May 2019

རྨི་ལམ་འོད་གསལ་དང་མངོན་སུམ།

རྨི་ལམ་འོད་གསལ་དང་མངོན་སུམ།
ཨེ་མ་ཧོ།།
ལྷ་བླ་མ་ལ་གསོལ་འདེབས་དྲག་ཏུ་བསྙེན་ནས།།
མ་ཡི་དམ་ཉིད་ཐུགས་དམ་བཞུགས་པའི་སྐབས་སུ།།
གཉིད་འོད་གསལ་ངང་ཟངས་མདོག་དཔལ་རིའི་དབུས་སུ།།
མགོན་པད་འབྱུང་ཉིད་གསང་གསུམ་ལྷང་ངེ་མཇལ་སོང་།།
གཞི་སྣང་སྟོང་ལ་ངོ་བོ་འཕོ་འགྱུར་ཀུན་བྲལ།།
ལམ་བདེ་སྟོང་ལ་རང་བཞིན་གསལ་བཞག་ལྷུན་གྲུབ།།
དོན་རིག་སྟོང་ལ་ཐུགས་རྗེ་ཀུན་ཏུ་བཟང་པོ།།
གནད་གསང་གསུམ་ཉིད་མི་འགྱུར་གཡུ་དྲུང་དཀར་པོ།།
ཆོས་རྒྱལ་མཚན་གྱི་རྒྱལ་རྔ་ཕྱོགས་ཀུན་ཁྱབ་པ།།
བསང་དུད་པ་ཡི་འཇའ་སྤྲིན་བར་སྣང་གང་བས།།
མ་མཚན་ལྡན་གྱི་ཀུན་བཟང་སྨོན་ལམ་མཛད་ཕྱིར།།
བུ་རིག་འཛིན་རྣམས་དཀྱིལ་འཁོར་གཅིག་ཏུ་འཚོགས་འདུག།
ཤར་མཛེས་ལྡན་གྱི་རིག་མ་གཡང་དུ་འཁོར་ཅིང་།།
ནུབ་བདེ་ལྡན་དུ་འཇའ་འོད་སྣ་ལྔ་བཀྲ་ཤིས།།
བྱང་སྤྲིན་ནག་གི་ན་བུན་མཁར་རུ་སངས་ཏེ།།
ལྷོ་རིག་འཛིན་གྱི་ཚོམས་ཆེན་དར་རྒྱས་བྱུང་སོང་།།
སེང་མི་འཇིགས་པ་ངར་སྐད་གངས་རིར་སྒྲོག་ནས། 
ཁྱུང་གཡུལ་རྒྱལ་གྱི་བ་དན་ཕྱོགས་ལས་རྣམ་རྒྱལ།།
སྟག་དཔའ་རྒོད་ཀྱི་རུ་མཚོན་ཆུ་ལ་ཤོར་བས།།
འབྲུག་ཕོ་ཐང་དེ་དགུང་སྔོན་དབྱིངས་ནས་གྲགས་སོང་།།
བརྡ་ཆོས་གླུ་ཉིད་རྨི་ལམ་འོད་གསལ་ངང་དུ།།
དབྱིངས་ཟག་མེད་ཀྱི་ཕྱག་རྒྱ་ཆེན་པོའི་རོལ་བར།།
ལས་རབ་འབྱམས་ཀྱི་ཕྲིན་ལས་ཀུན་ཏུ་བཟང་པོ།།
ཕྱོགས་ཀུན་ཁྱབ་ཀྱི་འགྲོ་འདུལ་འདྲེན་པར་རྒྱལ་ལོ།།
རྨི་ལམ་འོད་གསལ་ངང་གི་བདེ་སྐྱིད་དང་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེས་བརྡ་གླུས་སྐུལ་བ་བཞིན་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་དཔལ་རིའི་དུར་ཁྲོད་ཆེན་པོ་ཀུ་ཤུའི་མེ་ཏོག་བཞད་པའི་ནགས་ཀློང་ནས་བགྱིས་པར་དགེའོ།།