December 2019

ཁ་སྤར་ཅི་ནུས་སྤོང་བར་མཛོད།།
ན་མོ་མ་ཧཱ་གུ་རུ་ཡེ།།
བླ་མ་ཀུན་འདུས་ཨོ་རྒྱན་པདྨ་འབྱུང་།།
ཡི་དམ་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་དང་།།
མཁའ་འགྲོ་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་བཅས།།
ཆོས་སྐྱོང་གེ་སར་རྒྱལ་པོའི་རྟག་སྐྱོང་ཞིག།
སྔ་མོ་ཡར་ལངས་སྔོན་འགྲོ་ཆོས་ལ་འབོད།།
བློ་ལྡོག་རྣམ་བཞི་སྐྱབས་འགྲོ་སེམས་བསྐྱེད་དང་།།
རྡོར་སེམས་མནྜལ་བླ་མའི་རྣལ་འབྱོར་སྐབས།།
ཁ་སྤར་མ་འཆང་བར་ཆད་གཡེང་བས་ཁྱེར།།
ནངས་ཟས་རོལ་དང་ནང་མི་མཉམ་འཛོམས་དུས།།
དགའ་གུས་བརྩེ་བའི་ནང་གཏམ་གླེང་བ་དང་།།
སྔོན་སོང་འབྱུང་འགྱུར་བཀའ་མོལ་གནང་བ་ལས།།
ཁ་སྤར་མ་འཆང་བཟའ་ཚང་ནང་མཐུན་རལ།།
གྲོགས་པོ་ནང་ཚེགས་འཕྲད་དང་སློབ་སྦྱོང་སྐབས།།
གྲོགས་ལ་བལྟ་ཞིང་སློབ་ཚན་འབད་པ་ལས།།
གལ་ཆུང་རྩེད་རྒྱན་ཕྱོགས་ལ་མགོ་འཁོར་བའི།།
ཁ་སྤར་མ་རྩེད་དོན་ཆེན་འཆོར་བར་ངེས།།
ཁྱད་པར་བསྐྱེད་རྫོགས་རྫོགས་ཆེན་སྒོམ་པ་དང་།།
ལྷ་ཁང་ཚོགས་གྲལ་བསྙེན་སྒྲུབ་མཛད་པ་འམ།།
ཁྱིམ་བདག་ཁྱིམ་ནས་སྐུ་རིམས་འདོན་པའི་ཚེ།།
ཁ་སྤར་མ་འཆང་དྲན་ཤེས་བག་ཡོད་བྲལ།།
ཁྲི་ཐོག་བླ་མས་དབང་བསྐུར་བྱེད་པ་དང་།།
གྲྭ་ཚང་དགོན་པས་ཆོ་ག་ཆོས་སྤྱོད་རིགས།།
མི་དམངས་ཕལ་ཆེར་ཆོས་ལ་བརྩོན་པའི་ཚེ།།
ཁ་སྤར་མ་འཆང་ལྷ་བུའི་བདུད་ཆེན་ལགས།།
སྔགས་འཆང་རིག་འཛིན་རྣམ་པར་བསྐྱེད་རྫོགས་གལ།།
རབ་བྱུང་དགེ་འདུན་ཐོས་བསམ་སྒོམ་པར་གལ།།
མི་སྐྱ་ཕོ་མོར་ཕ་མའི་བརྩེ་དུང་གལ།།
གལ་ཆུང་ཁ་སྤར་མ་རྩེད་གཅེས་ཕྲུག་ཚོ།།
ཉལ་ཁ་གློག་མེད་དུས་སུ་མིག་ལ་གནོད།།
ཟ་མ་ཟ་ཚེ་ལྟོ་བ་མིད་པར་གནོད།།
ནམ་རྒྱུན་ལུས་ལ་འཆང་ན་རྩ་ཀུན་གནོད།།
གནོད་བྱེད་ཁ་སྤར་འདི་རིགས་སྤོང་བར་མཛོད།།
ཅེས་རབ་གནས་ས་ཕག་མགོ་ཟླའི་རྒྱལ་བ་གཉིས་པར་ཀུན་བཟང་རྡོ་རྗེ་དང་རྡོ་རྗེ་ཕུན་ཚོགས་ངོར་ཤྲཱིཿཨེ་མ་ཧོས་གང་ཤར་ཕན་བདེའི་ཐབས་སུ་ཨེ་ཝཾ་ཀ་དག་གླིང་ནས་བྱས་པར་དགེའོ།།