བླ་མའི་རང་བཞིན།
ཨེ་མ་ཧོ།།
༼༡༽
སྐྱབས་རྗེ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ།
མ་རིག་མུན་ནག་བསལ་པའི་ཉི་མ་དངོས།།
ཆོས་རྗེ་བླ་མ་དམ་པ་ལོངས་སྤྱོད་རྫོགས།།
ཏིང་འཛིན་ཞི་བསིལ་སྦྱིན་མཁས་ཟླ་བ་ལགས།།
༼༢༽
ཐུགས་རྗེ་ཀུན་ལ་མཉམ་པའི་སྤྲུལ་པའི་སྐུ།།
འགྲོ་འདུལ་སྣ་ཚོགས་སྣང་བའི་སྐར་ཚོགས་གྲངས།།
ཉམས་རྟོགས་ཡོན་ཏན་ཀུན་བཟང་བླ་མ་ཉིད།།
ལེགས་ཚོགས་རྩ་བ་བརྟན་པའི་ནོར་འཛིན་བཞིན།།
༼༣༽
ཕྱི་ཡི་བླ་མ་མདོ་སྔགས་བསྟན་པའི་དཔལ།།
ནང་གི་བླ་མ་བྱང་སེམས་དགྱེས་པ་རྩལ།།
གསང་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ།།
ཡང་གསང་རྫོགས་པ་ཆེན་པོའི་བླ་མ་རྒྱལ།།
༼༤༽
རྟོགས་པ་ནམ་མཁའ་མཉམས་པའི་བླ་མ་ལ།།
བྱིན་རླབས་རྒྱལ་བ་རྒྱལ་མཚོའི་ཐུགས་དམ་གནས།།
རང་གཞན་དོན་གཉིས་གྲུབ་པའི་དགེ་བའི་བཤེས།།
སྙིང་དང་སྲོག་ལས་གཅེས་ན་དངོས་གྲུབ་འབྱུང་།།
༼༥༽
བླ་མའི་སྐུ་ལ་མཚན་དཔེའི་འོད་སྣང་བཀྲ།།
བླ་མའི་གསུང་ལ་དམ་ཆོས་མ་ལུས་ཤིས།།
བླ་མའི་ཐུགས་ལ་སྟོབས་བཅུའི་ནུས་པས་བདེ།།
བླ་མ་དགེ་ལེགས་ཀུན་གྱི་འབྱུང་གནས་ལགས།།
༼༦༽
ལུས་ལ་བདེ་དྲོད་འབར་བ་བླ་མའི་དྲིན།།
ངག་ལ་བདེན་ཚིག་མཆིས་པ་བླ་མའི་དྲིན།།
སེམས་ཉིད་དེ་བཞིན་རིག་པ་བླ་མའི་དྲིན།།
དྲིན་ཆེན་བླ་མ་སྙིང་གི་ནོར་བུ་ཡིན།།
༼༧༽
བླ་མ་མ་ནོར་དམ་པ་སྙིང་ལ་འཛིན།།
བླ་མའི་རྣལ་འབྱོར་བསྙེན་བསྒྲུབ་རྒྱུན་དུ་སྐྱོང་།།
བླ་མའི་ཡོན་ཏན་ཕྲིན་ལས་ཀུན་སྤེལ་ན།།
བླ་མའི་དབང་བཞི་ཡོངས་སུ་རྫོགས་པར་འགྱུར།།
༼༨༽
བླ་མའི་སྐུ་བཞིའི་ཁྱེར་སོ་མ་བརྗེད་ན།།
བླ་མའི་བདེན་བཞིའི་དགོངས་པ་མངོན་དུ་གྱུར།།
བླ་མའི་སྣང་བཞིའི་རིག་འཛིན་མཐར་ཕྱིན་ནས།།
བླ་མ་རྒྱལ་བ་ཀུན་དང་དགོངས་པར་མཉམས།།
ཞེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་དགའ་བ་གསུམ་པར་ཨེ་ཝཾ་ཚང་གིས་དྲྭ་ཚོམ་གྱི་རྐྱེན་ལས་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་གང་ཤར་གླུ་རུ་བླངས་པར་དགེའོ།། །།