October 2019

ཨ་ཕོ་དགའ་དགའ་རྨིས་པའི་ནང་གཏམ་དྲོན་མོ།།
ན་མོ་གུ་རུ་ཀརྨ་ས་ཏྭ་ཡ།།
ཡུལ་གཡུ་ལོ་བཀོད་པའི་ཞིང་ཁམས་སུ་བཞུགས་པའི།།
གུང་དུང་ལོ་འབར་བའི་ཁྲི་སྟེང་ན་བརྗིད་པའི།།
ཨ་རྗེ་བཙུན་སྒྲོལ་མ་ཚེ་འཛིན་གྱི་ལྷ་མོ།།
བདག་གསོལ་འདེབས་བུ་ལ་བྱིན་རློབས་རང་མཛོད་ཅིག།
སྙིང་དཀྱིལ་འཁོར་རྩ་རླུང་རྒྱུ་འགྲུལ་ཀྱི་ཀློང་ན།།
སེམས་དྭངས་མ་ཐིག་ལེ་རྡོ་རྗེ་ཡི་ཁམས་ན།།
གཞི་གཉུག་མ་ཡེ་ཤེས་བརྗེད་གཅེར་དུ་མཇལ་ནས།།
ཕ་རྒྱལ་བའི་ལུང་བསྟན་འདི་སྐད་དུ་ཐལ་ལོ།།
མདང་རྨི་ལམ་ནང་གི་འོད་གསལ་གྱི་ངང་ལས།།
ས་གླིང་ཡུལ་འདྲ་བའི་མཐོ་སྒང་དུ་ཐོན་ནས།།
འཁོར་སྐད་རིགས་མི་གཅིག་དུ་མ་དང་འགྲོག་སྟེ།།
ནགས་ཀུན་བཟང་ཀློང་ནས་ཁོང་ཉིད་དང་མཇལ་སོང་།།
ཤར་མཐོང་སྨོན་ཞིང་གི་གཅེས་ཕྲུག་ཉིད་མཐོང་ཚེ།།
ལྷོ་ཚ་འདབས་ཚུབ་པའི་ལོ་རྒྱུས་དག་ཐོས་པས།།
ནུབ་ནགས་ཀློང་དུང་བའི་སྒོམ་ཆེན་ལ་དུང་ཡོད།།
བྱང་རི་བོའི་རྩེ་ནས་མཇལ་བ་འདི་ངོ་མཚར།།
ཞག་བརྒྱ་ཕྲག་འདས་པའི་བར་གསེང་གི་བསེབས་ནས།།
སྐུ་མི་ངལ་འཚོ་ཐབས་གནང་བ་ལ་རེམས་པའི།།
བན་དབུ་སེ་བ་དང་སྨན་ཆུང་གིས་གནང་བར།།
དུས་རྒྱུན་དུ་ཡོད་པའི་ངོ་སྤྲོད་ཅིག་གནང་སོང་།།
ཐབས་རྫུ་འཕྲུལ་རྨི་ལམ་ཞིང་ཁམས་ནས་མཐོང་བས།།
བུ་སེང་ཆེན་བདུད་ཡུལ་བྱོན་པ་དང་འདྲ་ཞིང་།།
གླིང་ཕག་སེང་གཡུལ་གྱི་ཁྲག་མཚོ་ལ་གཟིགས་ནས།།
ཡུན་མི་འགྱིང་ཕེབས་པའི་གསོལ་འདེབས་ཞིག་ཞུས་ཀྱང་།།
ཞལ་འཛུམ་བཅས་ཁྲུང་ཁྲུང་དཀར་མོ་ལ་ཕྱོགས་ནས།།
སྤྱི་འཁོར་བའི་ཆོས་ལ་སྙིང་པོ་རང་མེད་ཕྱིར།།
ད་ཚེ་གཅིག་གྲོལ་བའི་གདམས་བཟང་ལ་བསྟེན་ནས།།
དགྲ་ཆོས་བརྒྱད་དོར་བའི་རྣལ་འབྱོར་རུ་བཞུགས་འདུག།
གྲོགས་ཨ་ཕོ་དགའ་དགའ་དགའ་བཞིན་དུ་མཇལ་ནས།།
ཞལ་རྨི་ལམ་ནང་ནས་བདེ་མོ་རང་བྱས་ཏེ།།
ལྷ་རྩ་གསུམ་ཆོས་སྐྱོང་སྲུང་མ་ལ་བཅོལ་ནས།།
རྐྱེན་བར་ཆད་མེད་པའི་སྨོན་ལམ་ཞིག་བཏབས་ཡོད།།
ཅེས་པ་འདི་རབ་བྱུང་བཅུ་བདུན་པའི་ནང་ཚན་ས་ཕག་ལོའི་ཐ་སྐར་ཟླ་བའི་དབང་ཚེས་དགེ་བར་ཨ་ཕོ་དགའ་དགའ་ལ་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་ཡོ་ག་གླིང་ནས་བྲིས་པར་དགེའོ།། །།
གསེར་འོད་ཀྱིས་འཚེར་བའི་རྣམ་ཤེས་ལ་མིག་ཆུས་སྐྱེལ་མ་བྱེད་དུས།
སེར་བྱེས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས།
————–

༄༅། །དམ་ཚིག་འོ་ཆུ་དཀར་པོ་གཞི་གཅིག་ཏུ་འཁྱིལ་ནས་ཡུན་རིང་འགྲོགས་ཤིང་འདྲིས་པའི་མཛའ་བཤེས་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་འཇམ་དཔལ་བློ་ཤེས་མཆོག་གངས་རིའི་ལྗོངས་སུ་སྐུ་མཛད་ཆུ་བོའི་རྒྱུན་བཞིན་འཕེལ་སྐབས་གློ་བུར་དུ་ཞི་བར་གཤེགས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ།

༄༅། །བརྒྱད་ཁྲི་བཞི་སྟོང་གཏམ་གྱི་ཐོག་མཐའ་གཉིས། །
མི་རྟག་གཏམ་གྱི་ཆོས་ཚུལ་འདོམས་མཛད་ཅིང་། །
རྒུད་པ་རྣམ་བཞིའི་ཆོས་ཉིད་མངོན་གཟིགས་ཏེ། །
སྐྱེ་འཆིའི་རྩ་བ་གཅོད་མཛད་རྒྱལ་བ་མཁྱེན། །

བློ༷་ཆེན་ཀུན་བཟ༷ང་ལུང་རིགས་བྱེ་བའི་གཏེར། །
ལོག་རྟོག་རྣམ་གནོན་སེང་གེའི་ངར་སྐད་ཀྱིས། །
མདོ་སྔགས་བསྟན་པའི་སྙིང་པོ་གསལ་མཛད་པ། །
ཙོང་ཁ་པ་ཞེས་གྲ༷གས་པ༷འི་དཔལ་གྱིས་སྐྱོངས། །

འཇ༵མ་རྩུབ་ལེགས་བཤད་སྟོང་ཕྲག་སྨྲ་བའི་ལྕེས། །
དཔ༵ལ་ལྡན་མཁས་པ་ཀུན་གྱི་མགོ་བོ་ལ། །
བློ༵་གྲོས་ཕྱོགས་ལས་རྣམ་པར་རྒྱལ་བའི་དར། །
ཤེ༵ས་རབ་མཆོག་གིས་འཛུགས་པའི་གྲོགས་ཁྱོད་དགོངས། །

ལུས་ཀྱི་མྱུ་གུ་གངས་རིའི་ལྗོངས་སུ་འབུས། །
ཡོན་ཏན་ཁོ་ལག་འཕགས་ཡུལ་ལྷོ་རུ་རྒྱས། །
མཛད་འཕྲིན་སྙེ་མ་བོད་ཁམས་ལྗོངས་སུ་བཞད། །
གློ་བུར་འཇའ་བཞིན་ཡལ་འདིར་བློ་རེ་ཕམ། །

སེར་ཤུལ་ཆོས་ཀྱི་སྡེ་ཆེན་ལུང་རིགས་མཚོ། །
འགོག་མེད་གྱེན་དུ་འཕྱུར་མཛད་ཟླ་བའི་འཛུམ། །
སྟོན་མཚན་རྒྱུ་སྐར་བྱེ་བ་མཛེས་པའི་རྒྱན། །
མི་མངོན་ནུབ་རིར་འཆེལ་ལ་ཞེ་རེ་སྨྲེང། །

ལོ་མང་སྣ་ཚོགས་དཀའ་བ་སྟོང་ཕྲག་གི །
སྣེ་མོར་འཇུས་ཤིང་ཐབས་མཁས་གདོང་ལེན་གྱིས། །
ལུང་རྟོགས་ཡོན་ཏན་ནོར་བུའི་མཛོད་འཆང་བ། །
ཁྱོད་ལྟའི་ཡོན་ཏན་རྫོགས་པ་རེ་གཉིས་ཙམ། །

ཟབ་གསལ་མྱུར་བའི་རྣམ་དཔྱོད་ནམ་མཁའི་གློག །
མི་འཇིགས་སྙིང་སྟོབས་ཟབ་བརླིང་ལྷུན་པོའི་སྤོར། །
དྲག་ཏུ་འཁྱུགས་པའི་ལུང་རིགས་རྣོན་པོའི་གཟི། །
ཕས་ཀྱི་རྒོལ་བ་སྟོང་གིས་བསམ་མི་བཟོད། །

གདན་གསུམ་མཁས་མང་ལུང་རིགས་གཏུགས་པའི་ཚེ། །
འཕགས་བོད་གཞུང་བརྒྱའི་དཀའ་གནད་མདུད་པའི་རྒྱ། །
གོ་རིགས་ཟུང་སྦྲེལ་འཕྲུལ་གྱིས་གྲོལ་བ་ཡི། །
སྐད་གསང་མཐོན་པོའི་སྟངས་སྟབས་ཡིད་ལ་ལྕི། །

མདོ་སྔགས་རིག་གནས་ཤེས་པར་བྱ་བའི་གནས། །
ཕན་ཚུན་ལབ་གླེང་འཕྲོས་པར་འབྱམས་ཀླས་ཏེ། །
ཞོགས་པའི་སྐྱ་རེངས་འཆར་བའི་ཁྱི་སྐད་ཀྱིས། །
ངེད་གཉིས་དཀྲོགས་པའི་གཏམ་རྒྱུད་ཉུང་ཉུང་མིན། །

ཤ་དང་རུས་པ་རྐང་ལ་ཐིམ་པ་ཡི། །
ཕན་ཚུན་གུས་བརྩིའི་སྤྱི་སྒེར་བྱ་བའི་སྒོ། །
དྲན་པའི་མེ་ལོང་དག་པའི་བཞིན་རས་སུ། །
ཡང་ཡང་འཆར་བ་མིག་ཆུ་སྣོན་པ་ཉིད། །

སྔ་ཕྱི་མཁས་དང་འཇམ་མགོན་ཡབ་སྲས་ཀྱི། །
མདོ་སྔགས་གཞུང་ལུགས་དཀའ་གནད་གླེང་བའི་གཏམ། །
ཡིག་ཆ་ཕན་ཚུན་འཛིན་མཚམས་གནད་ཀྱི་འགངས། །
སོ་སོར་འབྱེད་པའི་རྣམ་དཔྱོད་གཞན་ལས་ལྷག །

མདོ་སྔགས་གཞུང་ཆེན་རྩ་འགྲེལ་སྤྱི་མཐའི་གནད། །
ཚིག་དོན་རྣོ་ཞིང་གསལ་ལ་འདྲིལ་བ་ཅན། །
འཆད་ཁྲིད་སྐལ་ལྡན་ཡིད་འཕྲོག་ལེགས་བཤད་ཀྱི། །
འབུམ་ཕྲག་གཞུང་བརྒྱའི་ཉིན་སྲིབ་གསལ་བར་བྱས། །

གཏིང་ཟབ་རྒྱ་ཆེའི་ལྷག་བསམ་ཆུ་ལས་སྐྱེས། །
བསྟན་འགྲོར་ཕན་བདེ་གསུང་གི་བང་རིམ་མཛེས། །
མདོ་སྔགས་ཉི་ཟླའི་རྣ་ལུང་མཐོན་པོ་ཅན། །
གས་ཤིང་འཐོར་བའི་གཏམ་ངན་སྙིང་ལ་གཟན། །

ལྷག་བསམ་དཔུང་སྟོབས་བརྟན་པོས་འཕངས་པ་ཡི། །
རྣག་ཐོག་གཙགས་ཁེལ་སློབ་གསོའི་མདའ་རྣོན་པོ། །
རྗེས་ལུས་མཚང་ལ་ཕོག་ཐུག་རྒོལ་བ་ཡི། །
སྤྱི་སྨན་གསུང་གིས་འཇིག་རྟེན་བློ་མིག་ཕྱེ། །

ས་ཆེན་འོད་ཀྱིས་འགེངས་པའི་མཛད་པ་རེས། །
གངས་ཅན་བོད་དུ་མུན་པའི་དཔུང་བཅོམ་སྟེ། །
ཀུན་གྱི་རེ་བ་རི་བཞིན་མཐོ་བའི་དུས། །
གློ་བུར་དབྱིངས་སུ་ཡལ་འདི་ཅི་ཡིས་ནོངས། །

རིགས་ཞེན་རུས་པ་དཀར་པོའི་གསུང་བཤད་དང་། །
རྣམ་དཔྱོད་གློག་འོད་འཁྱུགས་པའི་འཆད་ཁྲིད་ཀྱི། །
གནམ་གྱི་ཤེད་མོང་འཆང་བའི་ལངས་ཕྱོགས་རྣམས། །
བསྐལ་པ་སྟོང་གིས་བྲིས་པའི་དེབ་ཐེར་ཡིན། །

རྒྱལ་བསྟན་རིན་ཆེན་ནཱ་ལེནྡྲ་ཡི་སྲོལ། །
བོད་བརྒྱུད་ནང་བསྟན་སྐད་ཡིག་རིག་གཞུང་བཅས། །
ཆག་འཇིག་ཕྱི་ནང་རྐྱེན་ངན་འཐབ་དུས་འདིར། །
སྤྱི་སེམས་ལག་ལེན་གྲོགས་ཁྱེད་ཤིན་ཏུ་མཁོ། །

ང་དང་ང་ཡིར་ཤི་སྤར་འཐམས་པ་ཡི། །
ཆེན་པོའི་ཐ་སྙད་འཆང་བ་མང་བཞུགས་ཀྱང། །
གནད་ལ་གཏུགས་ཚེ་མི་སྨྲའི་བརྟུལ་ཞུགས་ཀྱིས། །
རི་བོང་རྡོ་བརྫུས་འཕྲུལ་ལ་སུ་ཡང་འབྱམས། །

སྤྱི་ལ་མཁོ་བའི་མི་རྣམས་ཚེ་ཡིས་གཏུགས། །
ཤེས་འཇོན་ལྷག་བསམ་ཆེ་རྣམས་གཉའ་ནས་གནོན། །
ཕྱོགས་ལྷུང་འཐེན་འཁྱེར་བསྟན་པ་དར་བའི་དུས། །
ཁྱེད་དང་ཁྱེད་འདྲའི་དཔའ་མཛངས་ཡིད་ལ་འཁོར། །

ལྟོས་བཅས་རིས་མེད་གདུལ་བྱ་སྐར་མའི་གྲངས། །
ཡིད་ལ་མྱ་ངན་དགུན་གྱི་གྲང་རླུང་གིས། །
ཟུག་གཟེར་གདུང་ཤུགས་དྲག་པོས་ནོན་པའི་སྙིང་། །
མཆོག་གསུམ་རྒྱལ་བ་རྒྱ་མཚོས་གཟིགས་ལགས་སམ། །

བསྟན་དང་འགྲོ་ལ་སྙིང་ནས་ཤ་ཚ་བའི། །
གཏམ་གྱི་ཆུ་ཀླུང་གྱེན་དུ་འཕྱུར་བའི་དུས། །
གློ་བུར་རྒྱུན་ཐག་ཆད་པའི་གྱོང་གུད་འདིར། །
འཕྲོ་སྐྱོང་གུན་གསབ་བྱེད་ཐབས་སུ་ཡིས་ནུས། །

ལངས་ཕྱོགས་གསེར་གྱི་ཀ་བ་རབ་བརྟན་ཅིང་། །
ཐུགས་སྟོབས་རྩིབས་མ་བརྒྱ་བའི་གདུགས་དཀར་པོ། །
རྣམ་དཔྱོད་གློག་འོད་སྟོང་གིས་མཛེས་པ་ཅན། །
ཡོམ་ཡོམ་འགུལ་ནས་འགྱེལ་ལ་སུ་མི་ཕངས། །

འོན་ཀྱང་ཐུགས་བསྐྱེད་མཚོ་ལྟར་གཏིང་ཟབ་ཅིང་། །
མདོ་སྔགས་མཁྱེན་རབ་མཁའ་ལྟར་ཡངས་པའི་སྟོབས། །
རྣམ་དག་སྨོན་ལམ་རླུང་ཤུགས་ཀྱིས་བསྐྱོད་དེ། །
སྒྱུ་འཕྲུལ་དྲ་བ་འགྱེད་ལ་སུ་ཞིག་ཚོམ། །

ཕྱག་ན་པད་དཀར་འཆང་བ་སྲས་བཅས་དང་། །
རིས་མེད་དགེ་འདུན་འདུས་པ་རྒྱ་མཚོའི་སྡེ། །
ཕྱོགས་ཀུན་ཁྱོད་ལ་གུས་བརྩིའི་སྐྱེ་འགྲོ་རྣམས། །
ཇི་ལྟར་སྨོན་པའི་དོན་ཀུན་གྲུབ་གྱུར་ཅིག །

ཅེས་དམ་ཚིག་འོ་ཆུ་དཀར་པོ་གཞི་གཅིག་ཏུ་འཁྱིལ་ནས་ཡུན་རིང་འགྲོགས་ཤིང་འདྲིས་པའི་མཛའ་བཤེས་དམ་པ། མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་འཇམ་དཔལ་བློ་ཤེས་མཆོག་བོད་གངས་རིའི་ལྗོངས་སུ་ཉིན་མཚན་དབྱེ་བ་མེད་པར་ལུས་སེམས་གཉིས་ཀར་འོ་བརྒྱལ་ཆེ་ཞིང་། བྲེལ་འཚུབ་ཤིན་ཏུ་ཆེ་བའི་མཛད་འཕྲིན་རླབས་ཆེན་རྒྱས་བཞིན་པའི་མུར་གློ་བུར་ཐོག་རྒྱག་ལྟ་བུར་གསོ་ཐབས་དཀའ་བའི་སྙུན་གཞིས་ཡུན་རིང་བསྙུངས་ཤིང་། སེར་ཤུལ་ཁྲི་པ་རིན་པོ་ཆེས་གཙོས་པའི་གྲྭ་ཚང་དང་ཁང་ཚན་འབྲེལ་ཡོད་གཞིས་དགོན་ཁག་དང་བློས་ཐུབ་ཆོས་གྲོགས་ཡོངས་ནས་སྤྱི་བྱེའི་མཐུན་རྐྱེན་ཕངས་མེད་དུ་ཕུལ་ཏེ། བསྟན་འགྲོ་སྤྱི་དང་ལྷག་པར་མདོ་ཁམས་ཕྱོགས་སུ་འཕྲིན་ལས་སྔར་ལྷག་སྐྱོང་བའི་འབད་པ་བརྒྱ་ཕྲག་བསྟེན་ཀྱང་། དགུང་ལོ་༥༡ ཐོག་སྐུ་ཞི་བར་གཤེགས་པ་ཐོས་པས་བློ་ཕམ་དང་ཡིད་གདུང་ཆེན་པོ་བྱུང་། སེར་ཤུལ་དགོན་པས་གཙོས་པའི་བོད་ཕྱི་ནང་གི་འབྲེལ་ཡོད་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཚམས་འདྲི་དང་འབྲེལ། གུས་ནས་ཀྱང་རྒན་དམ་པའི་གང་བཞེད་ཐུགས་ཀྱི་དགོངས་པ་ཟབ་མོ་ཡོངས་སུ་རྫོགས་ཕྱིར། འཕགས་མཆོག་ཕྱག་ན་པདྨོར་གསོལ་ཚིགས་དོད་ཧིན་སྒོར་༥༠༠༠ དང་། ས་སྐྱ་གོང་མ་རིན་པོ་ཆེ་དང་། རྒྱལ་བ་ཀརྨ་པ། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་བཅས་ལ་ཧིན་སྒོར་༥༠༠ རེ། རང་ཁོངས་བྱ་བྲལ་ཁང་ཚན་རིན་པོ་ཆེར་སྒྲོལ་ཆོག་ཐོག་དགེ་འདུན་པ་རེར་ཧིན་སྒོར་༥༠ རེའི་སྐུ་ཡོན་དང་། གདན་ས་གསུམ་སོ་སོར་ཧིན་སྒོར་༡༠༠༠ རེ། རྒྱུད་གྲྭ་སྟོད་སྨད་གཉིས་ལ་ཧིན་སྒོར་༥༠༠ རེའི་འབྲེལ་ཙམ་བཞག་སྟེ། དམ་པ་ཁོང་གི་ཐུགས་བཞེད་ལྟར་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་དང་། ཁ་སང་བདག་ཅག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་སེར་བྱེས་ལུང་རིགས་སྨྲ་བའི་གཙུག་རྒྱན། རྗེ་ངག་དབང་སངས་རྒྱས་མཆོག་ནས་ཀྱང་ཐུགས་ཚེགས་ཆེན་པོས་ཞལ་པར་ཞིག་གནང་སྟེ། སྤྱན་ཆབ་རྒྱུན་རིང་བསིལ་བཞིན། ངེད་གཉིས་མིད་པ་འགགས་ཏེ་ཡུན་རིང་ཞིག་ལུས། ཁོང་གིས་ཤིན་ཏུ་ཕངས་སྣང་གིས་འབྲེལ་ཡོད་ཚང་མར་ཐུགས་གསོའི་འཚམས་འཕྲིན་ཕྲིས་ཤིག་ཅེས་བཀའ་གནང་བ་དང་། སླད་མར། དགེ་བའི་བཤེས་གཉེན་ཁོང་ལ་འབྲེལ་ཡོད་ཙམ་དུ་མ་ཟད། རིས་མེད་བསྟན་འགྲོའི་དོན་ཆེན་མཛད་མཁན་རྣམས་དང་། ཤེས་ཡོན་སློབ་གསོའི་ཐོག་མ་རིག་པའི་མུན་པ་སེལ་མཁན་ཤེས་ཡོན་པའི་སྡེ་དག་གིས་ཚུལ་འདི་ཞེ་ལ་བཞག་སྟེ། དུས་ཚོད་ཧ་ཅང་གཉན་འཕྲང་གི་སྐབས་འདིར་ནམ་རྒྱུན་སོ་སོའི་སྐབས་འཁྲིའི་ཕྱག་ལས་དང་ལུས་སེམས་ཀྱི་འཕྲོད་བསྟེན། ཟས་དང་སྤྱོད་ལམ་ལུས་སྦྱོང་སོགས་གཟུགས་པོའི་བདེ་ཐང་ལ་གང་ཕན་གང་གཟབ་ཐོག །ཁོང་གི་བསླབ་བྱ་ཁག་ལ་ཉམས་ལེན་དང་། གཞུང་ཆེན་ཁག་གིས་གཙོས་པའི་སློབ་ཁྲིད་ལ་སྔར་ལྷག་སློབ་སྦྱོང་གནང་བ་དང་། ཁོང་གི་གསུང་བཤད་དང་། དཔེ་ཁྲིད། གསུང་རྩོམ་ཁག །གཞན་ཡང་། གཟིགས་དཔེ་མཆན་ཡིག་ཅན་དང་། ཆེས་གནད་འགག་ཅན་ལ་དམར་རྟགས་ཤིག་གེ་འདེབས་པ་ཞིག་ཕྱག་ལེན་ལ་ཡོད་པ་དེ་དག་གནད་འགག་ཧ་ཅང་ཆེ་བ་ཡོད། ད་དུང་ཟུར་འཛར་ཁག །དེ་དག་ཟུར་འདོན་ཕྱོགས་གཅིག་ཏུ་བསྒྲིག་པ་ཡིན་ན་གཞུང་གི་དཀའ་གནད་འབིགས་པ་ལ་ཤིན་ཏུ་ཕན་པའི་བསྟན་བཅོས་པོ་ཏི་ལོངས་པ་ཁ་ཤས་ཡོད་ངེས། ཁོང་གི་ཕྱག་བྲིས་ཧ་ཅང་མཛེས་པོ་ཡོད་པས་དབུ་ཅན་དབུ་མེད་ཀྱི་ཕྱག་བྲིས་དང་འཕྲིན་ཡིག་ཧ་ཅང་མང་པོ་ཡོད་པ་ཞིག་ཡིན་པས་ཕྲན་ཚེགས་རིགས། དེ་བཞིན་སྐུ་པར་དང་། སྔ་ཕྱིའི་བགྲོ་གླེང་དང་གསུང་ཆོས། གསུང་བཤད། མཛད་འཕྲིན་ཆེ་ཕྲ་སྐྱོང་སྐབས་ཀྱི་བརྙན་དང་ཉེར་ཆས་ཁག་གང་མགྱོགས་བསྡུ་ཉར་གྱིས་བསྟན་འགྲོར་ཡུན་རིང་དུ་ཕན་པ་དང་། དགེ་བའི་བཤེས་གཉེན་ཆེན་པོ་ཁོང་གི་ཞལ་སྐྱིན་གནང་བའི་ཐབས་ལ་ཅིས་ཀྱང་འབད་པར་རིགས་ཤིང་། འབྲེལ་ཟབ་སློབ་ཁག་ནས་ཀྱང་ཕ་རྗེས་བུ་ཡིས་ཟིན་པའི་རྣམ་ཐར་སྐྱོང་རྒྱུའི་ཐུགས་དམ་རེ་ཐུགས་ལ་འདོགས་པར་ཞུ་ཞུ། ཞེས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་ ༢༡ སྨྲ་བ་འགགས་ཤིང་ཡིད་ལ་ཡང་ཅི་དྲན་འདི་དྲན་མེད་པའི་སྐབས་ཤིག་སེམས་ལ་གང་ཤར་ཐོལ་བྱུང་ལྟ་བུས་ཤར་མར་བྲིས།།

Leave a Reply

Your email address will not be published. Required fields are marked *