྱིས་བརྒྱན། ཞེས་པའི་དོན་དབུ་ལ་གཡུ་ཡི་ཟུར་ཕུད་ཅེས་སྔོ་ལྗང་གཡུ་འོད་འབར་བའི་རིན་པོ་ཆེའི་དབུ་རྒྱན་ལ་དབུས་ཀུན་སྣང་ཁྱབ་པ་གཙོས་བདེ་བར་གཤེགས་པ་རིགས་ཀྱི་ལྷ་ལྔ་འམ་གཡུང་དྲུང་སོགས་རིགས་རྟགས་ལྔ་ཡིས་མཚན་པའི་དབུ་རྒྱན་གསོལ་བ་ལ་སོགས་ཞི་བའི་ལྷ་རྒྱན་བཅུ་གསུམ་རྣམ་པར་མཛེས་ཤིང་བཀོད་པའི་ཕྲ་ཚོམ་དང་ཕྲེང་བའི་རྒྱན་གྱིས་སྤྲས་པའམ་བརྒྱན་པར་མཛད་པ། ལེགས་པ་ཀུན་འབྱུང་རྒྱལ་དང་རྒྱལ་སྲས་ཐམས་ཅད་འདུས་པའི་ངོ་བོ་ཉིད། ཅེས་པ། གནས་སྐབས་དང་མཐའ་ཐུག་གང་ལའང་ཕན་བདེ་ལེགས་པའི་ཡོན་ཏན་ཡོད་ཅོག་ཀུན་གྱི་འབྱུང་བའི་གནས་སུ་གྱུར་པ་ཕྱོགས་བཅུ་མུ་མཐའ་མེད་པ་ན་བཞུགས་པའི་རྒྱལ་བ་སྟེ་སངས་རྒྱས་དང་རྒྱལ་སྲས་གཡུང་དྲུང་སེམས་དཔའ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་སྟོབས་གཅིག་ཏུ་འདུས་པའི་ངོ་བོ་འམ་བདག་ཉིད་དུ་གྱུར་པ། མཐའ་རིང་འཁོར་བའི་རྒྱ་མཚོ་འདི་ལས་ཉེ་བར་སྒྲོལ་མཛད་ཕྲིན་ལས་ཅན། ཞེས་གཏིང་མཐའ་མི་མངོན་ཞིང་བཞུར་རྒྱུན་རིང་ལ་ཟད་པ་མེད་པ་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ཆེན་པོ་འདི་ལྟ་བུ་ལས་མི་འགྱང་ཉེ་བར་གཏན་བདེའི་སྐམ་ས་རུ་སྒྲོལ་བར་མཛད་པའི་རྣམ་བཞིའི་ཕྲིན་ལས་འགག་པ་མེད་པའི་བདག་ཉིད་ཅན་གང་དེར། ལུས་ངག་ཡིད་གསུམ་སྒོ་ནས་དྭངས་པས་ཁྱེད་ལ་རབ་ཏུ་ཕྱག་བགྱིས་པས། ཞེས་པས་གུས་པ་ལུས་ཀྱི་ཕྱག་དང་བསྟོད་དབྱངས་ངག་གི་ཕྱག་དང་དགའ་དད་ཡིད་ཀྱི་ཕྱག་གསུམ་གྱི་སྒོ་ནས་ཚུལ་འཆོས་ཀྱི་དྲི་མས་མ་གོས་པས་ན་དྭངས་བ་སྟེ་མགོན་པོ་ཁྱེད་ལ་གུས་པ་ཆེན་པོས་རབ་ཏུ་འམ་ཡང་དག་པའི་ལྷ་ཕྱག་ལན་གྲངས་མང་དུ་བགྱིས་ཤིང་འཚལ་བས་ན། མི་ཕམ་རྒྱལ་མཛད་དགྱེས་པའི་ཞབས་པད་བདག་གི་སྤྱི་བོར་མྱུར་དུ་ཞོག ཅེས་འཁོར་བའི་གཡུལ་ས་ཆེན་པོ་འདིར་མི་ལྟུང་བའམ་ནམ་ཡང་ཕམ་པ་མེད་པར་གཏན་དུ་རྒྱལ་བར་མཛད་པའི་ཐུགས་ཉིད་དགྱེས་ཤིང་བྱམས་པ་ཆེན་པོའི་ཚུལ་གྱིས་སྐུ་ཡི་ཞབས་ཟུང་དྲི་མེད་པད་མོ་ལྟ་བུ་གང་དེ་སྐྱབས་ཞུ་བ་པོ་བདག་གི་སྤྱི་བོར་ཡུན་ཏུ་མི་ཐོགས་པར་མྱུར་བ་ཉིད་དུ་ཞོག་ཅིག་ཅེས་བསྐུལ་བ་དང་། དམ་པ་སྨད་པའི་ལས་རྣམས་གང་བགྱིས་སྤྱན་སྔར་བཤགས་སོ་བཟོད་པར་གསོལ། ཞེས་པས་བསྟོད་པར་འོས་པའི་ཡུལ་དམ་པ་སུ་ལའང་སྒྲོ་སྐུར་དང་འཕྱ་སྨོད་བྱས་པས་སྡིག་པའི་ལས་ངན་གྱི་ཚོགས་རྣམས་ཕྲ་རག་གང་ཞིག་རང་གིས་བགྱིས་པ་དང་གཞན་ལ་བགྱིད་དུ་བསྩལ་བ་ཅི་བྱས་པ་ཐམས་ཅད་ཁྱེད་ཀྱི་སྤྱན་སྔར་རམ་མདུན་དྲུང་དེར་མི་འཆབ་གནོང་འགྱོད་སེམས་ཀྱིས་བཤགས་སོ་ཞེས་ཉེས་སྐྱོན་བགྲང་ཞིང་ཁེངས་བསྐྱུངས་བའི་སྒོ་ནས་བཟོད་པར་གསོལ་ཏེ་ཉེས་བྱས་བསྡོམ་པ་དང་། ཕུན་ཚོགས་ལྡན་ཀྱང་དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ་ལོ་ཐུགས་རྗེས་བཞེས། ཞེས་པ། གང་ན་བཞུགས་པའི་ཞིང་དུ་འཕོངས་པ་མེད་པར་དགོས་རྒུ་ཕུན་སུམ་ཚོགས་པའི་གཏེར་དང་ལྡན་པ་ལགས་མོད་ཀྱང་བདག་གཞན་འགྲོ་བ་རྣམས་ཀྱིས་དངོས་སུ་འབྱོར་བ་དང་ཡིད་ཀྱིས་དམིགས་ཤིང་སྤྲུལ་ཏེ་མཆོད་པའི་ཚོགས་སུ་བསགས་པ་འདི་རྣམས་འབུལ་ལོ་ཞེས་བློས་བླངས་ཏེ་ཕུལ་བ་ཡིན་པས་ཐུགས་ཀྱིས་མི་འདོར་བར་རྗེས་སུ་ཆགས་པའི་ཚུལ་གྱིས་བཞེས་ཞེས་མཆོད་པ་དང་། ཉིན་མཚན་ཀུན་ཏུ་འདུན་པས་བསམ་ཀྱང་ད་རུང་ཁྱེད་ཀྱི་ཐུགས་རྗེའི་ཤུགས། ཞེས་ཉིན་དང་མཚན་ལ་སོགས་དུས་དང་རྣམ་པ་ཀུན་ཏུ་དད་འདུན་མོས་པས་ཁྱེད་ཉིད་ཡིད་ལ་སྒོམ་ཞིང་བསམ་མོད་ཀྱང་ད་དུང་ངམ་ད་རུང་སྨྲ་དབང་ཁྱེད་ཀྱི་ཐུགས་རྗེ་ཞེས་མཁྱེན་བརྩེའི་ནུས་ཤུགས་གང་ཞིག་མངའ་བ་དེ་ལྟར་ནའང་། ཅུང་ཟད་མེད་སྙམ་འོན་ཀྱང་བདག་གི་ཉེས་པའི་སྐྱོན་གྱི་སྒྲིབ་པ་ཟད། ཅེས་པས་ཁོ་བོའི་རྒྱུད་ལ་གང་དེའི་ཆ་ཤས་ཅུང་ཟད་ཙམ་ཡང་ཐོབ་པར་མ་ནུས་པའམ་མེད་པར་སྙམ་བཞིན་མཆིས་ན། འོན་ཏེ་སླད་ཕྱིན་ཆད་ཀྱང་བདག་གི་སྒོ་གསུམ་གྱི་སྡིག་པ་མི་དགེས་ཉེས་ཤིང་བསགས་པའི་སྐྱོན་གྱི་ཚོགས་ཀུན་ནས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་རགས་དང་བཅས་པ་འདི་རྣམས་དག་ཅིང་ཟད་པའི་ཕྱིར་དུ། རབ་འབྱམས་ཤེས་བྱའི་ཚོགས་ཀུན་ཀུན་གསལ་བློ་གྲོས་བདག་ལ་མྱུར་དུ་སྩོལ། ཞེས་ཤིན་ཏུ་རྒྱ་ཆེ་ལ་རབ་ཏུ་མུ་མཐའ་མེད་པར་འབྱམས་སུ་ཀླས་པའི་ཤེས་པར་བྱ་བའི་ཚོགས་ཏེ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་བོན་ཀུན་ལུས་པ་མེད་པ་ཀུན་ནས་ཡོངས་སུ་ཤེས་ཤིང་གསལ་བའི་བློ་གྲོས་རིག་རྩལ་ཅི་མཆིས་པ་རྣམས་མི་ཤེས་རྨོངས་པ་བདག་གི་རྒྱུད་ལ་གཡེལ་བ་མེད་པར་མྱུར་བ་ཉིད་དུ་བསྩལ་བར་མཛད་དུ་གསོལ་ཞེས་པ་དང་། བདག་ལ་མགོན་བྱེད་རེ་ས་ཁྱེད་ལས་ལྷག་པའི་གཞན་ལ་སུ་མེད་པས།…
༧མཁས་དབང་དམ་པ་དོལ་པོའི་སྤྲུལ་སྐུ་ཨོ་རྒྱན་ཆོས་དབྱིངས་རྡོ་རྗེ་
༧མཁས་དབང་དམ་པ་དོལ་པོའི་སྤྲུལ་སྐུ་ཨོ་རྒྱན་ཆོས་དབྱིངས་རྡོ་རྗེ་རིན་པོ་ཆེའི་ཞབས་བརྟན་སྨོན་གསོལ་ཀུན་བཟང་མེ་ཏོག།ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ།།ཨོ༵་རྒྱན༵་མཚོ་སྐྱེས་རྡོ་རྗེས་ཐུགས་རྗེའི་དཔལ།།ཆོས༵་དབྱིངས༵་སྤྲོས་བྲལ་ངང་ནས་མ་གཡོས་བཞིན།།ཡེ༵་ཤེས༵་སྒྱུ་འཕྲུལ་རོལ་བའི་སྤྲུལ་པའི་སྐུ།།སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།སྔ་འགྱུར་ཀུན་མཁྱེན་ཡབ་སྲས་མི་ཕམ་རྗེའི།།ལེགས་བཤད་གཏེར་མཛོད་དཔལ་ལ་དབང་འབྱོར་ཞིང་།།གཟུངས་སྤོབས་འཆད་རྩོམ་སྤེལ་བའི་ཕྲིན་ལས་ཅན།།དོལ་པོའི་མཆོག་སྤྲུལ་དམ་པ་ཞབས་བརྟན་ཤོག།ཚུལ་ཁྲིམས་རྣམ་དག་གནས་བརྟན་དགེ་སློང་རྗེ།།ཏིང་འཛིན་ཡང་དག་བྱང་ཆུབ་སེམས་དཔའ་ཆེ།།ཤེས་རབ་ཀུན་བཟང་རིག་འཛིན་རྣལ་འབྱོར་པ།།གསུམ་ལྡན་རྡོ་རྗེ་འཆང་དབང་ཞབས་བརྟན་ཤོག།སྐུ་ཚེ་བརྟན་པ་ཚེ་མཐའ་ཡས་དང་མཉམས།།གསུང་ཆོས་ཁྱབ་བརྡལ་རྫོགས་ཆེན་བསྟན་པ་སྤེལ།།ཐུགས་རྗེ་ཨོ་རྒྱན་ཆོས་དབྱིངས་རྡོ་རྗེའི་དཔལ།།འཁོར་འདས་རྒྱན་ཏུ་རྟག་ཏུ་འཚོ་བཞེས་གསོལ།།ཞེས་པ་འདི་ཡང་རབ་གནས་ས་ཕག་ས་ག་ཟླ་བའི་དབང་ཚེས་རྒྱལ་བ་གསུམ་པར་མཁས་དབང་དམ་པ་གང་གི་ལྟ་ཕྱོགས་ཀྱི་འབེལ་གཏམ་ཟུར་ཙམ་ཉན་པའི་མོད་ལ་ལོ་སྔོན་ནས་རིག་འཛིན་ནམ་མཁའ་རྫོང་དུ་ཞི་དུལ་འཕགས་ནོར་བདུན་ལ་རང་བྱན་ཆུབ་པའི་སྤྲུལ་པའི་སྐུ་མཇལ་བ་དེ་ལྷང་ངེར་ལྷམ་མེར་ལྷན་ནེར་དྲན་པའི་མོད་ལ་མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་བཞེད་དོན་ཡིད་བཞིན་འགྲུབ་པའི་བདེན་ཚིག་ཏུ་ཤྲཱིཿཨེ་མ་ཧོས་ཨ་རིའི་ཨེ་ཝཾ་བོད་སྙིང་ཆོས་ཚོགས་ཁང་ནས་བགྱིས་པར་དགེའོ།། །། སྤྱི་ལོ་༡/༦/༢༠༡༩ལ།།་