རྨི་ལམ་ནང་གི་ཨ་མ་མཇལ།
རྨི་ལམ་ནང་གི་ཨ་མ་མཇལ།
ཨེ་མ་ཧོ།།
ཀ་དག་ཀུན་བཟང་གི་ཞིང་ཁམས་དེ་ན།།
ཁ་སྦྱོར་བདུན་ལྡན་གྱི་ཡོན་ཏན་ཚང་ཕྱིར།།
ག་བུར་མདངས་འཛིན་གྱི་དཀྱིལ་འཁོར་དབུས་སུ།།
ང་ཡི་ཨ་མ་ཉིད་དངོས་སུ་མཇལ་སོང་།།
ཅ་ཅོ་འདུ་ལོང་གི་བྲེལ་ཟིང་དབེན་ཅིང་།།
ཆ་ལུགས་ཀུནབཟང་གི་རྣལ་འབྱོར་ཕོ་མོ།།
ཇ་ཆང་ཚོགས་འཁོར་ལ་ཅི་དགའ་རོལ་བར།།
ཉ་མོ་མཚོ་འཁོར་བཞིན་བདེ་དགའ་བརྟས་སོང་།།
ཏ་ཐཱ་ག་ཏ་ཡི་ཞིང་ཁམས་དེ་ན།།
ཐ་མལ་སྣང་ཤེས་ཀྱི་ཆགས་སྡང་དབེན་ཕྱིར།།
ད་ལྟའི་དུས་རབས་ཀྱིས་འགྲན་བཟོད་མིན་པར།།
ན་ཚོད་ཁྱད་མེད་པར་ཆོས་ཀྱིས་གྲོལ་འདུག།
པ་ལོས་དབུ་རྒྱན་གྱི་རྣལ་འབྱོར་མང་གི།
ཕ་མ་དྲིན་ཅན་གཉིས་དེ་ན་བཞུགས་འདུག།
བཛྲ་ཐེག་པ་ཡི་ལྟ་སྒོམ་ཟབ་རྒྱས།།
མ་ལུས་ཀུན་མཇལ་འདི་སྐལ་བ་བཟང་ཐལ།།
ཙ་ར་མ་གཅོད་པར་རྨི་ལམ་འཕྲུལ་ཐབས།།
ཚ་གྲང་དཀའ་སྤྱད་སོགས་གང་ཡང་མེད་པར།།
ཛ་ཡའི་ཡུམ་ཆེན་གྱི་ཨོ་རྒྱན་སྒྲོལ་མ།།
ཝ་ལེར་མཇལ་བ་འདི་སྔོན་བསགས་བསོད་ནམས།།
ཞྭ་དམར་བསྟན་པ་ལ་སྙིང་ནས་བརྩེ་བའི།།
ཟ་ཧོར་མཁན་སློབ་ཀྱི་བརྒྱུད་འཛིན་རྣམ་དག།
འ་ཅག་སྐལ་བཟང་གི་དད་ལྡན་སློབ་མས།།
ཡ་ཀི་རྫོགས་ཆེན་ཉིད་རིང་ན་མི་འདུག།
ར་བ་གངས་རི་ལ་ཕྱི་མིག་ཤོར་ནས།།
ལ་ལུང་མང་པོ་ཞིག་ཐོད་ཀྱིས་བརྒལ་སྟེ།།
ཤ་ཆང་ཚོགས་གྲལ་དངོས་སུ་སླེབས་ནས།།
ས་ཐོབ་སེམས་དཔའ་ཚོས་སྤྱན་འདྲེན་གནང་སོང་།།
ཧ་ཅང་རྣམ་དག་གི་རྨི་ལམ་འོད་གསལ།།
ཨ་ཧོ་མཉམ་འཛོམས་ཀྱི་མ་བུ་མཇལ་འཕྲད།།
ཨོ་རྒྱན་གྲོང་ཁྱེར་ལས་དགའ་སྟོན་ཚོགས་གྲལ།།
ཨེ་མ་བསམ་ཡས་ཀྱི་ལས་སྨོན་རྟེན་འབྲེལ།།
ཨུ་ཚུགས་མི་དགོས་པར་མངོན་སུམ་ངང་ནས།།
ཨི་གོ་གཅེས་ཕྲུག་ཚོར་བརྡ་ཙམ་སྟོན་ཡ།།
ཨ་མ་དྲིན་ཆེན་མའི་ཕྱག་ལ་འཇུས་ནས།།
ཧ་ཅང་དགའ་གདུང་གི་མཆུ་མ་གཏོང་གིན།།
ས་ཐོབ་རིག་འཛིན་ལ་བདེ་མོ་བྱས་ཏེ།།
ཤ་ཁྲག་ལུས་ཕུང་ལ་སླར་ཡང་ཞུགས་སོ།།
ལ་རྒྱའི་རྨི་ལམ་དེ་ཡིད་ལ་འཁོར་ཚེ།།
ར་རུ་སེམས་ཁམས་ལ་ཞི་བདེ་དངོས་མ།།
ཝ་ལེར་འོད་གསལ་ངང་ཨེ་ཝཾ་ཀུན་བཟང་།།
ཛ་ཡའི་བསྟན་པ་ཡི་སྙིང་ནོར་དམ་པ།།
ཚ་ཁོ་དབྲ་སྲས་ལ་བཞགས་པ་བཟང་ཡང་།།
ཙྭ་རིའི་རྣལ་འབྱོར་གྱི་ཨ་མ་མི་དོ།།
མ་རྒན་དྲིན་ཆེན་གྱི་རྣམ་ཐར་དྲན་ཚེ།།
བ་ལང་རྟུལ་ཞུགས་ཚོ་དགོས་ཡ་མི་འདུག།
ཕ་མས་བརྒྱུད་འཛིན་གྱི་སངས་རྒྱས་ཡེ་ཤེས།།
པ་ལོ་དཀར་ནག་ངང་མི་ཚེ་ཟད་རུང་།།
ན་ཚོད་དར་རྒུད་ལ་ཁྱད་པར་མི་འདུག།
ད་ལྟའི་དུས་རབས་བཞིན་བསྟན་པ་སྤེལ་ཡ།།
ཐ་དག་མགུ་ཐབས་ཀྱི་བཟོད་སྒོམ་མེད་ཀྱང་།།
ཏ་ཐཱ་ག་ཏ་ཡི་སྙིང་པོ་དམ་པ།།
ཉ་གང་ཟླ་བ་བཞིན་རྫོགས་ཆེན་བཀའ་གཏེར།།
ཇ་ཞིང་སྨན་ཚལ་ལྟར་ཀུན་ལ་འབུལ་ལོ།།
ཆ་འཇོག་ཡོད་མེད་དེ་གཞན་ལ་དབང་ཡང་།།
ཅ་དག་སྤྱོད་པ་ཡི་བསྡུ་བཞིས་ཕན་བདེ།།
ང་ཡི་དམ་བཅའ་ལ་འགྱུར་བ་མེད་ཕྱིར།།
ག་སར་གང་དར་རུ་ཨེ་ཝཾ་སྤེལ་ཡོད།།
ཁ་ཁོག་ཀུན་ཚང་གི་དཔལ་དགྱེས་རྡོ་རྗེས།།
ཀ་མ་ལ་བཞིན་གྱི་ལྷག་བསམ་དྲི་མེད།།
ཨི་ལྡན་དབྱངས་གསལ་གྱིས་མཆོད་པ་འདི་དག།
ཨུ་ཚུགས་མི་དགོས་པར་ཐོལ་གྱིས་བྲིས་སོ།།
ཨེ་ཝཾ་གཉུག་སེམས་ཀྱི་རྨི་ལམ་འོད་གསལ།།
ཨོ་ཚོད་མི་དགོས་པར་ཕྱི་གསལ་ནང་གསལ།།
ཨ་ཏིའི་ཟབ་དོན་གྱི་བསྟན་པ་རིན་ཆེན།།
ཨ་མ་དྲིན་ཆེན་གྱི་བཀའ་དགོངས་ཇི་བཞིན།།
ཨ་ཕོ་ཤྲཱིཿསྨྱོན་གྱིས་འཛིན་སྐྱོང་སྤེལ་ན།།
ཨ་བུ་སྙིང་གྲོགས་ཚོ་དགྱེས་པར་ཆོས་ཉིད།།
ཅེས་ཤྲཱིས་སོ།། སྤྱི་ལོ་༧/༧/༢༠༡༩་ལའོ།།