གླུ།
གླུ།འཇའ་སྣ་ལྔའི་འོད་ལམ་ཟེར་ཐགས་ནས།།ཡུམ་ཆེན་མོ་མཇལ་བའི་རྟེན་འབྲེལ་ཡག།ཆོས་སྙན་མོ་གླུ་རུ་ལེན་པའི་ཚེ།།མ་མཁའ་འགྲོའི་བྲོ་རར་ཕྱིན་པར་འདྲ།།དབྱར་ས་ག་ཟླ་བའི་དུས་ཆེན་ལ།།གནས་སངས་རྒྱས་སྟོང་གི་སྐྱེད་ཚལ་ན།།ཆོས་ཤེས་རབ་སྙིང་པོའི་ཆོས་འཁོར་བསྐོར།།མགོན་བླ་མ་ཁྱེད་ཀྱི་བཀའ་དྲིན་ཡིན།།དཔལ་མཁའ་འགྲོ་རྗེ་བཙུན་མ་ལ་དད།།ཡུལ་ངེས་མེད་འཁྱམ་པའི་གཅིག་པུ་བར།།དྲིན་མ་ལོ་དྲན་པའི་སྣང་བརྙན་དེས།།སེམས་གཉུག་མའི་ནང་གི་གསང་གཏམ་བཤད།།ཕ་བླ་མ་མཆོད་པའི་མཎྜལ་ཕུལ།།ཕྱོགས་རྣམ་པར་རྒྱལ་བའི་རྒྱལ་གླུ་བླངས།།མཆེད་རྡོ་རྗེའི་ནང་གྲོགས་དགྱེས་པའི་གཏམ།།རྗེ་སངས་རྒྱས་དྲན་པའི་དུས་དྲན་ལགས།།ཤྲཱིཿཨེ་མ་ཧོས
སྟབས་གཅིག་ཏུ་སྤྲུལ་སྐུ་གཉིས་ལ་འཁྲུངས་སྐར་བསུ།།
སྟབས་གཅིག་ཏུ་སྤྲུལ་སྐུ་གཉིས་ལ་འཁྲུངས་སྐར་བསུ།།ཨེ་མ་ཧོ།།ཆོས་བརྒྱད་སྐྱོན་གྱིས་མ་གིས་མཁས་པ་གཉིས།།ལུས་ངག་ཚུལ་འཆོས་དབེན་པའི་དྲང་སྲོང་གཉིས།།འཇིགས་མེད་རྟུལ་ཞུགས་སྤྱོད་པའི་སྔགས་འཆང་གཉིས།།འཛམ་གླིང་མཛེས་པའི་སྤྲུལ་སྐུ་རྣམ་གཉིས་རྒྱལ།།སྐུ་ཚེ་བརྟན་ཅིང་འགྲོ་དོན་ལྷུན་གྱིས་གྲུབ།།གསུང་ཆོས་འཁོར་འདས་བདེན་པའི་རང་བཞིན་སྟོན།།ཐུགས་རྗེས་བསྟན་དང་འགྲོ་ལ་དགོངས་པ་ཅན།།འཁྲུལ་མེད་སྤྲུལ་སྐུ་རྣམ་གཉིས་ཞབས་བརྟན་ཤོག།ཅེས་པ་རབ་གནས་ས་ཕག་ས་ག་ཟླ་བའི་ཉ་གང་ལ་གཙང་བ་གྲུབ་ཆེན་རིག་མཆོག་དང་འཇམ་དབྱངས་མཁྱེན་བརྩེ་གཉིས་ཀ་དུས་ཆེན་སུམ་འཛོམས་པ་འཁྲུངས་པའི་རྟེན་འབྲེལ་བདེ་ལེགས་སུ་ཨེ་མ་ཧོས་མཁས་དབང་དམ་པ་མཁན་པོ་གནམ་ལྕགས་རྡོ་རྗེས་དྲན་སྐུལ་དུ་བགྱིས་པས་བྲིས་པར་དགེའོ།། །།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བཞུགས་སོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བཞུགས་སོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། བྷ་ག་ཝྰ་ཏི་པྲ་ཛྙྰ་པ་ར་མི་ཏྰ་ཧྲྰི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་དང་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་པའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤྰ་རིའི་བུས་བྱང་ཆུབ་སེམས་པ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་པ་སེམས་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤྰ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། ཤྰ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོགང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པ་འདོད་པ་དེས འདི་ལྟར རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། སྟོང་ཉིད་གཟུགས་སོ། གཟུགས་ལས་ཀྱང་སྟོང་ཉིད་གཞན་མ་ཡིན་ནོ། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །བཙུན་པ་ཤྰ་རིའི་བུ་དེ་ལྟ་བས་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། ཤྰ་རིའི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེད་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད།ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མེད། འདིར་ཤེས་རབ་ཟེར་བ་བོད་དཔེ་ལ་འབྱུང་ཡང་རྒྱ་དཔེར་མི་སྣང་།ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤྰ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟར་བས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། །མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ་། ཏདྱ་ཐྰ། འདི་ལྟ་སྟེ ཨོཾ་ག་ཏེ་ག་ཏེ་ གཤེགས་མ་གཤེགས་མ་ པྰ་ར་ག་ཏེ་ ཕ་རོལ་ཏུ་གཤེགས་མ་ པྰ་ར་སཾ་ག་ཏེ་ ཕ་རོལ་ཏུ་ཡང་དག་པར་གཤེགས་མ་བྷོ་དྷི་སྭྰ་ཧྰ།…
༄༅།།ཨེ་ཝཾ་སངས་རྒྱས་སྟོང་གི་སྐྱེད་ཚལ་ལ་བསྔགས་པ་ ཀུན་བཟང་ནམ་མཁའ་ཀུན་ཁྱབ་ཅེས་བྱ་བ།། ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་གུ་ཧྱ་ཡེ།།
༄༅།།ཨེ་ཝཾ་སངས་རྒྱས་སྟོང་གི་སྐྱེད་ཚལ་ལ་བསྔགས་པ་ཀུན་བཟང་ནམ་མཁའ་ཀུན་ཁྱབ་ཅེས་བྱ་བ།།ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་གུ་ཧྱ་ཡེ།།༼༡༽བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སངས་རྒྱས་ཀྱི་ཞིང་ཁམས།།མཐའ་ཡས་ཕན་བདེའི་ཕྲིན་ལས་འགྲོ་ཁམས་ལ་འཕོ་བ།།བགྲང་ཡང་ཚོགས་གཉིས་གནས་སུ་རྟེན་འབྲེལ་དུ་སྣང་བ།།གཞལ་ཡས་ཁང་གི་ཡུམ་ཆེན་མ་སྒོམ་ཡང་མཇལ་སོང་།།༼༢༽སྣང་སྲིད་རྣམ་དག་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར།།སྲིད་ཞི་ཀུན་ཁྱབ་གདལ་པའི་རྣམ་སྣང་གི་མཆོད་སྤྲིན། །མི་ཟད་ནམ་མཁའ་མཉམ་པའི་བདེ་ཆེན་གྱི་རོལ་བ།།གང་འདོད་ལོངས་སུ་སྤྱོད་པའི་སྐལ་བཟང་ང་སྐྱིད་པ།།༼༣༽སྣང་བ་སངས་རྒྱས་སྟོང་གི་སྐྱེད་ཚལ་གྱིས་མཛེས་པ།།སྲིད་པ་ཡེ་ཤེས་མཁའ་འགྲོའི་ཚོགས་འཁོར་དུ་ཤར་བ།།སྣང་སྲིད་རྣམ་དག་སངས་རྒྱས་ཡེ་ཤེས་ཀྱི་རྟེན་འབྲེལ།།རིག་པ་རྟུལ་ཞུགས་གསང་བའི་སྒྲུབ་ཆེན་ལ་ཕྱིན་སོང་།།༼༤༽ཡབ་མཆོག་རྡོ་རྗེ་འཆང་ཆེན་གསང་སྔགས་ཀྱི་བསྟན་འཛིན།།ཟབ་གསང་གཅོད་ཡུལ་བརྒྱུད་པའི་དབང་བསྐུར་གྱི་སྤྲིན་ཆེན།།སྐལ་བཟང་དགའ་བདེ་རྒྱ་མཚོའི་རླབས་ཕྲེང་དང་འདྲིས་ཏེ།།སྣང་བཞི་མཐར་ཕྱིན་རྫོགས་པའི་དངོས་གྲུབ་དེ་ཐོབ་སོང་།།༼༥༽རྗེ་བཙུན་མ་གཅིག་གྲུབ་པའི་རྒྱལ་མོ་ཡི་བྱིན་རླབས།།སྙན་འགྱུར་ཚོགས་གླུ་ཕུལ་མཁས་སངས་རྒྱས་ཀྱི་ཡུམ་ཆེན།།རྣལ་འབྱོར་རྟུལ་ཞུགས་སྤྱོད་པའི་རྟེན་འབྲེལ་འདི་མཇལ་ཚེ།།རྨད་བྱུང་སྒྱུ་འཕྲུལ་དྲྭ་བར་ལྷུན་གྲུབ་ཏུ་ཕྱིན་སོང་།།༼༦༽ནམ་མཁའ་རང་ཤར་སྣ་ལྔའི་འཇའ་འོད་ཀྱི་གཏམས་ཞིང་།།བར་སྣང་སྦྲང་ཆར་ཟིལ་མ་སིལ་སིལ་དུ་འབབ་བཞིན།།གང་དགའ་ཚོགས་ལ་རོལ་བའི་དགྱེས་ཉམས་ལ་སྤྱོད་པས།།བསྐལ་བཟང་སངས་རྒྱས་སྟོང་གི་གདན་ས་ལ་འཛོམས་སོང་།།༼༧༽ངོ་མཚར་ཀུན་བཟང་སྤྲིན་ཆེན་འདོད་ཡོན་གྱི་རོལ་གར།།དགེ་ལེགས་སྣ་ཚོགས་སྣང་བའི་སྤྲུལ་བསྒྱུར་ཀྱི་སྤྲོས་པས།།མི་ནུབ་གདུགས་དཀར་གཡོ་བའི་ཕྲིན་ལས་ཀྱི་གཟི་དཔལ།།གསང་ཆེན་བསྟན་པའི་རྒྱལ་མཚན་ཕྱོགས་མཐའ་རུ་བསྒྲིངས་སོ།།༼༨༽བཀྲ་ཤིས་ཆོས་དུང་དཀར་པོའི་དབྱངས་སྙན་གྱིས་བསྐུལ་ཏེ།།བདེ་ལེགས་གསེར་ཉས་རྒྱན་པའི་སྒྲུབ་ཁང་དུ་འཚོགས་ནས།།ཕུན་ཚོགས་ཚོགས་ཀྱི་འཁོར་ལོའི་རྩིབས་སྟོང་གིས་མཛེས་ཕྱིར།།ཨེ་ཝཾ་བརྟན་གཡོའི་བུམ་བཟང་བདུད་རྩི་ཡིས་གང་སོང་།།༼༩༽དཔལ་ལྡན་ཉིན་མོར་བྱེད་པའི་དཔལ་བེའུ་ཡི་རི་མོ།།སྲིད་ཞིའི་དགེ་མཚན་རང་བྱུང་ཡིད་བཞིན་གྱི་ནོར་བུ།།པདྨ་གེ་སར་རྒྱན་པའི་སྐྱེད་ཚལ་གྱི་བཀོད་པ།།གསང་གསུམ་བདེ་མཆོག་དགྱེས་པའི་དངོས་གྲུབ་དེ་བརྟས་སོང་།།༼༡༠༽ཕྱི་སྣང་ཆོས་ཅན་གནམ་ལྕགས་མཁའ་རྫོང་གིས་བརྗིད་ཅིང་།།ནང་སེམས་ཆོས་ཉིད་དབྱིངས་ཆེན་འོད་གསལ་གྱི་སྙིང་པོ།།གསང་བ་ཡེ་ཤེས་མཁའ་འགྲོའི་བསྙེན་སྒྲུབ་ལ་བརྩོན་པའི་།།ཡང་གསང་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་དགའ་སོང་།།༼༡༡༽སྔ་འགྱུར་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་མཐུ་སྟོབས།།བཀའ་གཏེར་ནོར་བུའི་བང་མཛོད་གཏད་རྒྱ་ལ་དབང་ནས།།ཕྲིན་ལས་ཀུན་ཁྱབ་ཀུན་བཟང་ཀུན་ཕན་དུ་བརྡལ་ཞིང་།།མ་ལུས་འགྲོ་ཀུན་འདྲེན་པའི་དེད་དཔོན་དུ་གྱུར་སོང་།།ཞེས་པ་འདི་ཡང་རབ་གནས་ས་ཕག་ས་ག་ཟླ་བའི་ཡར་ཚེས་དགེ་བ་འམ་ངོས་ཉིད་འཇིག་རྟེན་འདིའི་དཀར་ངོགས་དང་པོ་མཐོང་བའི་ཉི་མ་ལ་རྨི་ལམ་མཚན་ཅན་རྨིས་པའི་གསང་བ་དང་། ༧རྗེ་བཙུན་རྣལ་འབྱོར་མ་འཇམ་དབྱངས་དཔལ་མོས་བཀའ་མོལ་ལ་བརྟེན། རྟེན་འབྲེལ་ལེགས་ཚོགས་འཛོམས་པས་ཨེ་ཝཾ་སངས་རྒྱས་སྟོང་གི་སྐྱེད་ཚལ། རྒྱལ་བའི་ཡུམ་ཆེན་མོའི་སྐུ་མདུན་ནས་གང་ཤར་དུ་རང་རིག་འོད་གསལ་སྙིང་པོའི་དག་སྣང་སྒྱུ་འཕྲུལ་དྲྭ་བའི་ཡིད་མཚོ་ལས་རྡོལ་བ་བཞིན་དུ་རིག་འཛིན་འཇམ་དཔལ་དགྱེས་པ་རྡོ་རྗེ་འམ་ཨེ་མ་ཧོ་རུ་འབོད་པས་དེ་ཉིད་དུ་བགྱིས་པས་འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ།། །།
མཁན་ཆེན་རྣམ་གཉིས་སྐུ་ཚེ་རིང་།
མཁན་ཆེན་རྣམ་གཉིས་སྐུ་ཚེ་རིང་།༡མཁྱེན་པའི་དབང་ཕྱུག་དམར་སེར་གཞོན་ནུ་བ།།བརྩེ་བའི་བདག་ཉིད་ཕྱག་ན་པད་དཀར་འཛིན།།ནུས་པའི་མཐུ་སྟོབས་ལག་ན་རྡོ་རྗེ་ཡིས།།དགེ་མཚན་ལེགས་པའི་མེ་ཏོག་འཐོར་གྱུར༵་ཅི༵ག།༢སྤྱི་གཙུག་ཟླ་བ་འཛུམ་པའི་ལང་ཚོ་ཅན།།ཤེལ་དཀར་པི་ཝང་སྟོང་ཉིད་སྒྲ་དབྱངས་མ།།སྲིད་ཞིའི་ལེགས་ཚོགས་འགུག་པའི་རིག་བྱེད་ལྷ།།ཚངས་སྲས་ངག་གི་བུ་མོས་ཤིས་གྱུར༵་ཅི༵ག།༣ཡ་གླིང་འཛིན་མའི་ཐིག་ལེ་གངས་ལྡན་རི།།ཡབ་མེས་གདོང་དམར་སྤྲེའུ་བྱང་ཆུབ་རིགས།།རྣམ་དཀར་ཆོས་ཀྱི་ལེགས་ཚོགས་འཕེལ་བའི་ཞིང་།།ལུགས་གཉིས་གཙང་མས་ཀུན་ནས་ཤིས་གྱུར༵་ཅི༵ག།༤འདི་ན་རིགས་སྲས་གཙང་མའི་མི་བུ་ཟུང་།།ལང་ཚོའི་མེ་ཏོག་ན་ཕྲ་ཤེས་རིག་གི།སྒོ་ཐེམ་གཅིག་ལ་སྤོ་བའི་སློབ་བུ་གཉིས།།མདངས་བརྩེ་མི༵་འ༵གྱུར་པདྨ་དཀར་པོ་ཡི༵ན།།༥དང་པོར་འཛུམ་གྱིས་ཁེངས་བའི་མེ་ཏོག་ཟུང་།།བར་དུ་རྡོ་རྗེ་ཆོས་ཀྱི་སྤུན་གྲོགས་ཟུང་།།ཐ་མར་ཐུགས་འདུན་གཅིག་པའི་སློབ་དཔོན་ཟུང་།།བརྩེ་བ་མི༵་འ༵གྱུར་གསེར་གྱི་ཟམ་པ་ཡི༵ན།།༦མེས་པོའི་ཀ་ཁ་ག་ངའི་གདངས་དབྱངས་གཅིག།མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གཅིག།དམ་ཆོས་བདུད་རྩིར་རོལ་བའི་ལས་སྐལ་གཅིག།སྨོན་འདུན་མི༵་འ༵གྱུར་གངས་ཀྱི་ལྷུན་པོ་ཡི༵ན།།༧རིགས་བརྒྱའི་ཁྱབ་བདག་བླ་མའི་ཐུགས་ཀྱི་བུ།།ངུར་སྨྲིག་རྒྱལ་མཚན་གསོལ་བའི་བཙུན་ཆུང་ཟུང་།།ཐོས་བསམ་ནོར་གྱིས་ཕྱུག་པའི་རིག་སྨྲ་བ།།དམ་བཅའ་མི༵་འ༵གྱུར་ཐུགས་འདུན་ཨ་ལོང་ཡི༵ན།། ༨བསྟན་ལ་ལྷག་བསམ་དཀར་བ་དུང་གི་ཟླ།།འགྲོ་ལ་སྙིང་རྗེ་དཀར་བ་འོ་མའི་མཚོ།།ཀུན་ལ་བརྩེ་སེམས་དཀར་བ་ལྷ་ཡི་དར།།དུངས་སེམས་མི༵་འ༵གྱུར་དངུལ་གྱི་མེ་ཏོག་ཡི༵ན།།༩རྨོངས་སད་ཞོགས་པའི་དྲིལ་བརྡ་གཅིག་ལ་འཕྲེངས།།རྟོགས་སད་རིག་པའི་རྒྱངས་གླུ་མཉམ་དུ་བཞེངས།།ཉམས་སད་ཆོས་ཉིད་རིག་པའི་རྩལ་ལ་དགྱེས།།ནང་སེམས་མི༵་འ༵གྱུར་གསེར་གྱི་ཁྱུང་ཆེན་ཡི༵ན།། ༡༠སྐད་ཡིག་ཟུང་འཇུག་རིས་འགྲེལ་མིང་གི་མཛོད།།གནའ་དེང་ཟུང་འཇུག་འཚེ་མེད་ལུགས་གཉིས་སྲོལ།།མདོ་སྔགསས་ཟུང་འཇུག་ཐེག་གསུམ་འགལ་མེད་རྟོགས།།ལྟ་གྲུབ་མི༵་འ༵གྱུར་གངས་ཀྱི་སེང་གེ་ཡི༵ན།།༡༡སྐད་གཉིས་ཐོགས་མེད་སྨྲ་བའི་ལོ་ཙཱ་བ།།ཚན་རྩལ་ལྟ་གྲུབ་གླེང་བའི་བསམ་བློ་བ།།ཞི་དུལ་རྒྱན་གྱིས་མཛེས་པའི་འདུལ་འཛིན་པ།།རང་ཚུགས་མི༵་འ༵གྱུར་རྒྱ་སྟག་དར་མ་ཡི༵ན།།༡༢མཁས་པའི་སྙན་པ་འཛམ་གླིང་ཤར་ནུབ་ཁྱབ།།བཙུན་པའི་མིག་དཔེ་གངས་ཅན་རི་ན་འཕགས།།བཟང་པོའི་མཛད་པ་མི་ནུབ་རྒྱལ་མཚན་ཆེ།།ནམ་ཡང་མི༵་འ༵གྱུར་སྙན་གྲགས་འབྲུག་སྒྲ་ཡི༵ན།།༡༣འཛམ་གླིང་གོ་ལ་ཅན་དུ་གྱུར་ན་ཡང་།།མཇལ་འཕྲད་ལག་འཇུ་དྲོན་མོ་ཡོད་ན་ཡང་།།ནང་སེམས་གཡོ་སྒྱུའི་ཁུག་མ་ཆེན་པོ་ཞིག།མཆོ༵ག་གཉི༵ས་མཇལ་འཕྲད་མཛའ་མཐུན་མེ་ཏོག་ཡི༵ན།།༡༤མི་རིགས་འཆམ་མཐུན་ཅན་དུ་གྱུར་ན་ཡང་།།སྐྱིད་སྡུག་ལག་རྡང་གཅིག་ཏུ་འདྲེས་ན་ཡང་།།ནང་སེམས་ཕྱོགས་ཞེན་གཡོ་སྒྱུའི་རྒྱ་མ་ཞིག།མཆོ༵ག་གཉི༵ས་འཆམ་མཐུན་བདེན་པའི་ལམ་བུ་ཡི༵ན།།༡༥སྤྱི་ཚོགས་འདྲ་མཉམ་ཁེ་དབང་གཅིག་ན་ཡང་།།ཕོ་མོ་འདྲ་མཉམ་ལས་དབང་གཅིག་ན་ཡང་།།ནང་སེམས་རྫུན་གྱི་རྨི་ལམ་འཐུག་པོ་ཞིག།མཆོ༵ག་གཉི༵ས་འདྲ་མཉམ་གསལ་བའི་མེ་ལོང་ཡི༵ན།། ༡༦འགའ་ཞིག་རྙིང་ཞེན་གཏན་ཚུགས་ཆེ་ན་ཡང་།།འགའ་ཞིག་གསར་བྱུང་བསམ་བློ་གསར་ན་ཡང་།།ནང་སེམས་ཕྱོགས་ལྷུང་རྐང་བ་ཡ་གཅིག་པ།།མཆོ༵ག་གཉི༵ས་གསར་རྙིང་འགལ་མེད་རྐང་གཉིས་ཡི༵ན།།༡༧གསར་རྙིང་རྩོད་པའི་དུས་རབས་བརྒལ་ན་ཡང་།།ཆོས་སྲིད་རྩོད་པའི་སྲོལ་ངན་ནུབ་ན་ཡང་།།ནང་སེམས་ཆགས་སྡང་མེ་ལྕེ་ནད་པ་ཞིག།མཆོ༵ག་གཉི༵ས་རིས་མེད་ལྟ་གྲུབ་སྒམ་དཀྱེལ་ཡི༵ན།།༡༨སྐད་ཡིག་དགོས་མེད་སྨྲ་བ་མང་ན་ཡང་།།ཆོས་ལུགས་མཁོ་མེད་ལྟ་བ་མོད་ན་ཡང་།།ནང་སེམས་རྨོངས་པའི་མུན་པའི་མཚན་ཞགས་ཤིག།མཆོ༵ག་གཉི༵ས་རྟོགས་སད་རིག་པའི་དཔའ་བོ་ཡི༵ན།།༡༩རྙིང་བ་ལྷ་ཡི་སྲོལ་དུ་འཛིན་ན་ཡང་།།གསར་བ་བདུད་ཀྱི་འཕྲུལ་དུ་སེམས་ན་ཡང་།།ནང་སེམས་འགལ་འདུའི་མེ་ཆུ་ཁ་སྤྲོད་ཅིག།མཆོ༵ག་གཉི༵ས་འགལ་མེད་ཐབས་ཤེས་ཟུང་འཇུག་ཡི༵ན།།༢༠མ་ཞང་བློན་ཆེན་གསོན་པོར་དོང་ལ་གཡུགས། །མཁན་ཆེན་ཞི་བ་འཚོ་ཡང་ཕྱི་ལ་བསྐྲད། །ལོ་ཆེན་བཻ་རོ་ཙཱ་ན་ས་མཐར་སྤྱུགས། །མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། ། ༢༡ལུང་ཤར་ཚེ་རྒྱལ་མིག་གཉིས་ས་ལ་བྲུས།།དགེ་འདུན་ཆོས་འཕེལ་མཆོག་ཀྱང་བཙོན་ནས་བསད།།རྒྱལ་དབང་བཅུ་གསུམ་པ་ཡང་ལྐོག་ནས་གྲོངས། ། མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །༢༢མི་ལ་རས་པའི་ཞལ་དུ་དུག་ཞོ་དྲངས།།རྭ་སྒྲེང་རིན་པོ་ཆེ་ཡང་ནང་ནས་བསད།།གོང་ས་རྒྱལ་བའི་ཡབ་ཀྱང་དུག་གིས་གྲོངས། །མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །༢༣མཁས་པས་བཤད་ན་བླུན་པོས་སྟོང་གཏམ་ཟེར།།བླུན་པོས་བཤད་ན་མཁས་པས་ཉོག་གཏམ་ཟེར།།མཁས་བླུན་འགལ་འདུ་རྩོད་པའི་གངས་ཅན་པ།།མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །༢༤གྲྭ་བས་བཤད་ན་གྲོང་བར་ལྟ་ལོག་ཟེར།།གྲོང་བས་བཤད་ན་གྲྭ་བར་དཀོར་ཟན་ཟེར།།གྲྭ་གྲོང་རྩོད་པའི་སློབ་གསོའི་ཁོར་ཡུག་གཉིས།།མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །༢༥འབྲོག་པས་རོང་བར་མི་གཤིས་མི་ལྡན་ལབ།།རོང་བས་འབྲོག་པར་མི་ལུགས་མི་ཤེས་ལབ།།རོང་འབྲོག་རྩོད་པའི་འཚོ་བའི་ཟུར་ཁ་གཉིས།།མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །༢༦མྱང་ཤ་གླེན་པས་རང་ལུས་དུམ་བུར་གཏུབ། །རྔོག་མི་གཟའ་བོས་ཕོ་རྟགས་རྡོ་ཡིས་བཅོམ། །བན་བོན་གཉིས་ཀས་སྟོན་པ་རྩོད་དུས་འདིར། ། ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། ། ༢༧མཁས་ན་མི་ཁ་འཁོར་བ་བོད་ཀྱི་གཤིས། ། བཟང་ན་ཕྲག་ཁ་ན་བ་བོད་ཀྱི་སྲོལ། ། ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བྱེད་དུས་འདིར། ། ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། ། ༢༨ལན་གཅིག་བདེ་བ་ཙམ་གྱིས་དགའ་བས་མྱོས། སྐབས་རེར་སྐྱོ་བ་ཙམ་གྱིས་མཆི་མས་བརྣངས། །ཕལ་བའི་སེམས་པ་སོས་ཀའི་གནམ་ངོ་འདྲ། །ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། ། ༢༩འཇིག་རྟེན་འདི་ཀོ་དྲི་ཟའི་གྲོང་ཁྱེར་ནས། །མྱ་ངན་ཐང་དུ་རྒྱུ་བའི་འགྲོ་བ་དག །སུ་ལས་སུ་མགྱོགས་རང་གི་དོན་དུ་འདུར། ། ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། ། ༣༠སྙན་གྲགས་ཅུང་ཟད་ཙམ་གྱི་ཁེ་ཕན་དང་། །གོ་ས་སྐར་མ་གང་གི་མཐོ་དམན་ལ། །ཕ་སྤུན་ཡིན་ཡང་དམོད་ཁ་བཀྱེ་དུས་འདིར། །ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། ། ༣༡གདོང་གྲལ་མགོ་ལ་སུ་ཐོན་བལྟ་དུས་འདིར། །གསེར་ཁྲིའི་ཐོག་ལ་སུ་འདུག་རྩོད་དུས་འདིར། །ཆོས་རྒྱུད་གྲུབ་མཐའ་ཟོང་ལ་བརྗེ་དུས་འདིར། །ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། །༣༢ནང་བསྟན་ཡོངས་ཁྱབ་གོ་ལའི་ཁྱོན་ལ་སྤེལ། །ཐ་སྙད་གསར་བའི་མིང་མཛོད་དཔར་ལ་བཏབ། །སྐད་གཉིས་སྨྲ་བའི་ཞུས་ཆེན་ལོ་ཙཱ་པ། ། མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༣༣ཐུམ་ནད་ཨེ་ནད་སྙིང་ནད་ལ་སོགས་པ། ། ནད་ཡམས་དག་ལ་སྔོན་འགོག་ཤེས་བྱ་སྤེལ། ། བདེ་ཐང་སློབ་གསོས་འགྲོ་ལ་ལམ་སྟོན་མཛད། །མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༣༤འཁོར་གཡོག་རིམ་པ་མང་པོའི་མཐའ་བསྐོར་མེད། ། གསེར་ཁྲིར་དངུལ་ཁྲིར་འགྱིང་བའི་རྒྱས་བ་མེད། །ང་རྒྱལ་མཐོ་སྣང་མེད་པའི་གྲྭ་རྐྱང་གཉིས། །མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༣༥ནང་རྟོགས་ཡོན་ཏན་འབུམ་གྱི་ཕྱུག་པའི་ཁར། ། ཕྱི་ཚུལ་ཞི་བ་དུལ་བ་ཉེར་ཞི་བ། །མཐོང་བ་ཙམ་གྱིས་དང་བ་འདྲེན་པ་ཡི། ། མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༣༦བླ་མའི་མཛད་པ་ཕྱུག་པོའི་ནོར་ལ་བྲིན། ། གྲྭ་བའི་ལས་ཀ་གྲོང་ཆོག་ཙམ་ལ་ཡེངས། །ལུང་རྟོགས་སྙིང་པོ་བོར་བའི་དུས་མཐའ་འདིར། ། མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༣༧མདོས་གཏོ་ཙམ་ལ་རེ་ལྟོས་བཅའ་བ་དང་། །མོ་ལུང་ཙམ་ལ་ཡིད་གཏད་ཁེལ་བ་ཡི། །ཡང་སྙིང་ཆོས་ལ་ལུག་ལྟར་རྨོངས་དུས་འདིར། ། མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༣༨དགོན་པ་དག་གི་དབང་འཛིན་ལམ་ལུགས་དང་། །དམངས་ཚོགས་དག་གི་རྨོངས་དད་ལམ་ལུགས་ལ། །བསྒྱུར་བཅོས་དག་ཐེར་གནང་ལ་ཟླ་མེད་པ། ། མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༣༩སྐྱབས་རྗེ་ཡིད་བཞིན་ནོར་བུའི་ཐུགས་ཀྱི་སྲས། ། བོད་བརྒྱུད་ནང་བསྟན་འདེགས་པའི་ཀ་ཆེན་གཉིས། ། སྐད་དང་ཡི་གེའི་མེ་རོ་གསོ་བ་པོ། ། མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༤༠སྤྱིར་ན་འཛམ་གླིང་འགྲོ་བའི་དཔལ་དུ་ཆེ། །ཁྱད་པར་གངས་ཅན་བསྟན་པ་ཡོངས་ཀྱི་རྒྱན། །ལྷག་ཏུ་གསང་ཆེན་སྔ་འགྱུར་པ་ཡི་ཏོག །མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༤༡སྟག་ཤམ་གཟིག་གདོང་ཅན་གྱི་དཔའ་ཐུལ་ཡིན། །གངས་ཅན་རུ་སྣ་འདྲེན་པའི་ཝེར་མ་ཡིན། །བོད་ཡུལ་སྐྱོང་བའི་ཟོ་དོར་གཉན་པོ་ཡིན། །མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༤༢དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ཡིན། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ཡིན། །ཡབ་གྱི་རྩྭ་ཐང་ཡུམ་གྱི་མཚེའུ་ཡིན། །མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །༤༣མི་ཚེའི་དར་ལྕོག་དགེ་བའི་ལས་ལ་ཟད། །གསུང་གི་མཛད་པ་ས་གསུམ་འགྲོ་ལ་སྨན། ། སྐུ་ཡི་ལྗོན་པ་ཚུལ་ཁྲིམས་རླུང་གིས་བསྐྱོད། །མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག ། ཅེས་གངས་ལྗོངས་མཁས་པའི་དབང་ཕྱུག་རྣམ་གཉིས་ཏེ། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་རྣམ་གཉིས་ཀྱི་རྒྱལ་བསྟན་ལ་དཀར་བའི་ཐུགས་ནང་ཤིན་ཏུ་མཐུན་པར་མ་ཟད། འགྲོ་ཀུན་ལ་བརྩེ་བའི་ལྷག་བསམ་གཅིག་ཏུ་དཀར་བ་ཆུ་དང་འོ་མ་བཞིན་ནམ་ཡང་འབྲལ་མ་མྱོང་བའི་དམ་པའི་ངང་ཚུལ་བཟང་པོ། སྤྱོད་པའི་མིག་རྒྱན་མཛེས་མོ། མཁས་པའི་ཁྱད་ཆོས་དེ་ཉིད་ལ་རིང་ནས་དད་པའི་མེ་ཏོག་འཐོར་བའི་རྫ་ཨ་རིག་འབྲུག་གྲགས་སྤྲུལ་སྐུ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་ཟླ་ཚེས་དགེ་བར་ཐུགས་ནང་མཐུན་པའི་དམ་པ་རྣམ་གཉིས་ལ་ཅུང་ཙམ་བསྔགས་པ་བཀྲ་ཤིས་པར་གྱུར་ཅིག
ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད།
ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཕགས་པ་ཐུགས་རྗེ་ཆེན་པོ་དགོངས་སུ་གསོལ།། ཚེ་འདིར་དྲིན་གྱིས་བསྐྱངས་པའི་དྲིན་ཅན་ཕ། །འཇིག་རྟེན་ཕྱི་མའི་ཡུལ་དུ་སོང་བ་ལ། །གཡེལ་བ་མེད་པར་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཤུལ་ནས་བུ་ཡིས་དཀོན་མཆོག་མཆོད་པ་དང་། །དགེ་འདུན་བསྙེན་བཀུར་ལ་སོགས་དགེ་བའི་ལས། །ཅི་བྱས་ཐམས་ཅད་མྱུར་དུ་རྗེས་འབྲངས་ནས། །ཕྱི་མའི་དུས་སུ་ཕན་ཐོགས་འབྱུང་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཁྱིམ་ཚང་བཟའ་བའི་ཁ་རྒྱབ་གཉིས་ཀྱི་ཕྱིར། །ནམ་ཡང་ཡུལ་ནས་སྡོད་པའི་དུས་མི་འབྱུང་། །ཕྱོགས་བཅུར་འཁྱམས་ནས་ཟས་གོས་ནོར་རྣམས་བཙལ། །གང་མཁོ་ཁྱེར་ནས་འོང་བའི་དྲིན་ཕ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག།ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཉིན་པར་འགྲོ་ཞིང་མཚན་མོ་ཉལ་ན་ཡང་། །བུ་དང་བུ་མོ་རྣམས་ཀྱི་ལྟོ་རྒྱབ་འདི། །ཇི་ལྟར་བྱས་ན་རྙེད་དམ་བསམ་བློ་བཏང་། །སེམས་ཁུར་མ་ལས་ཆེ་བའི་དྲིན་ཆེན་ཕ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག།ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཟས་ནི་ངན་ངོན་གོས་ཧྲུལ་སློག་པ་གྱོན། །ཉིན་པར་ལྟོ་བཅགས་མཚན་མོའི་གཉིད་སྤངས་ནས། །ཞིང་ལས་སོ་ནམ་རེམ་པས་ཉིན་མཚན་འདས། །ཚེ་འདིར་སྐྱིད་པོ་མ་བྱུང་དྲིན་ཆེན་ཕ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིིཿ འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག།ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿནོར་རྫས་བཙལ་ནས་མ་རྙེད་རྐུ་འཕྲོག་བྱས། །རྫུན་དང་གཡོ་སྒྱུས་ཕ་རོལ་གཞན་མགོ་སྐོར། །སྡིག་ལས་མང་པོ་ཞར་དང་ཞོར་ལ་བསགས། །ཕྱི་མར་ནམ་ཡང་མི་སྐྱིད་དྲིན་ཆེན་ཕ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག།ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྒྱུན་དུ་ཚོང་དང་བུན་བསྐྱེད་འཚོ་སྐྱོང་བྱེད། །བུ་ལ་བཟང་ཞིག་ཡོད་ན་བུ་སྐྱེས་སྙམ། །རབ་ཏུ་དགའ་བས་ཁོང་འཛུམ་མང་པོ་བྱེད། །ཁ་སྐྱེལ་མགོ་ལ་བྱུགས་པའི་དྲིན་ཆེན་ཕ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག།ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བུ་ལ་ན་ཚ་ཅུང་ཟད་ཙམ་བྱུང་ཡང་། །དངངས་ནས་མོ་སྨན་རྩིས་པའི་དྲུང་དུ་རྒྱུག།ཁྱིམ་ན་ཡོད་པའི་ཟས་གོས་ཕལ་ཆེ་བ། །ཕངས་མེད་གླུད་དུ་གཏོང་བའི་དྲིན་ཆེན་ཕ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག།ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བུ་དང་བུ་མོ་ཆེ་རུ་སོང་བ་ན། །བུ་མོར་གོས་རྒྱན་བཏགས་ནས་གནས་ལ་རྫོང། །བུ་ནི་ལ་ལར་ཆོས་བསླབས་རབ་བྱུང་བྱས། །ལ་ལར་ཆུང་མ་ལེན་པའི་དྲིན་ཆེན་ཕ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག།ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད། །ཤ་ཐང་བསྐྱེད་ནས་འབད་པས་བཙལ་བ་ཡི། །ས་ཞིང་ཁང་པ་ནོར་རྫས་ཅི་ཡོད་པ། །ཐམས་ཅད་བུ་ལ་སྤྲོད་པའི་དྲིན་ཆེན་ཕ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག།ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རང་ཉིད་ལག་པ་སྟོང་པར་གྱུར་ན་ཡང་། །བདག་གིས་ཐམས་ཅད་བུ་ལ་འཕྲོད་དོ་ཟེར། །ད་ནི་འཕྲོད་སར་འཕྲོད་ནི་ཡིན་ནོ་ཞེས། །སླར་ཡང་དགའ་དགའ་བྱེད་པའི་དྲིན་ཆེན་ཕ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག།ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ལྟར་ཚེ་འདིར་བསྐྱངས་པའི་དྲིན་ཆེན་ཕས། །དོན་མེད་བཟའ་ཚང་ལྟོ་རྒྱབ་བསྒྲུབ་བསྒྲུབ་ནས། །དོན་ཆེན་དམ་ཆོས་བསྒྲུབ་པའི་ཁོམ་མ་བྱུང་། །ཚེ་འདིར་བསྐྱངས་པའི་བུ་དང་བུ་མོར་བྲལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ།…
Alt Sidebar
Search





