December 2019

ངས་རྗེ་ཙོང་ཁ་པ་ལ་ལྟ་སྟངས་འགྱུར་བ། (དགའ་ལྡན་ལྔ་མཆོད་ཉིན།)

ངས་རྗེ་ཙོང་ཁ་པ་ལ་ལྟ་སྟངས་འགྱུར་བ།

རྩིས་ཆེ་ལེགས་མཐོང་།
21-12-2019
དྲ་ལམ་ཁག་ནས་མཐོང་བ་ལྟར་ན་དེ་རིང་ནི་རྗེ་ཙོང་ཁ་པའི་རྗེས་དྲན་ཡིན་པ་འདྲ། ལོ་འདི་དག་ཏུ་བོད་པ་ཚང་གིས་རྗེས་དྲན་ནི་མང་མ་དྲགས་ན་ཉུང་དྲགས་ཡོད་ས་མེད་ཅིང་། དྲ་ལམ་གྱི་བརྒྱུད་ནས་རྗེས་དྲན་འདྲ་མིན་བྱེད་པ་ནི་བོད་རིགས་ལས་ལྷག་པ་ཕལ་ཆེར་མེད་པ་འདྲ། རྒྱུ་མཚན་ནི་ད་ལྟའི་ཆར་བོད་པ་ཚང་གིས་ནུབ་ཕྱོགས་ཀྱི་དུས་དྲན་ཕལ་མོ་ཆེ་བརྩི་སྲུང་བྱེད་ཀྱི་འདུག་ལ། རྒྱ་རིགས་ཀྱི་དུས་དྲན་ཀྱང་མང་པོ་ཞིག་བརྩི་སྲུང་བྱེད་བཞིན་པ་མ་ཚད། བོད་ནང་ཁུལ་དུ་ཡང་ད་ལྟའི་ཆར་ཆོས་བརྒྱུད་ཀྱི་ཕྱོགས་རིས་ཅུང་ཆུང་དུ་སོང་བས་ས་དགེ་བཀའ་རྙིང་གི་བླ་མ་གོང་མ་ཕལ་མོ་ཆེའི་འདས་མཆོད་ཁག་དྲ་གྲོགས་མང་པོ་ཞིག་གིས་བརྩི་སྲུང་བྱེད་བཞིན་ཡོད་པའི་ཆ་ནས་སྐད་འཕྲིན་ལ་ཉིན་ལྟར་རྗེས་དྲན་རེ་མཐོང་རྒྱུ་ཡོད་པའི་ཚོད་རེད། དེར་བརྟེན་དྲང་པོ་བཤད་ན་ད་ལྟའི་ཆར་རྗེས་དྲན་ཞེས་པའི་ཚིག་འདི་མཐོང་ན་ཡང་སུན་སྣང་སྟེར་བར་བྱེད།

འོན་ཀྱང་བསྟན་པ་སྤྱི་དང་། ཆོས་བརྒྱུད་བྱེ་བྲག་པ། གང་ཟག་སྒེར་གྱི་ངོས་ནས་རྗེས་དྲན་བྱེད་འོས་པ་རྣམས་ནི་ཅི་ལ་མི་བྱེད། དེའི་ཆ་ནས་བཤད་ན་རྗེ་ཙོང་ཁ་པ་ནི་རྗེས་དྲན་བྱེད་འོས་ཤོས་སུ་མཐོང་བས་ན་ངས་ཀྱང་ཁོམ་པ་ཡོད་མེད་ལ་མ་ལྟོས་པར་དེ་རིང་གི་རྗེས་དྲན་འདིར་རྩོམ་ཐུང་ཞིག་སྤེལ་འདོད་སྐྱེས། དེ་ཡང་དྲང་པོ་བཤད་ན་ཐོག་མའི་ཆར་བོད་ཀྱི་ཆོས་བརྒྱུད་རྣམས་ལས་ང་རང་མི་དགའ་བའི་ཆོས་བརྒྱུད་གཙོ་བོ་ནི་དགེ་ལུགས་ཡིན། དེ་ནི་ཀར་དགེའི་འགལ་ཟླ་དང་འབྲེལ་བ་ཡོད་པས་བཤད་མ་དགོས་པའི་ཐོག་ཏུ། ས་དགེ་གཉིས་ནི་བཤད་པ་དང་། བཀའ་རྙིང་གཉིས་ནི་སྒྲུབ་པ་གཙོ་བོར་བྱེད་པ་ལ། ང་རང་བཀའ་བརྒྱུད་པའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བའི་ཆ་ནས་སྒྲུབ་པ་ཟེར་དུས་ལོས་ཡིན་དྲན་པ་ཞིག་དང་། མཁས་པ་ཟེར་དུས་ཨོ་ཙམ་ཟེར་བའི་ལྟ་སྟངས་ཤིག་ང་ལ་ཡང་ཁོར་ཡུག་གི་རྐྱེན་པས་བྱུང་འདུག འདི་ནི་ང་ཙམ་མིན་པར་སྲོལ་རྒྱུན་གྱི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བ་ཕལ་མོ་ཆེར་ཡོད་ན་ཡང་། སྟབས་ལེགས་པར་ང་རང་དེ་ལས་ཐར་ཐུབ་ཙམ་བྱུང་།

བཤད་མ་དགོས་པར་ངས་རྗེ་ཙོང་ཁ་པ་ལ་ཡོད་པའི་ལྟ་ཚུལ་ཡང་བརྒྱུད་རིམ་དེ་ནས་བྱུང་བ་ཞིག་ཡིན། དེ་ཡང་བརྒྱུད་རིམ་དེ་བྱུང་ཚུལ་ཐོག་མ་ནས་མགོ་བཙུགས་ཏེ་བཤད་ན། ངས་ནམ་ཡང་བརྗེད་མི་ཐུབ་པ་ཞིག་ལ་ཆུང་དུས་ང་ཡི་བློ་ལ་ཇ་མཆོད་ཅིག་ཡོད། ཇ་མཆོད་དེ་ནི་འདི་འདྲ་ཞིག་རེད། ས་སྐྱ་པཎ་ཆེན་རྗེ་བཙུན་ཙོང་ཁ་པ།། ཀློང་ཆེན་རབ་འབྱམས་རང་བྱུང་རྡོ་རྗེ་ཞབས།། དཔལ་སྤྲུལ་ཆོས་ཀྱི་འབྱུང་གནས་མཁྱེན་བརྩེ་བ།། བློ་གྲོས་མཐའ་ཡས་ཞལ་དུ་མཆོད་པ་འབུལ།། ཞེས་པའོ།། ངས་རྩོམ་འདི་སུས་མཛད་མིན་ད་ལྟའི་བར་མི་ཤེས་ཀྱང་ངས་ད་ལྟའི་བར་འདི་ཉིད་བློ་ནས་བརྗེད་མྱོང་མེད། ངས་ཆུང་དུས་འདི་བཏོན་ནས་ཇ་མཆོད་འབུལ་བ་ན་སེམས་ལ་རང་བཞིན་གྱིས་དགའ་བ་ཞིག་ཡོད་པ་ནི་ཙོང་ཁ་པ་ཞེས་པའི་ཚིག་དེས་རེད། ངས་ཙོང་ཁ་པ་ནི་བླ་མ་ཞིག་ཡིན་པ་ལས་བླ་མ་སུ་ཡིན་མི་ཤེས་ཀྱང་སུ་ཡིན་མིན་གང་ལྟར་ཡང་ང་ཙོང་ཁ་པ་ཟེར་བ་དེ་ལ་ཧ་ཅང་དགའ། ང་ལ་ཙོང་ཁ་པ་ཟེར་བ་དེས་ཅི་ཞིག་དྲན་གསོ་གཏོང་གྲབས་བྱེད་ཀྱི་ཡོད་པ་ལྟ་བུའི་ཚོར་སྣང་སྟེར་ན་ཡང་དེས་ང་ལ་ཟ་རྒྱུ་ཞིག་དྲན་གསོ་སྟེར་གྲབས་ཡོད་དམ། ཡང་ན་ས་ཆ་ཞིག་དྲན་གསོ་སྟེར་གྲབས་ཡོད་ངས་མི་ཤེས།

གང་ལྟར་སྐབས་དེར་ང་རང་གིས་ཇ་མཆོད་དེ་འདོན་སྐབས་ངས་དོ་སྣང་སྤྲོད་ས་གཙོ་བོ་ཙོང་ཁ་པ་ཟེར་བའི་ཚིག་དེ་ཡིན་ལ། ང་ཡི་ཁ་ནས་ཙོང་ཁ་པ་ཟེར་དུས་སྐབས་དེར་ང་ལ་ཡོད་པའི་ཚོར་བ་ནི་དཔེ་མཚོན་ཞིག་གི་ཐོག་ནས་བཤད་ན་ང་རང་དགའ་ཤོས་ཀྱི་ཉ་བྱེ་རིལ་གྱི་མིང་ཞིག་བརྗོད་ཀྱིན་ཡོད་པ་དང་གཉིས་སུ་མ་མཆིས། འོན་ཀྱང་དེ་རྗེས་ང་རང་གྲྭ་པ་བྱས་ནས་ཀརྨ་བཀའ་བརྒྱུད་པའི་བཤད་གྲྭར་ཞུགས་ཤིང་། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་འཇུག་འགྲེལ་གྱི་དཔེ་ཁྲིད་ཞུས་པ་ན་ངས་སྔར་ཙོང་ཁ་པ་ལ་ཡོད་པའི་ལྟ་སྟངས་ནི་རྩ་བ་ནས་འགྱུར། ང་ཡི་དཔེ་ཁྲིད་དགེ་རྒན་ཀྱང་བཀའ་བརྒྱུད་པའི་ལྟ་བ་མཁྲེགས་ཙམ་འཛིན་མཁན་ཡིན་པའི་ཆ་ནས་དེའི་ཤུགས་རྐྱེན་གྱིས་ངས་སྐབས་དང་སྐབས་སུ་ཅིའི་ཕྱིར་ཙོང་ཁ་པས་མི་རྣམས་ལོག་པའི་ལམ་དུ་ཁྲིད་པའི་དཔེ་ཆ་དེ་འདྲ་མཛད་པ་ཡིན་ནམ་སྙམ་ནས་དོགས་པ་ཟ་མྱོང་ཡོད། སྐབས་དེ་དུས་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་། ང་ཡི་དཔེ་ཁྲིད་དགེ་རྒན་གཉིས་ཀྱིས་རྗེ་ཙོང་ཁ་པ་ལ་སྐྱོན་བརྗོད་གང་གནང་ན་ཡང་ངས་སྐྱོན་དེ་ཆ་ཚང་ཙོང་ཁ་པ་ལ་འཇུག་ཤར་ཤར་ཡིན་ཅིང་། ཐ་ན་ཙོང་ཁ་པས་དོན་དམ་བདེན་པ་མེད་དགག་ཏུ་བཞེད་པར་གྲགས་པ་ལ། ངས་དེ་ནི་ཙོང་ཁ་པས་དྲང་དོན་དུ་གསུངས་པ་ཙམ་ལས་དངོས་སུ་ཁོང་གིས་དེ་འདྲ་ཞིག་དགོངས་སྲིད་བགྱི་མ་རེད་དྲན་མྱོང་ཡོད།

ངས་སློབ་མཐར་ཕྱིན་ནས་ཞིབ་འཇུག་གི་བྱ་བར་ཞུགས་པ་ན། སྐབས་དང་སྐབས་སུ་ངས་ཙོང་ཁ་པ་དང་འབྲེལ་བ་ཞིག་ཐུག་པ་ན་སྐྱོན་ཆ་ཞིག་ཨེ་ཐོབ་ན་བསམས་ནས་ལྟ་མྱོང་ཡོད་ལ། འགོས་ལོ་གཞོན་ནུ་དཔལ་སོགས་ཆོས་བརྒྱུད་གཞན་གྱི་མཁས་པས་ཙོང་ཁ་པ་ལ་བསྟོད་པ་ཚད་མཐོན་པོ་བྱས་པ་མཐོང་ན་ངས་འདི་ནི་དགེ་ལུགས་པ་ཚོའི་ང་རྒྱལ་འཕེལ་བྱེད་ཙམ་དུ་འགྲོ་བས་རབ་བྱུང་ན་མ་བསྟོད་ན་བཟང་ཞིང་། བསྟོད་ན་ཡང་འདི་ཙམ་མ་བསྟོད་ན་མི་བཟང་ངམ་སྙམ་པའི་ཚོར་སྣང་བྱུང་མྱོང་ཡོད། དེ་ཙམ་དུ་ངས་ཀརྨ་པ་མི་བསྐྱོད་རྡོ་རྗེས་རྗེ་ཙོང་ཁ་པ་ལ་བསྟོད་པ་མཛད་པའི་རྩོམ་རིང་ཐུང་ཁ་ཤས་ཤིག་མཐོང་བ་ན་ང་རང་བློ་ཡུལ་ལས་འདས་པ་བྱུང་། ངས་རྗེ་ཙོང་ཁ་པ་ནི་ལྟ་བ་ནོར་ནས་ཡོད་པ་ཀརྨ་པ་མི་བསྐྱོད་རྡོ་རྗེས་དགོངས་བཞིན་དུ་ཅིའི་ཕྱིར་འདི་འདྲ་བསྟོད་པ་ཡིན་ནམ་བསམ་མྱོང་ཡོད་ལ། ད་དུང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་ང་ལ་རྩོམ་དེ་དག་དུས་དེབ་ཏུ་འགོད་དགོས་པས་ཁྱོད་ཀྱིས་ཀློག་ཀླད་ནང་དུ་ཡོད་པ་ཞུ་དག་གཏོང་ཤོག་གསུངས་པ་ལ། ངས་འདི་དག་དགེ་ལུགས་པ་རྣམས་ཀྱི་ང་རྒྱལ་འཕེལ་བྱེད་དང་། ཁོ་ཚོས་སླར་ཡང་ང་ཚོའི་མགོ་ལ་ཚུར་ཞུ་བྱེད་ཙམ་དུ་འགྲོ་བས་གནས་སྐབས་མ་པར་ན་དྲན་མྱོང་ཡོད།

དེ་དག་གི་ནང་དུ་མི་བསྐྱོད་རྡོ་རྗེས་ཙོང་ཁ་པ་སོགས་བོད་ཀྱི་མཁས་གྲུབ་གོང་མ་རྣམས་ལ་བསྟོད་པའི་མགུར་མ་ཞིག་ཡོད་པ་ལ་རྒྱལ་དབང་བཅུ་བདུན་པས་ང་ལ་རྩོམ་འདི་དུས་དེབ་ཏུ་འགོད་རྒྱུ་ཡིན་པས་རྩོམ་དེའི་མིང་ལ་གང་བཞག་ན་ཡག་ས་རེད་ཁྱོད་ཀྱིས་བསམ་བློ་ཐོངས་ཤོག་གསུངས། ངས་མགུར་དེ་ཆ་ཚང་བཀླགས་པ་ན་དེའི་ནང་དུ་མི་བསྐྱོད་རྡོ་རྗེས། སངས་རྒྱས་བསྟན་པ་དར་བས་ཆོག །ཅེས་པའི་ཚིག་དེ་མང་ཙམ་བེད་སྤྱོད་གནང་ཡོད་པ་མཐོང་བས་ན་ངས་ཚིག་རྐང་དེ་ཧྲིལ་པོ་རྩོམ་གྱི་མིང་ལ་བཞག་ན་ཡག་ཚུལ་ཞུས་པ་བཞིན་ཁོང་གིས་ཀྱང་དེ་ལ་མོས་མཐུན་གནང་སོང་། སྐབས་དེ་ནས་བཟུང་ང་ཡི་སེམས་ལ། སངས་རྒྱས་བསྟན་པ་དར་བས་ཆོག ཅེས་པའི་ཚིག་དེས་བག་ཆགས་ཟབ་མོ་ཞིག་བཞག་པའི་ཚོར་སྣང་བྱུང་། ངས་བསམ་པར་རྗེ་ཙོང་ཁ་པའི་ལྟ་བ་ནོར་ན་ཡང་ཁོང་དམ་པའི་སྐྱེས་བུ་ཞིག་ཡིན་པ་ནི་ཐེ་ཚོམ་མི་དགོས་འདུག་སྙམ་པ་བྱུང་། དེ་ཙམ་དུ་ངས་བོད་ཀྱི་ཆོས་བརྒྱུད་སོ་སོའི་མཁས་པ་འདྲ་མིན་གྱི་གསུང་འབུམ་ཁག་མཇལ་བ་ན་ཕག་གྲུའི་སྤྱན་སྔ་རྣམས་ཀྱི་རྣམ་ཐར་དུ་རྗེ་ཙོང་ཁ་པས་བཀའ་བརྒྱུད་པའི་བཞེད་པ་དང་མཐུན་པའི་ཆོས་གསུང་ཚུལ་འབྱུང་བ་ལ་ངས་རྗེ་ཙོང་ཁ་པ་ཡང་མདོར་ན་གང་ལ་གང་འདུལ་དེ་ལ་དེར་སྟོན་མཁན་ཞིག་ཡིན་པར་སྙམ།

ལྷག་པར་འགོས་ལོ་གཞོན་ནུ་དཔལ་གྱིས་ཁོང་གི་རྣམ་དཔྱོད་ཀྱི་བློ་སྒོ་འབྱེད་མཁན་ནི་རྗེ་ཙོང་ཁ་པ་ཡིན་པར་གསུངས་པ་སོགས་ཀྱིས་རྗེ་ཙོང་ཁ་པ་ནི་མཁས་པ་མཁྱེན་དཔྱོད་ཆེ་བ་ཞིག་ཡིན་པའི་ཚོར་སྣང་བྱུང་། ངས་རྗེ་ཙོང་ཁ་པ་ལ་ཡོད་པའི་ལྟ་སྟངས་འགྱུར་བ་ཆེ་ཤོས་བྱུང་བ་ནི་ལམ་རིམ་ཆེན་མོའི་ལྷག་མཐོང་ལེ་ཚན་དེ་ཀློག་པའི་སྐབས་ཤིག་ཡིན། ངས་ད་དུང་བརྗེད་མི་ཐུབ་པ་ཞིག་ལ་སྐབས་དེར་ང་རང་རྒྱུད་སྟོད་ལ་ཡོད་པ་ལ། རྒྱལ་དབང་ཀརྨ་པའི་དཔེ་མཛོད་ཁང་དུ་ཉིན་མོ་མཇལ་ཁ་བ་མང་བས་ངས་དགོང་མོ་ཆུ་ཚོད་དང་པོ་དང་གཉིས་པའི་བར་དུ་དཔེ་ཀློག་བྱེད་བཞིན་ཡོད། ངས་དེ་དུས་ལྷག་མཐོང་ཆེན་མོ་ཞེས་པ་ནི་དོན་དུ་ལམ་རིམ་ཆེན་མོའི་ནང་གི་ལྷག་མཐོང་བསྟན་པའི་སྐབས་དེ་ཡིན་པ་ཤེས་རྟོགས་བྱུང་ནས་དགོང་མོ་ཞིག་ཏུ་ང་རང་གཅིག་པུར་དཔེ་མཛོད་ཁང་དུ་ཡོད་སྐབས་ངས་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་བཙལ་ནས་ལྷག་མཐོང་གི་སྐབས་དེར་ཞིབ་བལྟས་བྱས། ངས་དེའི་ནང་ནས་རིམ་པས་རྗེ་རིན་པོ་ཆེས་དགག་བྱ་ཁྱབ་ཆེ་བ་དང་དགག་བྱ་ཁྱབ་ཆུང་བ་གཉིས་དགག་མཛད་པའི་བར་དུ་བལྟས་པ་ན་དམིགས་བསལ་བོད་སྔ་རབས་པའི་འདོད་པ་སྟེ་དགག་བྱ་ཁྱབ་ཆེ་བའི་ཐད་ལ་ཁོང་གིས་གསུངས་པ་རྣམས་ལ་རྒྱུ་མཚན་ཧ་ཅང་ཆེན་པོ་ཡོད་པར་མཐོང་།

སྐབས་དེ་དུས་ང་རང་ནུབ་ཕྱོགས་ཀྱི་མཁས་པས་ནང་ཆོས་ལ་དཔྱད་པ་བྱས་པའི་དཔེ་དེབ་མི་ཉུང་བ་ལྟ་ཀློག་བྱེད་བཞིན་པའི་སྐབས་ཡིན་པས་ན་ངས་རྗེ་ཙོང་ཁ་པ་ནོར་ལུགས་ནོར་སྟངས་འཚོལ་བའི་ཚབ་ལ། ང་རང་བོད་སྔ་རབས་པ་མིན་པར་སྤྱིར་བཏང་གི་དཔེ་ཀློག་པ་ཞིག་དང་། གནས་ལུགས་འཚོལ་འདོད་ཡོད་པའི་སློབ་གཉེར་བ་དཀྱུས་མ་ཞིག་ཡིན་པའི་ལྟ་ཚུལ་གྱི་ཐོག་ནས་ཡང་སྙིང་བོད་སྔ་རབས་པ་དང་ཕྱི་རབས་པའི་འདོད་པ་གང་ཞིག་རྒྱུ་མཚན་ཆེ་བ་རེད་འདུག་ཤེས་འདོད་ཀྱི་ཀུན་སློང་ཁྱེར་ནས་རྗེ་ཙོང་ཁ་པའི་གསུང་རྩོམ་རྣམས་ཀློག་གང་ཐུབ་བྱས་པ་ན་བོད་སྔ་རབས་པ་དང་ཕྱི་རབས་པ་གང་ཞིག་འགྲིག་མིན་དང་གང་ཞིག་ནོར་མིན་ནི་ངས་བརྗོད་མི་ཤེས་ཀྱང་། མ་མཐར་ཡང་བོད་ཀྱི་མཁས་པ་རྣམས་ཀྱི་ཁྲོད་དུ་ཙོང་ཁ་པ་ལས་མཁས་ཉམས་ཆེ་བ་ཞིག་མེད་པའི་ཚོར་སྣང་སྐྱེས། ངས་ཐོག་མར་རྗེ་ཙོང་ཁ་པ་དང་འབྲེལ་བའི་རྣམ་ཐར་རྣམས་ལྟ་སྐབས་ཙོང་ཁ་པ་ལ་ཡང་སྐྱོན་ཞིག་རག་ན་དགེ་ལུགས་པ་འདི་དག་གི་ང་རྒྱལ་འཇོམས་པ་ལ་ཕན་དྲན་ནས་ལྟ་མྱོང་ཡང་། རིམ་པས་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཆོས་བྱུང་སོགས་ཀློག་རིམ་བཞིན་དུ་ངས་རྗེ་ཙོང་ཁ་པ་ལ་སྐྱོན་ཆ་རྙེད་པའི་ཚབ་ལ་ཡོན་ཏན་ཇེ་མང་དུ་མཐོང་ནས་སེམས་གཏིང་ནས་གུས་བརྩི་ཇེ་ཆེར་གྱུར།

ངས་སྐབས་རེ་གལ་སྲིད་རྗེ་རིན་པོ་ཆེ་ད་དུང་བཞུགས་ཡོད་ཅིང་། ཁོང་གིས་དཔེ་ཁྲིད་གནང་གི་ཡོད་ན་ང་རང་ཁོང་གི་འཛིན་གྲྭར་ཉིན་ལྟར་ཆད་མེད་དུ་འགྲོ་ཞིང་། ད་དུང་ཁོང་གི་སྐུ་གམ་དང་ཉེ་སར་བསྡད་ནས་ཁོང་གིས་གང་གསུངས་པ་ལ་དོ་སྣང་ཆེན་པོས་ཉན་ཅིང་། ག་ཚོད་ཐུབ་ཐུབ་མཆན་དང་ཟིན་བྲིས་འགོད་རྒྱུ་བྱུང་ན་ཅི་མ་རུང་སྙམ་མྱོང་ཡོད་ལ། སྐབས་དང་སྐབས་སུ་ཁོང་གིས་ང་ཡི་ཕྱོགས་སུ་གཟིགས་བཞིན་དུ་གནད་འགག་ཅན་གྱི་གསུང་རེ་བྱུང་ན་ཅི་འདྲའི་སྐལ་པ་བཟང་བ་ལ་ཨང་སྙམ་མྱོང་ཡོད། འོན་ཀྱང་ད་དུང་ངས་ཁོང་གི་ལྟ་བ་ལ་མོས་མཐུན་དེ་ཙམ་མེད་པ་ལ་དེ་རྗེས་ངས་ལོ་ཤས་གོང་དུ་དབུ་མ་དང་འབྲེལ་བའི་དཔྱད་རྩོམ་རྒྱས་ཙམ་ཞིག་འབྲི་རྒྱུ་བྱུང་བ་ལ། སྐབས་དེར་ང་རང་ལ་ལྟ་ཚུལ་དམིགས་བསལ་བ་ཞིག་བྱུང་བ་ནི། སློབ་དཔོན་ཟླ་བ་གྲགས་པའི་བཞེད་པ་དང་། ཟླ་གྲགས་ཀྱི་རྗེས་སུ་བྱུང་བའི་དབུ་མའི་སློབ་དཔོན་རྣམས་ཀྱི་བཞེད་པ་ཅུང་མི་འདྲ་བ་དང་། ད་ལྟ་བོད་ལ་སྔ་རབས་པ་ཞེས་གྲགས་པ་ནི་རྒྱ་གར་དུ་དུས་རབས་བཅུ་པ་དང་བཅུ་གཅིག་པའི་ཡས་མས་སུ་དར་ཁྱབ་ཆེ་བའི་དབུ་མའི་ལྟ་གྲུབ་ཅིག་ཡིན་པ་དང་། རྗེ་རིན་པོ་ཆེས་ནི་ལྟ་གྲུབ་དེ་མི་འཐད་པར་གཟིགས་ནས་ཟླ་གྲགས་རང་གི་ལྟ་དགོངས་གཞིར་བཟུང་བྱས་ནས་རང་ལུགས་ཀྱི་དབུ་མའི་གྲུབ་མཐའ་འཆད་སྤེལ་གནང་བར་མཐོང་།

དེར་བརྟེན་སྤྱིར་དབུ་མའི་ལྟ་གྲུབ་གང་ཞིག་འགྲིག་མིན་ནི་ང་ལྟ་བུས་བརྗོད་ག་ལ་ཐུབ་ཀྱང་ཟླ་གྲགས་རང་གི་གསུང་གཞིར་བཞག་བྱས་ན་རྗེ་རིན་པོ་ཆེས་གསུངས་པ་ཉིད་འཐད་ཆེ་ཤོས་སུ་མཐོང་ཞིང་། ད་དུང་ལྟ་གྲུབ་དེ་ནི་བོད་སྔ་རབས་པའི་འདོད་པ་སྟེ་ཡོད་མིན་མེད་མིན་གྱི་ལྟ་གྲུབ་ལས་རྒྱུ་མཚན་ཆེ་ཞིང་། ལས་དང་པོ་པ་རྣམས་ལ་འགྲེལ་བརྗོད་སྟབས་བདེ་བ་སོགས་ཀྱིས་དྲང་པོ་བཤད་ན་ང་ནི་ད་ལྟའི་ཆར་དབུ་མའི་ལྟ་གྲུབ་ཀྱི་ཐད་ནས་རྗེ་ཙོང་ཁ་པའི་ལྟ་བ་ཤུགས་ཆེ་ཙམ་འཛིན་མཁན་ཞིག་ཡིན། འདི་ལྟར་བཤད་པས་བཀའ་བརྒྱུད་པའི་ཞེན་ཁོག་ཆེ་བ་ཁ་ཤས་ཀྱིས་ང་ནི་མགོ་གཉིས་མའམ། མ་མཐར་ཡང་ང་ལ་མགོ་སླ་དྲགས་པའི་སྐྱོན་མཐོང་ངེས་ཀྱང་། ངས་འདིའི་ཐད་ལ་ལོ་མང་པོའི་རིང་རང་སྟོབས་ཀྱི་དཔྱད་པ་གང་དྲག་བྱས་པ་ལ་་གྲུབ་དོན་འདི་འདྲ་ཞིག་བྱུང་བ་ལ། བཀའ་བརྒྱུད་པ་མང་པོ་ཞིག་ནི་བླ་མས་གང་གསུངས་ལས་རང་ཉིད་ཀྱི་བསམ་བློ་བཏང་ནས་རྒྱུ་མཚན་གྱི་དཔྱད་པ་སྤྱིར་བྱེད་སྲོལ་མེད་ཅིང་། བྱས་ཀྱང་རང་གི་བླ་མས་གསུངས་པ་དང་མཐུན་ན་མ་གཏོགས་རང་གིས་རང་ལ་ཡིད་མི་ཆེས་མཁན་ཡིན་པ་ལ། ང་ནི་དེ་འདྲ་མིན་པར་རང་ཉིད་ཀྱིས་རིག་པས་དཔྱད་པའི་གྲུབ་དོན་ལ་མ་མཐར་ཡང་གནས་སྐབས་ཡིད་ཆེས་མཁན་ཡིན་པས་འདི་ལ་ཐབས་ཤེས་མི་འདུག་ལ། ཐབས་ཤེས་དགོས་པ་ཡང་མེད།

ངས་ད་དུང་ལོ་འདིར་རྗེ་རིན་པོ་ཆེའི་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ཞུ་བ་དང་། རིམ་ལྔ་གསལ་སྒྲོན་གྱི་སྒྲ་སྡུད་ཉན་པ་སོགས་ཀྱིས་རྗེ་རིན་པོ་ཆེའི་གསང་སྔགས་ཀྱི་གསུང་རྩོམ་ཁག་ལ་ཡང་མཇལ་གང་ཐུབ་བྱས་པ་ན་མ་མཐར་ཡང་གསང་སྔགས་ཀྱི་གཞུང་རྣམས་སྐྱབས་སུ་མཆི་ཞེས་བླ་མ་གོང་མ་རྣམས་ཀྱིས་གང་གསུང་ལ་ཡིད་ཆེས་པས་མི་འགྲིག་པར་བཀའ་བསྟན་རྣམས་དཔང་པོར་བཞག་ནས་རང་སྟོབས་ཀྱི་དཔྱད་པ་རེ་བྱ་རྒྱུ་གལ་ཆེ་བའི་ངེས་ཤེས་ཀྱང་སྐྱེས། ལར་ནས་དགེ་ལྡན་པ་ཁ་ཤས་ཀྱིས་གསང་སྔགས་ཀྱི་སྐོར་ལ་བརྟགས་གསལ་གཏོང་བ་སོགས་བཀའ་བརྒྱུད་པ་རྣམས་ཀྱིས་མཐོང་ཐོས་བྱུང་ན་ཧང་སང་པར་བྱེད་ན་ཡང་། ཕྱོགས་གཅིག་ནས་བསམས་ན་བཀའ་བརྒྱུད་པ་མང་པོས་ཞི་གནས་ཀྱི་བདེ་བ་ཙམ་ལ་བླ་མེད་ཀྱི་སྐབས་ནས་བསྟན་པའི་བདེ་ཆེན་དུ་ངོས་འཛིན་པ་དང་། མདོ་ནས་ཆོས་ཐམས་ཅད་སྒྱུ་མ་ལྟར་གསུངས་པ་དང་གསང་སྔགས་བླ་མེད་ནས་བསྟན་པའི་སྒྱུ་ལུས་གཉིས་དོན་གཅིག་ཏུ་ངོས་འཛིན་པ་དང་། སེམས་མ་བཅོས་པར་འཇོག་པ་ཙམ་ལ་གསང་སྔགས་བླ་མེད་ནས་བསྟན་པའི་འོད་གསལ་ལ་ངོས་འཛིན་པ་སོགས་ནི་མདོ་སྔགས་ཀྱི་གཞི་རྩའི་ཁྱད་པར་གང་དང་གང་ནས་ཐུག་ཙམ་ཡང་ཤེས་ཀྱི་མེད་པའི་རྣམ་པ་གསལ་པོར་སྟོན་བཞིན་པ་དེས་གསང་སྔགས་ལ་སྦྱངས་པ་ཚད་ལྡན་བྱེད་མྱོང་མཁན་ཞིག་གི་ངོས་ནས་བཤད་ན་དངོས་གནས་སྐྱོ་དགོས་པའི་གནས་ཅི་ལ་མིན་སྙམ།

རྒྱུ་མཚན་དེ་དག་གིས་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་པ་བཞིན་ང་ལ་ཡང་རྗེ་ཙོང་ཁ་པ་ནི་རྒྱལ་བའི་གསུང་རབ་ལ་ལྟ་བར་རྣམ་དཔྱོད་ཀྱི་བློ་སྒོ་འབྱེད་མཁན་གལ་ཆེ་ཤོས་ཤིག་ཡིན་ལ། ངས་ནམ་རྒྱུན་རྗེ་ཙོང་ཁ་པ་ནི་ཁོང་གི་སྔོན་དུ་བྱོན་པའི་བོད་ཀྱི་མཁས་པ་རྣམས་ཀྱིས་གང་གསུང་མིན་ལ་མ་ལྟོས་པར་རང་སྟོབས་ཀྱིས་དཔྱད་པ་མཛད་མཁན་ཡིན་པས་ན་སྔོན་ཐོན་གྱི་མཁས་པ་ཡིན་པར་ངོས་འཛིན་གྱི་ཡོད་ལ། དེ་ཕྱིན་གྱི་དགེ་ལུགས་པའི་མཁས་པ་འགའ་ནི་རྗེ་ཙོང་ཁ་པས་མ་གསུངས་པ་ཞིག་བཤད་ན་དེ་དག་གིས་བདུད་ཀྱི་ཆོ་འཕྲུལ་དུ་ངོས་འཛིན་པས་ན་རྗེས་ལུས་ཀྱི་མཁས་པར་ངོས་འཛིན་གྱི་ཡོད། དེས་ན་ང་ནི་རྗེ་ཙོང་ཁ་པར་མོས་ཀྱང་དགེ་ལྡན་པའི་མཁས་པ་གཞན་རྣམས་ལ་ཚོར་བ་དེ་ཙམ་མེད་པས་ཕྱོགས་གཅིག་ནས་ང་རང་དགེ་ལུགས་པ་མིན་ཀྱང་རྗེ་ཙོང་ཁ་པའི་རྗེས་འཇུག་ཡིན་པའི་འདུ་ཤེས་ཡོད་ལ། ཕྱོགས་གཅིག་ནས་རྗེ་ཙོང་ཁ་པའི་བསྟན་པའི་སྙིང་པོ་ནི་གསང་བ་འདུས་པ་དང་། དེ་ཡང་རིམ་ལྔ། རིམ་ལྔའི་ཁུངས་ཀྱང་གཙོ་བོ་ལྷོ་བྲག་མར་པ་ལ་མཛད་པ་ཡོངས་གྲགས་ཡིན་པ་བཞིན་དོན་དུ་རྗེ་ཙོང་ཁ་པ་ཡང་བཀའ་བརྒྱུད་པ་དང་། དེ་ཡང་མར་པ་བཀའ་བརྒྱུད་པར་ངོས་འཛིན་གྱི་ཡོད་པ་ལས་རྗེ་ཙོང་ཁ་པར་དད་གུས་ཡིད་ཆེས་བྱས་པ་ཙམ་གྱིས་བཀའ་བརྒྱུད་པའི་གྲལ་ནས་བུད་འགྲོ་བའི་སེམས་ཁྲལ་དེ་ང་ལ་མེད།

འོན་ཀྱང་ངས་བསམས་ན་གལ་ཆེ་ཤོས་ནི་ཆོས་བརྒྱུད་དང་གྲུབ་མཐའ་བྱེ་བྲག་པ་ཞིག་འཛིན་རྒྱུ་དེ་མ་ཡིན་པར་ཡང་དག་པའི་ལམ་ཞིག་རྙེད་དགོས་རྒྱུ་དེ་རེད་དྲན་ལ། དེ་རྙེད་པར་ནོར་ན་སངས་རྒྱས་ཀྱང་གཡུག་དགོས་པ་རེད་ལ། འགྲིག་ན་ལྷས་སྦྱིན་ཀྱང་ལེན་དགོས་པ་ལས། གང་ཡང་རུང་བ་གཅིག་གི་ཕྱོགས་འཛིན་རྒྱུ་དང་བློ་གཟུ་བོས་གནས་ལུགས་འཚོལ་རྒྱུ་གཉིས་གཞི་གཅིག་གི་ཐོག་ཏུ་ཡོང་བ་ནི་སྲིད་པ་ཙམ་ཡིན་པ་འདྲ། ང་ཡང་ལས་དབང་གིས་བཀའ་བརྒྱུད་པའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བས་ན་སྐྱེ་བ་འདིར་ཞབས་ཕྱི་གང་ནུས་བཀའ་བརྒྱུད་ཀྱི་བསྟན་པ་འདི་ལ་ཞུ་བའི་རེ་བ་ཡོད་ཀྱང་། ད་ལྟའི་ཆར་གནས་ལུགས་འཚོལ་བ་ན་ངས་སངས་རྒྱས་ཀྱང་དཔྱད་གཞིར་བཞག་ནས་དཔྱད་པ་བྱེད་ཀྱི་ཡོད་ན་དེའི་རྗེས་འཇུག་རྣམས་བཤད་ཅི་དགོས། སྤྱིར་ང་ལ་མཚོན་ན་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེ་ནི་ང་རང་སངས་རྒྱས་ཀྱི་བསྟན་པ་འདིར་ཞུགས་པ་ལ་ཡིད་ཆེས་པ་ཙམ་གྱིས་མི་འགྲིག་པར་དེ་གང་འདྲ་ཞིག་ཡིན་ཤེས་དགོས་པ་གལ་ཆེ་ཚུལ་སློབ་མཁན་དེ་ཡིན་ལ། རྗེ་ཙོང་ཁ་པ་ནི་ཤེས་པ་ཙམ་མིན་པར་དེ་ལ་རང་སྟོབས་ཀྱིས་དཔྱད་པ་ཡང་ཡང་བྱ་དགོས་པར་སློབ་མཁན་གཙོ་བོ་ཞིག་ཡིན།

རྒྱུ་མཚན་དེས་ང་ལ་མཚོན་ན་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་གཉིས་ནི་བརྒྱུད་པའི་བླ་མ་གལ་ཆེ་ཤོས་དང་བཀའ་དྲིན་ཆེ་ཤོས་གཉིས་ཡིན་པས་དེ་དག་གི་རྗེས་དྲན་ནི་དེ་རིང་ཙམ་མིན་པར་ཉིན་རེའི་འཚོ་བའི་ནང་དུ་རྣམ་པ་ཀུན་ཏུ་འབྱུང་བཞིན་པ་ཞིག་གོ། དེས་ན་ངས་རྗེ་ཙོང་ཁ་པར་ཡོད་པའི་ལྟ་བ་ནི་གང་ཟག་གང་ཡང་རུང་བ་དང་། ཁོར་ཡུག་གང་ཡང་རུང་བས་ཤུགས་རྐྱེན་ཐེབས་པ་མིན་པར་འཇོན་ཀྱང་འདྲ། མ་འཇོན་ཀྱང་འདྲ། ནོར་ཡང་རུང་མ་ནོར་ཡང་རུང་། ང་རང་རང་གིས་རིགས་པ་བཏང་། ང་རང་རང་གིས་དཔྱད་པ་བྱས་ནས་བསམ་བློའི་འཕོ་འགྱུར་འདི་དག་བྱུང་བས་ན་དྲང་པོ་བཤད་ན་འདི་ལ་ང་རང་དུས་རྒྱུན་སྤོབས་པ་བྱེད་ཀྱི་ཡོད་ལ། འདི་ལས་ངས་གནད་ཡོད་ཀྱི་མི་སྣ་སུ་ཞིག་ལ་རྒྱུས་ལོན་བྱ་དགོས་ཀྱང་ཁོར་ཡུག་དང་ཡོངས་གྲགས་ཀྱི་དབང་དུ་མ་སོང་བར་བློ་གཟུ་བོར་གནས་པའི་སྒོ་ནས་རང་སྟོབས་ཀྱིས་དཔྱད་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བའི་ཉམས་མྱོང་ཡང་བྱུང་། དེས་ན་ཉམས་མྱོང་དང་ཚོར་སྣང་དེ་དག་ཐེངས་འདིར་རྗེ་ཙོང་ཁ་པ་སྐུ་གཤེགས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་ཉིན་མོར་འཛེམས་ཟོན་དང་བཅོས་སླད་སོགས་མེད་པར་ཐད་ཀར་ཡིག་ཐོག་ཏུ་ཕབ་པ་ལས་བརྟེན་ནས་རྗེས་དྲན་གྱི་རྩོམ་ཐུང་འདི་གྲུབ་པའོ།།