རྒྱུད་ལས།
ལྷ་སྐུ་འབུམ་ཕྲག་སྒོམ་པ་ལས།།
བླ་མ་སྐད་ཅིག་དྲན་པ་མཆོག།
བཟླས་བརྗོད་ས་ཡ་བྱེ་བ་ལས།།
བླ་མའི་གསོལ་འདེབས་ལན་གཅིག་མཆོག།
ཅེས་དང་།
དུས་འཁོར་རྩ་རྒྱུད་ལས།
བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག།
ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན།།
བསྐལ་པར་བསགས་པའི་སྡིག་པ་རབ་བཅོམ་ནས།།
ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར།།
སྟོང་གསུམ་སྐྱེ་བོའི་མིག་བྲལ་སྲོག་ཉམས་ལ།།
མིག་དང་སྲོག་སྦྱིན་པས་ཀྱང་དཔེར་མི་ཕོད།།
ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས།
འདས་པའི་ལོ་ཟླ་ཚེས་གྲངས་ལ།།
མ་ནོར་བ་ནི་བརྩིས་བྱས་ནས།།
མཆོད་པའི་རྣམ་པ་སུས་བྱས་པ།།
ཚོགས་གཉིས་རབ་ཏུ་རྫོགས་པར་འགྱུར།།
ཆོས་རྗེ་བླ་མའི་ཚེ་རབས་རྗེས་འཛིན།
དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀུན།།
རང་ངོར་བཤེས་གཉེན་མཆོག་གི་སྐུར་སྣང་བ།།
བཀའ་དྲིན་མཚུངས་བྲལ་ཡོན་ཏན་རྒྱ་མཚོའི་གཏེར།།
ཡིད་བཞིན་ནོར་བུ་ཁྱེད་ལ་གསོལ་བ་འདེབས།།
ཁྱེད་ཀྱིས་འགྲོ་འདུལ་ཐབས་མཁས་སྤྱོད་པ་ནི།།
རྣམ་པ་སྣ་ཚོགས་ཇི་ལྟར་བསྟན་བྱས་ཀྱང༌།།
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་བར།།
ཇི་མཛད་ལེགས་པར་མཐོང་བར་བྱིན་གྱིས་རློབས།།
གང་གིས་བརྩེ་བར་གདམས་པའི་གསུང་བཟང་ལས།།
ཚིག་ཟུར་ཙམ་ཡང་འགོངས་པར་མི་བྱེད་ཅིང༌།།
བུམ་པ་གང་བྱོའི་ཚུལ་གྱིས་བྱིན་རླབས་ཀུན།།
མ་ལུས་བདག་གི་རྒྱུད་ལ་འཕོ་བར་ཤོག།
མགོན་ཁྱོད་དག་དང་མ་དག་ཞིང་རྣམས་སུ།།
སྣ་ཚོགས་སྤྲུལ་བའི་རོལ་གར་ངོམ་པའི་ཚེ།།
བདག་ཀྱང་ཁྱོད་ཀྱི་ཞབས་འབྲང་མཆོག་གྱུར་ནས།།
བྱང་ཆུབ་སྤྱོད་ལ་མཉམ་དུ་འཇུག་པར་ཤོག།
ནམ་ཞིག་རང་སྣང་དག་པའི་ཞིང་མཆོག་ཏུ།།
རྗེ་ཁྱོད་མངོན་འཚང་རྒྱ་བའི་ཚུལ་སྟོན་ཚེ།།
བདག་ཀྱང་འདུས་པ་དང་པོའི་གྲལ་འཁོད་དེ།།
འཕྲིན་ལས་སྤེལ་བའི་བྱེད་པོ་མཆོག་ཏུ་སྨོན།།
མདོར་ན་ད་ནས་སྐྱེ་བ་ཐམས་ཅད་དུ།།
སྐྱབས་གཅིག་དམ་པ་ཁྱེད་དང་མི་འབྲལ་ཞིང༌།།
བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོ་རུ།།
གྱུར་ནས་འགྲོ་ཁམས་དོང་ནས་སྤྲུག་པར་ཤོག།
ཚེ་གང་འགྲོགས་པའི་བུ་མཆོག་རིག་གྲོལ་གྱིས།།ཚེ་གཅིག་ཉམས་སུ་ལེན་པའི་ཆོས་སྐལ་དུ།།ཚེ་རབས་རྗེས་འཛིན་སྨོན་ལམ་འབྲི་དགོས་ཞེས།།ཚེ་མཐར་འཁྱོལ་བའི་རྒན་བུར་བསྐུལ་བྱས་ཀྱང༌།།རབ་བརྗིད་ཤ་ཡི་སྡེར་ཁ་དཔངས་མཐོ་ཞིང༌།།རབ་དཀར་ཚིལ་གྱི་ཐིགས་པ་འབུམ་དུ་བརྡལ།།རབ་མཛེས་རྒྱན་གྱིས་ལེགས་པར་བཀླུབས་བྱས་ན།།རབ་སྙན་གཏམ་ལ་ཟད་མཐའ་མེད་མོད་ཀྱང༌།།བཅུད་མེད་ཟས་མང་ཕོ་བའི་གཤེད་དུ་གྱུར།།གོས་མེད་ལྷགས་པས་སོར་མོ་དམ་པོར་འཁྱུད།།བཤེས་མེད་ས་མཐར་འཁྱམས་པས་ཡིད་སྐྱོ་ནས།།སྔོན་མེད་སྨྲ་བ་མང་པོ་བཞག་ན་སྙམ།།ཞེས་གྲང་ངར་གྱིས་ཧ་ཅང་གདུངས་ནས་སོར་མོ་རྣམས་ཀྱང་གུམ་གུམ་པོར་གྱུར་ཚེ་ངག་དབང་བློ་གྲོས་མཚུངས་མེད་པས་བྲིས་པའོ།།